Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡུ་ཐོག་སྙིང་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་འོད་ཀྱི་གསོལ་འདེབས།
   
   
   


 
previousགཡུ་ཐོག་སྙིང་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་འོད་ཀྱི་གསོལ་འདེབས།next

གཡུ་ཐོག་སྙིང་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་འོད་ཀྱི་གསོལ་འདེབས།


CMR016_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཐོག་སྙིང་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་འོད་ཀྱི་གསོལ་འདེབས་བཞུགས་སོ།།


CMR016_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་བྷེ་ཥ་ཛེ༔ འདི་ནས་ཤར་གྱི་ཕྱོགས་རོལ་ན༔ བཻཌཱུརྨ་སྣང་ཞིང་ཁམས་ན༔ བཞུགས་པའི་བཅོམ་ལྡན་སྨན་གྱི་བླ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ ལྟ་ན་སྡུག་གི་ཕོ་བྲང་ན༔ ཤཱཀ་ཐུབ་བཅོམ་ལྡན་སྨན་གྱི་བླ༔ རིག་པའི་ཡེ་ཤེས་ཡིད་ལས་སྐྱེས༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ གངས་ཅན་བོད་ཀྱི་ཞིང་ཁམས་ན༔ སྤྱན་རས་གཟིགས་དང་དབྱེར་མེད་པའི༔ གཡུ་ཐོག་མགོན་པོ་སྨན་གྱི་བླ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བདུད་རྩི་སྨན་གྱི་རིག་འཛིན་མཆོག༔ གསོ་རིག་བསྟན་པ་རྒྱས་


CMR016_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ༔ ཟུར་མཁར་ཆོས་རྗེ་གོང་འོག་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བླ་མ་སྨན་རྒྱལ་རིགས་ལྔ་དང་༔ ཡི་དམ་རྟ་ཕག་གཙོ་དང་འཁོརཿ ཆོས་སྐྱོང་དམ་ཅན་སྡེ་དགུ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་སྩོལ༔ བདག་དང་བདག་ལ་འབྲེལ་ཐོགས་རྣམས༔ ནད་རིགས་ཐམས་ཅད་ཞི་བ་དང་༔ བྱང་ཆུབ་སེམས་གཉིས་འབྱོངས་བ་དང་༔ བྱང་ཆུབ་ཐོབ་པར་མཛད་དུ་གསོལ༔ ཞེས་པ་འདི་གཡུ་ཐོག་ལུགས་ཀྱི་བླ་སྒྲུབ་ཞག་བདུན་བྱས་སྐབས་རྨི་ལམ་དུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཐུགས་ཤིན་ཏུ་དགྱེས་ཤིང་དབང་སྒྲུབ་མཛད་པའི་དབང་གྲལ་དུ་ཁོ་བོ་བཙུད་པ་དང་བཀའ་


CMR016_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་མང་དུ་གནང་། ནམ་མཁའ་བར་སྣང་ཐམས་ཅད་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གིས་གང་བ་ཡིན་སྙམ་ཡང་། སྐུ་ཇི་བཞིན་ནི་གསལ་བར་མ་མཐོང་སྟེ། ཞི་བའི་ཞལ་གསུམ་དཀར་པོ་ཞི་ཞིང་འཛུམ་པ་ཁོ་ནས་ནམ་མཁའ་བར་སྣང་ཐམས་ཅད་གང་སྟེ་བདག་ལ་འཛུམ་ཞིང་སྤྱན་གྱིས་གཟིགས་པ་ཞིག་རྨིས། གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ་ཨ་རུ་ར་གསེར་མདོག་རློན་པ་ལོ་མ་དང་བཅས་པ་མི་མགོ་ཙམ་ཞིག་གཏད་བྱུང་བ་དང་། གཞན་བཀའ་སྲུང་དམ་ཅན་སྡེ་དགུའི་རྨིས་ལྟས་མང་དུ་བྱུང་ཕྱིར། རཱ་ག་ཨ་སྱས་བྲིས་པའོ། །༄༅། །།གཡུ་ཐོག་སྨན་གྱི་བླ་མའི་རྣམ་ཐར་དགོངས་པ་ཡང་ཟབ་ལས། བླ་སྒྲུབ་སྤྱིའི་སྔགས་དམིགས་གསུངས་པ་རཱ་ག་ཨ་སྱས་བསྒྲིགས་པ་བཞུགས། །གཡུ་ཐོག་པའི་སྔགས་འབུམ་དགོངས་པ་ཡང་ཟབ་ལས་ཚེ་ཡི་བར་ཆད་བསྲུང་བ་ལ་རང་ཉིད་སྤྱན་རིས་གཟིགས་ལྟ་བུ་ཡི་དམ་གང་གསལ་བ་ཞིག་སྒོམ་ཞེས་གསུངས་པའི་དོན། རང་ཉིད་ཐ་མལ་པའམ་ཡི་དམ་དུ་གསལ་བའི། སྤྱི་གཙུག་ཏུ་པདྨ་ཆེན་པོ་འདབ་མ་བཞི་པའི་ལྟེ་བར། གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། དར་དཀར་པོའི་ན་བཟའ་ལ་གཟན་མཆིན་ཁའི་སྐུ་རེགས་ཅན་དབུ་སྐྲ་ལྕང་ལོ་སིལ་བུ། ཕྱག་གཡས་ཨ་རུ་ར་གསེར་མདོག་རློན་པ་ལོ་འབྲས་མེ་ཏོག་དང་བཅས་པ། གཡོན་པས་རིན་པོ་ཆེའི་བུམ་པའི་ནང་དུ་ཚེ་དཔག་མེད་


CMR016_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། གུར་གུམ་གྱི་ཁ་རྒྱན་དང་བཅས་པ་བསྣམས་པ། དེའི་སྐུ་ཡི་གནས་ལྔར་སངས་རྒྱས་སྨན་གྱི་བླ་དཀར་དམར་མཐིང་སེར་ལྗང་གུ་ལྔ། པདྨའི་འདབ་མ་བཞི་ལ་སྨན་གྱི་ལྷ་མོ་མཆེད་བཞིའི་མདུན་དུ་ལྷ་མོ་དཀར་མོ་རིག་འཛིན་པི་ཝཾ་བསྒྱུར་བ། རྒྱབ་ཏུ་དམར་མོ་མི་རྐང་གི་གླིང་བུ་བསྒྱུར་བ། གཡས་སུ་སེར་མོ་བྱ་རྒོད་ཀྱི་རྐང་གླིང་བསྒྱུར་བ། གཡོན་དུ་ལྗང་མོ་དངུལ་དཀར་གྱི་མེ་ལོང་ཐོགས་པ། མཆན། འདོད་ཡོན་མཆོད་པའི་འོད་ཟེར་གྱི་དྲ་བ་ཀུན་ནས་འཁྲིགས་པ། དེ་དག་གི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེ་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཐིམ་པར་གྱུར། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་ལ་ཕྱག་འཚལ་ལོ། །བདག་ལ་ཚེ་དང་ཡོན་ཏན་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། ཅེས་ལན་གསུམ། གསོལ་བ་བཏབ་པས། དེ་དག་གི་སྐུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས། རྟེན་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞི་ཡི་བཅུད་ནུས་པ་ཇི་སྙེད་ཡོད་པ་ཐམས་ཅད་འོད་ཟེར་ལྔ་ལྡན་གྱི་བདུད་རྩིར་བཀུག །དེ་བཞིན་དུ་རང་གི་བླ་ཚེ་ཉམས་པ་དང་འཐོར་བ་དང་། འབྱུང་པོ་སྡེ་བརྒྱད་ཀྱིས་


CMR016_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བརྐུས་པ་དང་། འཕྲོག་པ་ཐམས་ཅད་དང་། ལྷ་དང་མི་ལ་སོགས་པའི་འགྲོ་བ་རིགས་དྲུག་མཆོག་དམན་བར་མའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན། མཁྱེན་བརྩེའི་ཕྲིན་ལས་ནུས་མཐུ་ཐམས་ཅད་འོད་ཟེར་ལྔ་ལྡན་གྱི་བདུད་རྩིར་བཀུག །གཙོ་འཁོར་རྣམས་ཀྱི་སྐུ་དང་ཚེའི་བུམ་ནང་དུ་བསྟིམས་པར་གྱུར། ཨོཾ་ཨཱཿཧཱུྃ་གུ་རུ་གུ་ཎ་ནཱ་ཐ་བཛྲ་སཏཱ་དྷརྨཱ་ཀཱ་ཡ་ཨཱ་ཡུཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཅི་འགྲུབ་བཟླས་པས། ཚེ་བུམ་ནང་ནས་བདུད་རྩི་འཕྱུར་ཞིང་སྐུའི་ཆ་ཐམས་ཅད་ནས་ནད་སེལ་བའི་འཆི་མེད་སྨན་གྱི་བདུད་རྩི་བབ། ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་ནས་འདུ་བ་རྣམ་བཞིའི་ནད་ཐམས་ཅད་སངས་སེ་དག །ལུས་འཆི་མེད་རྡོ་རྗེའི་སྐུར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་མཐར། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་ལ་ཕྱག་འཚལ་ལོ། །བདག་ལ་ཚེ་དང་ཡོན་ཏན་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། གསོལ་འདེབས་ལན་གསུམ་བྱས་པས། བཅོམ་ལྡན་བླ་མ་དམ་པ་སྨན་གྱི་ལྷ་མོ་མཆེད་བཞིའི་མཐུས་བདག་གིས་


CMR016_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཚད་མངོན་ཤེས་སུ་གྱུར་ཅིག །སྦྱར་ཚད་སྨན་དུ་གྱུར་ཅིག །བཏང་ཚད་ཕན་པར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཉི་ཟླ་ལྟ་བུར་གྱུར་ཅིག །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། གཙོ་འཁོར་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་སངས་རྒྱས་གསུམ་དབྱེར་མེད་པའི་དོན་དམ་པའི་བདེན་པ་མངོན་དུ་གྱུར། ཞེས་མཉམ་པར་བཞག་ལ། འདི་ནངས་རེ་བཞིན་མ་ཆག་པར་བྱས་ན་ཚེ་ལོ་བརྒྱ་ཐུབ་པ་འགྱུར་རོ་གསུངས་སོ། །གཡུ་ཐོག་པ་ཉིད་ཀྱི་ཞལ་ནས་ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ། གུ་རུ་པདྨ། སློབ་དཔོན་དཔའ་བོ། ཕ་དམ་པ། བི་རུ་པ། སྐྱེས་བུ་མེ་ལྷ། བོད་དུ་སྲོང་བཙན་སྒམ་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན། བླ་མ་གཞན་ལ་གསོལ་བ་མི་ཚེ་གང་ལ་བཏབ་པ་བས། ཁོ་བོ་ལ་ལོ་རུ་བཏབ་པ་བྱིན་རླབས་ཆེ། གཞན་ལ་ལོ་རུ་བཏབ་པ་བས། ཁོ་བོ་ལ་ཟླ་བར། གཞན་ཟླ་བར་བཏབ་པ་བས་ཁོ་བ་ལ་ཞག་དང་ཟ་མ་དང་སྐད་ཅིག་ཐང་ཅིག་ཙམ་ལ་གསོལ་བ་བཏབ་པ་བྱིན་རླབས་མྱུར་བའོ། །དེ་བདེན་པར་མི་གདའ་ན་ནི་ཁོ་བོའི་སེམས་ཅན་བསླུས་པ་ཡིན་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་རྡོག་པ་བཞིན་དུ་ཚལ་པར་ཁོས་ཤིག་གསུངས། དེ་ཨེ་བདེན་ལྟ་བའི་ཕྱིར་སྨན་གྱི་བླ་ཞག་བདུན་བསྒྲུབས་


CMR016_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་ཚེ་ཉམས་རྨི་ལམ་གྱི་མཚམས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུ་ནི་མི་མཐོང་བར་དེའི་ཞལ་ཁོ་ནས་ནམ་མཁའ་གང་བ་དང་། ཨ་རུ་ར་གསེར་མདོག་རློན་པ་རྟ་ཡི་མགོ་ཙམ་ལོ་མ་དང་བཅས་པ་གཏད་བྱུང་བ་སོགས་རྟགས་མཚན་བཟང་པོ་བྱུང་བས་ཡིད་ཀྱང་ཆེས། རང་གི་རྒྱུན་དུ་ཉམས་ལེན་ཐུན་རེར་བྱ་ཕྱིར་རྣམ་ཐར་དང་དགོངས་པ་ཡང་ཟབ་ནས། བླ་སྒྲུབ་སྤྱིའི་སྔགས་དམིགས་གསུངས་པ་རྣམས་བསྒྲིགས་པས་ཡི་གེ་པ་ནི་ཉེ་གནས་ཐབས་མཁས་སོ། །འདི་སུས་ཀྱང་ཉམས་ལེན་རུང་ལ་སྨན་བླའི་དབང་དང་ཚེ་དབང་དང་རྩ་རྒྱུད་ཀྱི་ལུང་སོགས་ཐོབ་ན་ཤིན་ཏུ་ལེགས་སོ། །ཨ་རཱ་གས་སྔ་དྲོའི་ཐུན་བར་རྒྱལ་ཉའི་བཟང་པོར་བྲིས་པ་དགེ་ལེགས་འཕེལ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡུ་ཐོག་སྙིང་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་འོད་ཀྱི་གསོལ་འདེབས།next