Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་སྨན་ལྷ་དངོས་སུ་མཇལ་བའི་སྨོན་ལམ་མཐོང་གྲོལ་ཆེན་མོ།
   
   


 
previousསངས་རྒྱས་སྨན་ལྷ་དངོས་སུ་མཇལ་བའི་སྨོན་ལམ་མཐོང་གྲོལ་ཆེན་མོ།next

སངས་རྒྱས་སྨན་ལྷ་དངོས་སུ་མཇལ་བའི་སྨོན་ལམ་མཐོང་གྲོལ་ཆེན་མོ།


CMR016_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྨན་ལྷ་དངོས་སུ་མཇལ་བའི་སྨོན་ལམ་མཐོང་གྲོལ་ཆེན་པོ་བཞུགས་སོ། །ན་མོ་མ་ཧཱ་བྷེ་ཥ་ཛྷེ། བཅོམ་ལྡན་རྒྱལ་བ་བཻཌཱུརླ་ཡི་མདོག༔ མཚན་དཔེས་རབ་བརྒྱན་ཆོས་གོས་། གསུམ་གྱིས་བཀླུབས༔ པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ རྣམ་རྒྱལ་ལྷུང་བཟེད་འཛིན་ལ་ཕྱག་འཚལ་ལོ༔ གང་ཞིག་སེར་སྣའི་ལས་ཀྱིས་བཅིངས་བ་ལས༔ ཡི་དྭགས་གནས་སུ་བསྐལ་པར་གནས་གྱུར་ན༔ གང་ཞིག་ཁྱེད་ཀྱི་མཚན་ཙམ་ཐོས་པ་ཡིས༔ བཀྲེས་སྐོམ་གནས་ནས་ཐར་མཛད་རྒྱལ་ལ་བསྟོད༔ ལོག་ལྟའི་དབང་གིས་དམྱལ་བར་ལྟུང་གྱུར་ན༔ ཁྱེད་ཀྱི་མཚན་ཙམ་ཐོས་པའི་བསོད་ནམས་ཀྱིསཿ མི་སྐྱེ་ཡང་དག་ལྟ་བ་འཛིན་པར་གྱུར༔ ཡང་དག་ལམ་སྟོན་སྨན་གྱི་ལྷ་ལ་བསྟོད༔ ཕྲག་དོག་ཞེ་སྡང་དབང་གིས་དུད་འགྲོའི་ལུས༔ ཤིན་ཏུ་མནར་མེད་སྐྱེས་ན་སྡུག་བསྔལ་བས༔ ཁྱེད་ཀྱི་མཚན་ཐོས་དབང་རྣོ་མཁས་པར་སྐྱེ༔ མ་རིག་མུན་སེལ་སྨན་གྱི་ལྷ་ལ་བསྟོད༔ གཞན་གྱི་ཕྲག་དོག་དབང་གིས་རིག་སྔགས་དང༔ བྱད་སྟེམས་སྦྱོར་བས་སྲོག་དང་བྲལ་གྱུར་ལས༔ ཁྱེད་ཀྱི་མཚན་ཐོས་ཙམ་ལས་གནོད་མི་ནུས༔ བདུད་འཇོམས་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་


CMR016_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད༔ ཚུལ་ཁྲིམས་འཆལ་བས་ཁྱེད་ཀྱི་མཚན་ཐོས་ན༔ བདེ་བ་ཅན་སོགས་གང་དུ་སྨོན་པ་ཡི༔ དག་པའི་ཞིང་དུ་བརྫུས་ཏེ་སྐྱེ་གྱུར་པའི༔ ཐར་པའི་ལམ་སྟོན་ཁྱེད་ལ་ཕྱག་འཚལ་བསྟོད༔ མགོན་མེད་དབུལ་ཕོངས་ནད་ཀྱིས་ཐེབས་པ་ལ༔ ཁྱེད་ཀྱི་མཚན་ཐོས་ནད་རྣམས་རབ་ཏུ་ཞི༔ མགོན་མེད་མགོན་གྱུར་བཅོམ་ལྡན་བེཌཱུརྱ༔ སྨན་པའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་ཁྱེད་ལ་བསྟོད་པའི་བསོད་ནམས་ཀྱིས༔ བདག་ཅག་སློབ་དཔོན་འཁོར་དང་བཅས་པ་ཡི༔ འདུ་བ་རྣམ་བཞིའི་ནད་རྣམས་ཞི་བ་དང་༔ རྒྱལ་པོ་ལ་སོགས་འཇིགས་པ་ཀུན་ལས་ཐར༔ དགོས་འདོད་ཐམས་ཅད་འབད་མེད་ལྷུན་གྲུབ་ཅིང་༔ ནམ་ཞིག་འཕོས་ཚེ་བྱང་ཆུབ་སེམས་དཔའ་བརྒྱད༔ རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་བྱོན་ནས་ནི༔ ནུབ་ཕྱོགས་བདེ་བ་ཅན་དུ་ལམ་བསྟན་ཅིང་༔ པདྨའི་མཆོག་ལ་རྫུས་ཏེ་སྐྱེས་ནས་ཀྱང་༔ ཚེ་དཔག་མེད་པ་མཆོད་པས་མཉེས་པར་ཤོག༔ ཉིན་རེ་དུས་གསུམ་ཁྱེད་ལ་གསོལ་བཏབ་ན༔ སྡིག་ཆེན་ཤན་པ་ཡིན་ཀྱང་མཐོ་རིས་བགྲོད༔ བདེ་བ་ཅན་ཏུ་རྫུས་ཏེ་སྐྱེ་བར་ཤོག༔ ས་གླང་ལོ་མཆུ་ཟླའི་ཡར་ཚེས་ལྔ་ཡི་ནུབ་མོ། རྨི་ལམ་དུ་སངས་རྒྱས་སྨན་བླ་


CMR016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མཇལ་སྣང་བྱུང་སྟེ་སྐུ་ནི་ཇི་ལྟར་འདུག་ཡིད་ལ་གསལ་བར་མ་ཟིན་ཀྱང་། དད་པའི་དབང་གིས་སྐུ་ལས་འོད་ཟེར་འཕྲོས་པས། ཏིང་འཛིན་གྱི་དབང་བཞི་གསལ་བར་བླངས་བར་རྨིས་པས་སྨོན་ལམ་མཐོང་གྲོལ་བདེ་ཆེན་འདི། ༧ རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསངས་རྒྱས་སྨན་ལྷ་དངོས་སུ་མཇལ་བའི་སྨོན་ལམ་མཐོང་གྲོལ་ཆེན་མོ།next