Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་བཞིའི་བཀའ་སྲུང་ཞང་བློན་གསོལ་མཆོད།
   


 
previousརྒྱུད་བཞིའི་བཀའ་སྲུང་ཞང་བློན་གསོལ་མཆོད།next

རྒྱུད་བཞིའི་བཀའ་སྲུང་ཞང་བློན་གསོལ་མཆོད།


CMR016_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བཞིའི་བཀའ་སྲུང་ཞང་བློན་གསོལ་མཆོད་བཞུགས། རྒྱུད་བཞིའི་བཀང་སྲུང་ཞང་བློན་མཆོད་ཅིང་བསྙེན་ན་བདག་བསྐྱེད་མ་བསྡུས་གོང་དེར༔ རབ་གཏོར་མ་ཟུར་གསུམ་མར་རྒྱན་རིན་པོ་ཆེའི་དབྱིབས་ཅན་ཤ་གཙང་མས་བརྒྱན༔ མེད་ན་ཟངས་སྡེར་ནང་དུ་འབྲུ་སྣའམ་ཕྱེ་མར་རམ༔ ཤ་གཙང་མའམ༔ མར་རམ་ཐུད་དུམ་བུ་བྲན༔ མེད་ན་ཇ་ཕུད་བཤམ་ཡང་རུང་སྟེ༔ མཆོད་པ་གཅིག་ནི་ངེས་པར་དགོས་སོ༔ མདུན་དུ་རྡོ་རྗེ་བདུད་འདུལ་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་སྐུ་ལ་བེར་ནག་གསོལ༔ གཡས་གཡོན་བེང་དང་ལྕགས་པར་བསྣམས༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ ཧཱུྃ༔ འོག་མིན་དུར་ཁྲོད་ཆེན་པོ་དང་༔ རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ གཙུག་ལག་ཆོས་འཁོར་བཞུགས་གནས་ནསཿ ཞང་བློན་འཁོར་བཅས་སྤྱན་འདྲེན་ནོ༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང་༔ རང་རང་མཐུན་པའི་རྫས་ཀྱིས་བསྐང་༔ སྨན་རཀ་གཏོར་མ་འབུལ་གྱིས་བཞེས༔ ཨོཾ་མ་ཧཱ་ཀཱ་ལ་ཙིཏྟ་རཱ་ག་རཱ་ག་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་


CMR016_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་སངས་རྒྱས་བསྟན་པ་སྲུངསཿ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ ཞིང་བློན་འཁོར་བཅས་བདག་གིས་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཅེས་གནམ་ཆོས་ཀྱི་ལས་བྱང་དང་རྒྱས་པར་འདོད་ན་སྔར་གྱི་བསྟོད་རྙིང་འདིས་བསྟོད༔ ཧཱུྃ༔ གོས་སྔོན་འཆང་བ་ལག་ན་རྡོ་རྗེའི་སྲས༔ གཏེར་བདག་བྱེ་བའི་ཅོད་པན་གྱིས་བཏུད་པ༔ ཞང་བློན་བེར་ཆེན་རྡོ་རྗེ་བདུད་འདུལ་ཏེ༔ གནོད་སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་བྱ༔ འཇིག་རྟེན་འཇིག་རྟེན་འདས་པའི་ལས་རྣམས་ཀུན༔ ཐོགས་མེད་སྒྲུབ་ལ་རྫུ་འཕྲུལ་མཛད་པའི་སྐུ༔ དུས་མཐའི་ཆར་སྤྲིན་འཁྲིགས་འདྲ་ཆེར་གནག་ཅིང་༔ ཐུང་ཞིང་སྦོམ་ལ་ཡན་ལག་་རགས་པ་ཅན༔ ཁྲོས་པའི་མིག་དམར་མཆེ་གཙིགས་གད་རྒྱངས་ཅན༔ སྨིན་མ་ཨག་ཚོམ་དམར་སེར་འབར་ལ་འཁྲུགས༔ སྒྲུབ་པའི་རེ་སྐོང་ཡིད་བཞིན་ནོར་བུ་དང་༔ ལུས་ཅན་ནད་འཇོམས་བདུད་རྩིའི་བུམ་པ་འཛིན༔ སྲོག་ཞུ་རིན་ཆེན་རྒྱུན་དང་ཟ་འོག་བེར༔ གསེར་སྐྱེད་སག་ལྷམ་གསོལ་ནས་འདོར་སྟབས་ཀྱིས༔ སྲིན་མོ་རྡོ་རྗེ་ཀུན་འགྲུབ་མར་


CMR016_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནས༔ ས་གསུམ་རྣམ་པར་གནོན་ལ་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བདག་གི་འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ ཅེས་བསྟོད་ནས། རང་སྨན་བླར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ མདུན་གྱི་མགོན་པོའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་སྔགས་ཀྱི་གཡས་སུ་བསྐོར་བ་ལ་ཕོག་པས༔ སྔགས་གཡས་སུ་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རང་བཞིན་གྱི་གནས་དང་བྱང་ཕྱོགས་ལྕང་ལོ་ཐོ་ཅན་ནས་ཞང་བློན་དཔག་ཏུ་མེད་པ་སྤྱན་དྲངས་ནས་མདུན་བསྐྱེད་ལ་ཐིམ་པར་བསྒོམ་པ་ནི་བསྙེན་པ་དང་འབོད་པ། སླར་རང་གི་ཞལ་ནས་འོད་ཟེར་འཕྲོས་ཞང་བློན་གྱི་ཞལ་དུ་ཞུགས་པས་མཆོད་པར་གྱུར་ནས་ཐུགས་མཉེས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ༔ དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་ཞང་བློན་ལ་ཐིམ༔ ཞང་བློན་གྱི་བྱིན་རླབས་དངོས་གྲུབ་མཐུ་སྟོབས་


CMR016_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འོད་ལྔའི་རྣམ་པར་ཐུགས་ཀ་ནས་ཚུར་བྱུང་རང་ལ་ཐིམ་པས༔ མཐུ་སྟོབས་གཟི་བརྗིད་རྒྱས་པར་བསྒོམ་པ་ནི་སྒྲུབ་པ་སྟེ༔ ཨོཾ་མ་ཧཱ་ཀ་ལ་ཙིཏྟ་རཱ་ག་རཱ་ག་ཧཱུྃ་ཕཊ༔ ཅེས་པ་གནམ་ཆོས་ལུགས་ཀྱི་སྙིང་པོ་དང་༔ ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རུ་གེ་ཧཱུྃ་ཕཊ་སྭཱ་ཧི༔ ཞེས་བཀའ་མའི་ལུགས་ཏེ༔ སྔགས་གང་འདོད་ལ་བསྙེན་པ་ཅི་ནུས་བྱའོ༔ མཚམས་ཡིན་ན་ལས་བྱང་སོགས་ཐུན་བཞིར་བྱའོ༔ དེ་ནས་ལས་སྦྱོར་གང་འདོད་བྱ་བ་ནི༔ ཞང་བློན་སྐད་ཅིག་ལ་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུར་གྱུར་ཅིང་སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་པས༔ འཇིག་རྟེན་གྱི་བསོད་ནམས་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ་ཞིང་༔ འོད་ཟེར་གྱི་སྣ་ལས་རིན་པོ་ཆེའི་ཆར་སི་ལི་ལི་བབ་པར་བསྒོམས་ལ༔ ཨོཾ་མ་ཧཱ་ཀཱ་ལ་རཏྣ་སིདྡྷི་ཧཱུྃ༔ ཞེས་བཟླས་གཏོར་མ་བཟང་དུ་བྱས་པས་ནོར་སྒྲུབ་ལོངས་སྤྱོད་ནོར་འཕེལ་ལོ༔ ཚོང་ལེགས་པར་འདོད་ན་གསོལ་ཀ་བྱ་གཏོར་མ་ཕུལ་ནས༔ ཨོཾ་མ་ཧཱ་ཀཱ་ལ་སིདྡྷི་ཨ་ཏི་ཧ་ཏི་ཧཱུྃ་ཕཊ༔ ཅེས་མང་དུ་བཟླས་པས་ཚོང་ལེགས་སོ། །ཡང་སྐུ་མདོག་དམར་པོ་བྱི་རུ་ལྟ་བུར་གྱུར་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་གྱུར་པས་སྣང་སྲིད་དབང་དུ་བསྡུས་པར་བསྒོམ་གཏོར་མ་ཕུལ། འདོད་


CMR016_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱ་ཞིང་༔ ཨོཾ་མ་ཧཱ་ཀཱ་ལ་ལོ་ཀ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་དབང་དུ་འདུས་སོ༔ བསད་ལས་འདུག་པ་ཉེས་པར་འགྲོ་དོགས་པས་མ་བྲིས་སོ༔ ཡང་འདིའི་སྒོ་ནས་རང་གཞན་གྱི་ཚེའི་བར་ཆད་སེལ་བའི་ཚེ་ཆོག་ནི༔ བུམ་པ་ལ་རྒྱན་དང་བཅས་པའི་ནང་དུ་ཆང་ངམ་ཇ་སོགས་བུམ་ཆུ་དང་བུམ་རྫས་བཏབ་པ་དང་༔ གཏོར་མ་ཚེ་བུམ་གྱི་གཟུགས་ཚེ་རིལ་གྱིས་བསྐོར་བ༔ ཚེ་མདའ་རྒོད་སྒྲོ་དར་སྣ་བཏགས་པ་བཤམས༔ རོང་སྨན་བླར་བསྒོམ༔ བུམ་པ་རིན་པོ་ཆེ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཞང་བློན་གོང་ལྟར་བསྒོམས་ལ་ལས་བྱང་བཏང་སྟེ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བུམ་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེའི་དངོས་གྲུབ་འབྱུང་བ་ལྔ་དང་ཉི་ཟླ་ནོར་བུའི་བཅུད༔ ལྷ་ཀླུ་མིའི་ཚེ་བསོད་ནམས་འོད་ཟེར་གྱི་རྣམ་པར་བསྡུས་ནསཿ རང་དང་བསྲུང་བྱ་དང་བུམ་ཆུ་ཚེ་རིལ་ལ་ཐིམ་པར་བསྒོམ་ཞིང་༔ ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རུ་གེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱ་ཡུ་ཚེ་ཡུ་ཛྙཱ་ན་མིན་དྷུ༔ ཨ་པ་རི་མི་ཏ་ཚེ་ཧཱུྃ༔ ཞེས་བཟླ་སྟེ་རྒྱུན་ཁྱེར་ཡིན་ན་ཐུན་རེ་ལ་བརྒྱ་སྟོང་ཅི་འགྲུབ༔ མཚམས་བྱེད་ན་ཞག་བདུན་ཙམ་ཐུན་བཞིར་འབད་པསཿ ཉི་ཟླ་


CMR016_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་དང་བདུད་རྩི་འཐུང་བ་འབྲུ་དང་ཤིང་ཐོག་ཟ་བ་སོགས་རྟགས་འབྱུང་ངོ་༔ དེ་ནས་བུམ་ལྷ་གཤེགས་བུམ་ཆུ་འཐུང་ཚེ་རིལ་ཚེ་གཏོར་དངོས་གྲུབ་ཏུ་རོལ་ལོ༔ རྟོགས་ཐོན་པར་བསྒྲུབས་ན་ཚེ་ལོ་སྟོང་དུ་གནས་པར་འདིའི་རྒྱུད་ཆེན་པོ་ནས་གསུངས་ཏེ་བཀའ་མའི་ལུགས་ཡིན་ནོ༔ ༈ འདིར་གནམ་ཆོས་རླུང་སྒྲུབ་ཀྱི་དོན་གསལ་བར་བཀོད་ན་རླུང་སྒྲུབ་ཅེས་པ་མྱུར་བའི་སྐད་ཡིན་ཏེ༔ ཅུང་ཞིག་དྲག་པོ་ཡིན་ནོ༔ དེ་ལ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར༔ ཤ་དང་ལིངྒས་བརྒྱན༔ རྩེ་ལ་མར་རྒྱན་མེ་ལྕེའི་གཟུགས་གཅིག་ཁོ་ན་བྱ༔ དེ་ཕུད་རྒོད་ཀྱིས་བྲན་ལ་རང་ཉིད་སྨན་བླའི་བདག་བསྐྱེད་ཚར་ནསཿ ན་མོ༔ དྲང་སྲོང་རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང༔ ཡི་དམ་བདེ་གཤེགས་སྨན་གྱི་ལྷ་ལ་སོགས་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ བསྟན་སྲུང་མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པའི་བདེན་པ་དང་མཐུ་སྟོབས་ཀྱིས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲོ༔ ཁྱད་པར་དུ་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཀྱི་བླ་སྲོག་གཏོར་མ་དང་ལིངྒ་འདི་ལ་ཁུག་ཅིག་ཛཧཱུྃ་བཾ་ཧོ༔ ལན་གསུམ། གཏོར་མའི་ངོ་བོ་གནོད་བྱེད་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིའི་རྒྱ་མཚོ་


CMR016_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྒྲུབ་བསྐང་བའི་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ༔ མདུན་དུ་རྡོ་རྗེ་བདུད་འདུལ་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་རུ་མཆེན་ཏེ༔ གཡོན་པས་ལྕགས་པར་རྟ་ནག་ཆིབས༔ སྐུ་ལ་བེར་ནག་བརྗིད་པ་གསོལ༔ དེ་ཡི་མདུན་དུ་ཀུན་སྡུག་མ༔ དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་གྲི་གུག་གཡོན་ཐོད་ཁྲག༔ དེ་རྒྱབ་ལྷ་སྲིན་སྡེ་བརྒྱད་ཀྱང་༔ ལྷ་རྒྱལ་གཡག་གི་མགོ་ཅན་སོགས༔ མགོ་ཅན་བརྒྱད་ཀྱིས་བསྐོར་བར་གྱུར༔ རང་རང་གནས་ནས་སྤྱན་དྲངས་ཐིམ༔ རྒྱས་པར་སྤྲོ་ན་གོང་གི་སྤྱན་འདྲེན་ནས་བསྟོད་པའི་བར་ལས་བྱང་འདིར་སབ་བོ༔ མ་བྱས་ཀྱང་ཆོག་སྟེ༔ བཀའ་བརྒྱུད་ནས་གསུངས་པའི་བསྟོད་བསྐུལ་ནི༔ ཧཱུྃ༔ ༔ བན་ཆེན་རྡོ་རྗེ་བདུད་འདུལ་ནི༔ རཱུ་ཏྲ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཧཱུྃ་ལས་སྐུ་བསྐྱེད་པ༔ སྔགས་པ་ལྟ་བ་ལོག་པ་སྟེ༔ རཱུ་ཏྲ་ནག་པོའི་རིགས་སུ་སྐྱེས༔ སྐུ་མདོག་དམར་ནག་འབར་བ་ལ༔ ན་བཟའ་མཐིང་ནག་བེར་ཆེན་གསོལ༔ རལ་པ་ནག་པོ་མུན་ལྟར་གཏིབས༔ ཕྱག་ན་ཁྲག་དང་ཡུངས་དཀར་གྱི༔


CMR016_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བུ་ཡུག་འཚུབས་སེ་འཚུབ༔ ཆིབས་སུ་དྲེའུ་རྟ་ཁམ་ནག་ཆིབས༔ ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི༔ གཡས་ན་རལ་ནག་གྱོན་པ་མང་པོ་ཕོ་ཉར་འགྱེད༔ གཡོན་ན་ཞིང་ལྤགས་རྡེབ་པ་མང་པོ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་རུ་ཏྲས་བསྐོར༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ བསྐྱེད་ཀྱང་ཡི་གེ་ནི་ལས་བསྐྱེད༔ བསྡུ་ཡང་ཡི་གེ་ཚྭ་ལ་བསྡུ༔ རཱུ་ཏྲ་ནྲྀ་ཞེས་བྱ་བ་ནི༔ རཱུ་ཏྲ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོའི་ཐུགས་དམ་རྒྱུད་བསྐུལ་ལོ༔ འཁོར་དང་བཅས་པ་འདིར་བྱོན་ལ༔ མཐུན་པའི་དམ་རྫས་འདི་བཞེས་ཤིག༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་གཉན་པོ་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ༔ འགྲས་པའི་དགྲ་བགེགས་མྱུར་དུ་སོད༔ རྡོ་རྗེ་བདུད་འདུལ་འཁོར་བཅས་རྣམས༔ མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང་༔ མཆོད་གཏོར་འདི་བཞེས་དལ་ཁ་ཆིངས༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་།དལ་ཁ་གཡོན་དུ་སྒྱུརཿ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ དགྲ་དང་བགེགས་ཀྱི་གནོད་པ་ཟློག༔ དམ་ཉམས་དགྲ་ལ་ལྟས་ངན་ཐོངས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་


CMR016_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ཐུགས་དམ་བསྐང་ལ་རྐྱེན་རྣམས་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་ནས་མདུན་བསྐྱེད་ལ་བཀའ་བསྒོ་བའི་ཚུལ་དུ། ཨོཾ་མ་ཧཱ་ཀཱ་ལ་བཛྲ་ཙིཏྟ་རཱ་ག་ཧཱུྃ་ཕཊ༔ ཅེས་བསྙེན་པ་ཅི་ནུས་བྱས་ལ༔ གནམ་ཆོས་ལུགས་ཀྱི་འཁོར་གྱི་ཆ་ལུགས་གཏེར་སྟོན་ཉིད་ཀྱི་ཞལ་ཁྲིད་ལྟར་རྒྱུད་དང་བསྟུན་ནས་བདག་གིས་འདོན་ཆར་ཕབ་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དགལ་བ་ཚལ་གྱི་དུར་ཁྲོད་དུ༔ གནོད་སྦྱིན་རྒྱལ་པོ་མིག་པོ་ཆེ༔ ཀླུ་མོ་མཛེས་ལྡན་བཤོས་པའི་སྲས༔ གནོད་སྦྱིན་ནག་པོ་ཁྲག་རལ་ཅན༔ ཞང་བློན་ཆེན་པོ་ཞེས་སུ་གྲགས༔ ཡུམ་ནི་བདུད་མོ་ཀུན་སྡུག་མ༔ གནོད་སྦྱིན་སྟོང་གི་འཁོར་དང་བཅས༔ སེམས་ཅན་ཀུན་ལ་གནོད་ཅིང་འཚེ༔ ཤ་ཁྲག་སྲོག་ལ་ལོངས་སྤྱོད་བྱེད༔ དེ་ཚེ་བཅོམ་ལྡན་ཤཱཀྱ་ཐུབ༔ མངོན་པར་སངས་རྒྱུས་རིང་མ་ལོན༔ ཝཱ་རཱ་ཎ་སིའི་གནས་མཆོག་ནས༔ རྒྱ་གར་ལྷོ་ཕྱོགས་གཤེགས་པའི་ཚེ༔ གནོད་སྦྱིན་འདུལ་བའི་དུས་སུ་མཁྱེན༔ འདུལ་སྐལ་ཕྱག་ན་རྡོ་རྗེ་ལ༔ བྱིན་གྱིས་རླབས་ཏེ་གཉེན་པོར་བསྐོས༔ གསང་བདག་དུར་ཁྲོད་དེར་བྱོན་ནས༔ སྐུ་ནི་འཇིགས་པའི་ཆ་ལུགས་བསྟན༔ གསུང་ནི་དྲག་སྔགས་


CMR016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལྟར་ལྡིརཿ གནོད་སྦྱིན་འཁོར་བཅས་སྐྲག་ཅིང་བསྔངས༔ བཀའ་ཉན་གསུང་སྡོད་སྲོག་སྙིང་ཕུལ༔ སྤྱི་བོར་དམ་ཚིག་རྡོ་རྗེ་བཞག༔ ཤཱཀྱའི་བསྟན་པ་བསྲུང་བ་དང་༔ སེམས་ཅན་དབུལ་ཕོངས་སེལ་བ་ཡི༔ དབང་བསྐུར་དམ་བཅས་ཐ་ཚིག་བཞག༔ གནོད་སྦྱིན་ཡཀྵ་ཀུ་ཝེ་རས༔ ཞུས་པས་ཞང་བློན་ཆེན་པོའི་རྒྱུད༔ ཡིད་བཞིན་གཏེར་གྱི་རྒྱུད་ཅེས་པ༔ ལེའུ་བཅོ་བརྒྱུད་བཀའ་ཡང་སྩལ༔ གསང་མཚན་རྡོ་རྗེ་བདུད་འདུལ་བཏགས༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལཿ ཕྱག་རྡོར་སྤྱན་སྔར་ཁས་བླངས་པའི༔ དམ་ཚིག་དུས་འདིར་དྲན་མཛོད་ལ་བར་ཆད་སོལ་ལ་ལོངས་སྤྱོད་སྤེལཿ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར༔ ཅི་འདོད་ཕུན་སུམ་ཚོགས་པར་མཛོད༔ དེ་ནས་བར་གྱི་་བསྐལ་པ་ལ༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་འདུས་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ལོ་གསུམ་ཆོས་གསུངས་དབང་བསྐུར་ཚེ༔ ཞང་བློན་རྡོ་རྗེ་བདུལ་འདུལ་ཁྱོད༔ གསོ་རིག་རྒྱུད་ཀྱི་སྲུང་མར་བསྐོསཿ གསོ་རིག་མི་ནུབ་དར་བ་དང་༔ སྨན་པ་ཀླུང་རྟ་དར་བ་ཡིས་


CMR016_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་སྒྲུབ་པའི་དམ་བཅའ་ཕུལ༔ སྔོན་གྱི་དམ་ཚིག་དྲན་མཛོད་ལ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ གསོ་རིག་བཤད་སྒྲུབ་འཕེལ་བ་དང་༔ བདག་ཉིད་གཞན་ཕན་རྒྱ་ཆེན་པོ་འགྲུབ་པའི་ཕྲིན་ལས་དུས་ལ་བབ༔ དེ་འོག་བར་གྱི་བསྐལ་པ་ལ༔ སྐ་བ་དཔལ་བརྩེགས་སྐྱེ་བའི་མཐརཿ གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་བསམ་ཡས་གཙུག་ལག་ཀ་བ་ནསཿ རྒྱུད་བཞི་གནོད་སྦྱིན་སྒྲུབ་སྐོར་བཅས༔ གཏེར་བཏོན་གཏེར་སྒྲུབ་བྱས་པའི་ཚེ༔ གནོད་སྦྱིན་ཁྱོད་ཀྱིས་རང་གཟུགས་བསྟན༔ བསྟན་པ་སྤེལ་བའི་གཡར་དམ་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གསོ་རིག་བསྟན་དང་བསྟན་འཛིན་རྣམས༔ འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཕྱི་མ་ལ་ཨོ་རྒྱན་ཐུགས་སྤྲུལ་གཡུ་ཐོག་པ༔ རྒྱ་གར་ཡུལ་དུ་བྱོན་པའི་ཚེ༔ སྨན་གྱི་ལྷ་མོ་དཔལ་ཕྲེང་མ༔ ལྷ་ལྕམ་མནྡ་ར་བ་དངོས༔ ཞལ་མཇལ་གསོ་རིག་གདམས་པ་གནང་༔ དེ་ཚེ་གནོད་སྦྱིན་འཁོར་བཅས་ལཿ བསྟན་པ་སྲུང་བར་བཀའ་བསྒོས་པས༔ ཞང་བློན་སྡེ་དགུའི་ཆོ་ག་བརྩམསཿ རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ༔ བརྒྱན་


CMR016_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ་འདི་བཞེས་ལ༔ གསོ་རིག་བསྟན་པ་རྒྱས་པ་དང་༔ སྨན་པའི་མངའ་ཐང་འཕེལ་བར་མཛོད༔ ད་དུས་ལྔ་བརྒྱའི་ཐ་མ་ལ༔ བྱ་ལོ་ས་གའི་ཉི་ཤུ་ཉིན༔ རིག་འཛིན་ཏིཥྛ་བཛྲ་ལ༔ རྡོ་རྗེ་བདུད་འདུལ་འཁོར་བཅས་ཀྱིས༔ རང་རང་གཟུགས་མཆོག་དངོས་སུ་བསྟན༔ སྒྲུབ་ཐབས་ལས་ཚོགས་ལུང་བསྟན་པའི༔ དགོས་ཆེད་འབྲས་བུ་དུས་ལ་བབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་གི་ཡིད་ལ་གང་འདོད་པ༔ དེ་ནི་མྱུར་དུ་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་ཀཱ་ལ་བཛྲ་ཙིཏྟ་རཱ་ག་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པུཙྪ་ཁཱ་ཧི༔ ཨ་མི་ཏ་རཀྟ་ཁཱ་ཧི༔ ཞེས་ཆད་མདོ་ཡིན་པས་ནམ་ཡང་རུང་ལ༔ ཁྱད་པར་གནམ་ཆོས་ལུགས་ཀྱི་གཙོ་འཁོར་བསྟོད་བསྐུལ་ནི༔ ཧཱུྃ༔ རི་རབ་ཆེན་པོའི་བྱང་གི་ཕྱོགས༔ གསེར་གྱི་རི་བདུན་རྩེ་མོ་ན༔ གཉའ་ཤིང་འཛིན་གྱི་རྩེ་མོ་ན༔ གནོད་སྦྱིན་ཀུན་གྱི་འདུ་ས་ན༔ རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན༔ རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་༔ དེ་ནི་ཁྱོད་ནི་བཞུགས་གནས་སོ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་སྲས༔ རྣམ་ཐོས་བུ་ཡི་དམག་དཔོན་ཏེ༔ སྡེ་དཔོན་སུམ་ཅུའི་ཡ་གྱལ་བ༔ གནོད་


CMR016_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྡེ་དཔོན་ཁྲག་རལ་ཅན༔ ལན་གཅིག་བལ་པོའི་ཡུལ་དུ་བྱོན༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨས་དམ་ལ་བཏགས༔ བལ་པོའི་རྒྱལ་པོས་མུ་སྟེགས་བསྟེན༔ ཁྱོད་ཁྲོས་མ་བཞུགས་བོད་དུ་བྱོན༔ འོར་དུ་བྱམས་པའི་བཀའ་སྲུང་མཛད༔ སྨར་ཁམས་སྟོད་སྨད་ཀུན་ལ་གནས༔ ཞང་བློན་ཡེ་བརྫུ་ཞེས་སུ་གྲགསཿ བརྒྱན་པའི་གཏོར་མ་འདི་བཞེས་ལཿ ཆུས་སྲིད་དབང་ཐང་དངོས་གྲུབ་སྩོལ༔ ཧཱུྃ༔ ཞང་བློན་རྡོ་རྗེ་བདུད་འདུལ་ནི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ཞལ་གཅིག་རབ་ཁྲོས་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་མེ་ལྟར་འབར༔ དགུ་སྐྲ་དམར་སེར་གྱེན་དུ་བཅིངས༔ རིན་ཆེན་སྲོག་ཞུ་དར་དཔྱངས་འཕུརཿ ཕྱག་གཡས་དར་ནག་རུ་མཚོན་ཕྱར༔ གནོད་སྦྱིན་དམག་ཚོགས་དབང་དུ་སྡུད༔ གཡོན་པས་ལྕགས་ཀྱི་པར་བུ་བསྣམས༔ བདུད་རྩི་སྨན་གྱི་བཅུད་རྣམས་སྡུད༔ སྐུ་ལ་ལྗང་ནག་བེར་གྱི་སྟེང་༔ གསེར་སྐྱེད་རིན་ཆེན་སྐེད་ལ་བཅིངས༔ ཙནྡན་བེང་ཆེན་སྐྱེད་ལ་བཅུག༔ དར་ནག་བེར་ཆེན་བརྗིད་པ་གསོལ༔ ཞབས་ལ་སག་ཏི་རྒྱ་ལྷམ་མནབས༔ ཆིབས་སུ་རྟ་ནག་རྟིང་དཀར་


CMR016_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས༔ སྐུ་ལས་བསྐལ་པའི་མེ་ཆེན་འབར༔ འཁོར་བཅས་འདིར་པགཤེགས་པ་གཏོར་མ་བཞེས༔ བར་ཆད་ཀུན་སོལ་དངོས་གྲུབ་སྩོལཿ མདུན་དུ་ཡུམ་ཆེན་ཀུན་སྡུག་མ༔ དམར་མོ་ཁྲོ་འཛུམ་གཅེར་བུ་མ༔ དར་དང་རིན་ཆེན་དུ་མས་བརྒྱན༔ ཕྱལག་ན་གྲི་གུག་ཐོད་ཁྲག་བསྣམསཿ འགྱིང་བག་གར་སྟབས་སྣ་ཚོགས་བསྒྱུར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ ཚེ་དང་རིགས་རྒྱུད་དངོས་གྲུབ་སྩོལ༔ བཀའ་ཉན་ལྷ་སྲིན་སྡེ་བརྒྱད་ནི༔ ཤར་དུ་ལྷ་ཡི་གཙོ་བོ་སྟེ༔ ལྷ་རབ་ཡར་ལྷ་ཤམ་པོ་ནི༔ མི་དཀར་གཡག་དཀར་མགོ་བོ་ཅན༔ སྐུ་ལ་དར་དཀར་བེར་ཆེན་གསོལ༔ ཕྱག་ན་ཤེལ་གྲི་མདུང་དར་དཀར༔ ལྷ་དམག་འབུམ་གྱི་འཁོར་དང་བཅས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷ་ཡི་རྩུབ་རིམས་བཟློག་ཏུ་གསོལཿ ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད༔ ལྷོ་ཕྱོགས་གཤིན་རྗེ་ཆོས་རྒྱལ་ནི༔ མཐིང་མདོག་མ་ཧེ་ཁྲོས་པའི་ཞལ༔ སྐུ་ལ་སྟག་ལྤགས་རློན་པ་གསོལ༔ ཕྱག་ན་བེ་ཅོན་དབྱུག་ཏོ་བསྣམས༔ གཤིན་རྗེ་འབུམ་གྱི་འཁོར་དང་བཅསཿ བརྒྱུན་པའི་གཏོར་མ་འདི་བཞེས་ལ༔ གཤིན་


CMR016_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཁྲམ་ཁ་བཟློག་ཏུ་གསོལ༔ དུས་མིན་འཆི་བ་མེད་པར་མཛོད༔ ནུབ་ཕྱོགས་སྲིད་པའི་རྒྱལ་མོ་དཀརཿ གཡུ་འབྲུག་མགོ་ཅན་དར་དཀར་གསོལ༔ ཕྱག་ན་མདའ་དར་མེ་ལོང་བསྣམས༔ མ་མོ་འབུམ་གྱི་འཁོར་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལཿ མ་མོའི་དལ་ཡམས་བཟློག་ཏུ་གསོལ༔ རིམས་ནད་རྐྱེན་ཁ་ཞི་བར་མཛོད༔ བྱང་ཕྱོགས་རྐོས་རྗེ་དྲང་དཀར་ནི༔ མི་ནག་རྟ་ནག་མགོ་ཅན་ལ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་ན་དགྲ་སྟ་ཁྲམ་ཤིང་བསྣམས༔ བདུད་དམག་འབུམ་གྱི་འཁོར་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདུད་ཀྱི་ཞགས་པ་འདེབས་པ་ཟློག༔ ཚེ་ཡི་བར་ཆད་ཞི་བར་མཛོད༔ ཤར་ལྷོར་སྲོག་གཟན་དམར་པོ་ནི༔ རྟ་དམར་མགོ་ཅན་བེར་དམར་གསོལ༔ ཕྱག་ན་དར་དམར་མདའ་གཞུ་བསྣམས༔ བཙན་དམག་འབུམ་གྱི་འཁོར་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཙན་གྱི་སྐྱ་རྒྱུག་བཟློག་ཏུ་གསོལ༔ གློ་བུར་ཡེ་འདྲོག་ཞི་བར་མཛོད༔ ལྷོ་ནུབ་སྲོག་བདག་སེང་གེའི་མགོ༔ སྐུ་ལ་ངུར་སྨྲིག་ཆོས་གོས་གསོལ༔ ཕྱག་ན་འཁར་གསིལ་ལྷུང་བཟེད་


CMR016_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ དཀོར་བདག་འབུམ་གྱི་འཁོར་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལཿ རྒྱལ་འགོང་སྨྱོ་འབོག་བཟློག་ཏུ་གསོལ༔ འགོང་པོའི་བར་ཆད་ཞི་བར་མཛོད༔ ནུབ་བྱང་གནོད་སྦྱིན་སྟག་གི་མགོ༔ སྐུ་ལ་དར་ལྗང་ཕོད་ཁ་གསོལ༔ ཕྱག་ན་རལ་གྲི་ནོར་བུ་བསྣམས༔ གནོད་སྦྱིན་འབུམ་གྱི་འཁོར་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ༔ གོད་ཁ་སྙིང་སྟོང་ཞི་བར་མཛོད༔ བྱང་ཤར་ཀླུ་བདུད་ཆུ་སྲིན་མགོ༔ སྐུ་ལ་དུག་སྦྲུལ་པགས་པ་གསོལ༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་བསྣམས༔ ཀླུ་གཉན་ས་བདག་འབུམ་དང་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཀླུ་ནད་མཛེ་རིགས་བཟློག་ཏུ་གསོལ༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཕྱི་འཁོར་གནོད་སྦྱིན་སྟོང་སྡེའི་ཚོགས༔ བསྲེ་ཁྲབ་རྨོག་ཞུ་ཡ་ལད་གསོལ༔ ཕྱག་ན་མདུང་དར་ནེའུ་ལེ་ཐོགས༔ སྟོབས་ཆེ་དཔུང་ཆེ་སྡེ་བོ་ཆེ༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གཙོ་བོའི་བཀའ་བཞིན་ལས་རྣམས་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ནི་གནམ་ཆོས་ཀྱི་


CMR016_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བཀང་དུ་རཱ་ག་ཨ་སྱས་སྦྱར་བ་སྟེ་གལ་ཆེ་དུས་མ་གཏོགས་རྒྱུན་དུ་མི་འདོན་སྡེ་བརྒྱད་འདི་གཉན་ནོ༔ དེ་ནས་ཨོ་རྒྱན་གྱི་གཏེར་རྙིང་ལས་བྱུང་བའི་ཟློག་པ་འདི༔ འབྲུག་ལུགས་ཀྱི་མགོན་མང་ཀར་ལུགས་ཀྱི་ཞི་སྐྱོང་ལ་སྦྱར་འདུག༔ ཆོས་སྐྱོང་གང་ལ་ཡང་སྦྱར་ཆོག་པས་ད་རིས་འདིར་སྦྱར་ཏེ༔ ཧཱུྃ༔ གནོད་སྦྱིན་མགོན་པོ་ཞང་བློན་འཁོར་བཅས་ཀྱི༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་བསྐང་ཞིང་༔ ཉེས་པའི་ཚོགས་རྣམས་མི་འཆབ་བཤགས་བགྱིད་པས༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར༔ ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས༔ ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ༔ བྱད་ཁ་ཕུར་ཁ་དྲོད་གཏོང་དྲག་པོ་དང་༔ མཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག༔ ས་བདག་ཀླུ་ཡི་བྱད་དུ་བཅུག་པ་དང་༔ ཐེའུ་རང་འགོང་པོའི་སྲིས་རྐུན་ཐམས་ཅད་ཟློག༔ གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་༔ མུ་སྟེགས་ངན་པའི་བར་ཆད་བྱེད་པ་ཟློག༔ རྒྱལ་བསེན་རྣམས་ཀྱི་སྨྱོ་འབོག་གཏོང་བ་དང་༔ དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག༔ ཞང་ཞུང་ཇོ་བོར་སུམ་པའི་གླང་ཟོར་དང་༔ བོན་པོ་རྣམས་ཀྱི་གཏོར་ཟོར་འཕེན་པ་


CMR016_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ བན་དེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་༔ བུད་མེད་རྣམས་ཀྱི་དམོད་ཟོར་འཕེན་པ་ཟློག༔ བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་༔ མ་མོ་རྣམས་ཀྱི་ཁྲག་ཟོར་འཕེན་པ་ཟློག༔ མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན༔ ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་༔ གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མ་ལུས་དང༔ ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག༔ གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག༔ མི་མཐུན་ཕྱོགས་རྣམས་དགྲ་བོའི་སྟེང་དུ་ཟློག༔ དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་༔ ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག༔ ཞང་བློན་རྡོ་རྗེ་བདུད་འདུལ་དྲག་རྩལ་ཅན༔ ཡབ་ཡུམ་མི་སྲུན་སྡེ་བརྒྱད་དམག་ཚོགས་རྣམས༔ ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས་ཀྱི་ཚོགསཿ གཏད་དོ་གཉེར་རོ་སྲུང་མ་མཐུ་རྩལ་ཅན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ རྟགས་དང་མཚན་མ་མྱུར་དུ་སྟོན་མཛོད་ཅིག༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་རྣམས་


CMR016_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་ཚར་གསུམ་ལྔ་བདུན་དགུ་སོགས་དང་༔ དེའི་བར་མཚམས་སུ་སྔགས་འདིས་ཐུན་སོགས་སྔགས་ལ༔ གཏོར་མར་མེ་རུ་བཙུགས་ལ་ཕྱོགས་གཙང་སའི་གོམ་པ་བདུན་ཅུའི་ཕ་རོལ་དུ་བསྐུར་ལ་ཕུལ་བཅུག༔ སྔགས་དྲག་ཏུ་བརྗོད་ཅིང་ཁྱིམ་དུ་ཐུན་བྲབ༔ དམིགས་པ་ཞང་བློན་གྱི་དམག་གིས་གདོན་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་དུ་བདས་པར་སྒོམས་ཤིང་། ཨོཾ་རཏྟཱ་ཙིཏྟི་རཱ་ག་རཱ་ཏི་ཡཀྵ༔ སརྦ་ཨེ་ཀཱི་ལ་ཡ་མཱ་ར་ཡ་ཕཊ༔ ཚིནྡྷ་ཚིནྡྷ་རཱ་ཙ་མཱ་ར་ཡ་ཕཊ༔ བྷིནྡྷ་བྷིནྡྷ་ཏྲི་ཏྲིའུ་མཱ་ར་ཡ་ཕཊ༔ སྤོ་ཊ་སྤྲོ་ཊ་འབྱུང་པོ་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊ༔ ཅེས་པ་བཟླས་ཤིང་གནོད་སྦྱིན་འཁོར་བཅས་ཀྱིས་འབྱུང་པོ་རྡུལ་དུ་བརླག་པར་བསྒོམས་ནས༔ གནོད་བྱེད་གདོན་ཐམས་ཅད་སྐད་ངན་ཙེ་རེ་རེ་བྲོས་པར་རྒྱུད་ནས་གསུངས་ཏེ༔ རྒྱལ་འགོང་ལོ་འདྲེ་གདོན་འཁྱམ་མོ་གདོན་གཤེད་ཁ་ཐམས་ཅད་འདིས་ཐུབ་བོ༔ རང་ནུས་པ་ཆེ་ན་ནད་པ་གདོན་ཆེན་ལ་གཏོར་མ་བརྒྱབ་ཀྱང་རུང་ངོ་༔ འདི་གནོད་སྦྱིན་གྱི་རིགས་ཀྱི་མགོན་པོ་དྲེགས་པའི་སྡེ་དཔོན་སུམ་ཅུའི་གཅིག་ཡིན་པས་སྟོབས་ཆེ༔ ཡེ་བརྫུའི་སྒྲུབ་ཐབས་ཡིག་རྙིང་རྣམས་ནས་འདིའི་སྤྲུལ་པ་ཡེ་བརྫུ་ཡིན་པར་གསུངས་པས་རྣོ་མྱུར་ཚེ༔ འོན་ཀྱང་ནོར་ལྷའི་རིགས་ཡིན་པས་རྒྱུད་འཇམ་འཁུ་ལྡོག་མེད༔ མངོན་སྤྱོད་མངའ་ཐང་ཤུགས་ལ་རྒྱས་པས་ཆོས་སྐྱོང་གི་མཆོག་ཡིན༔ ཁྱད་པར་དམ་ཚིག་གི་དབང་གིས་སྨན་པ་རྣམས་ལ་མགོན་ནོ༔ རྟགས་ནི་


CMR016_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་དཔོན་དང་ཚོང་པ་དཔོན་རིགས་ཆེས་བཟང་བཙུན་པ་ཆོས་བཟང་སྙན་གྲགས་དང་༔ དཀར་གསུམ་བྱིན་པ་ཉི་ཟླ་ཤར་བ་བར་ཆད་ཞི་རྟགས༔ གོ་ཁྲུབ་བྱིན་པ་གྱོན་པ་སྲུང་རྟགས༔ གོས་བཟང་གྱོན་ཁྲི་ལ་འདུག་ལོ་ལེགས་རིན་པོ་ཆེའི་རིགས་རྙེད་པ་བསོད་ནམས་རྒྱུས་རྟགས༔ མི་མང་ཕྱག་འཚལ་དར་ཕྱར་དུང་འབུད་པ་དབང་དུ་འདུ་རྟགས༔ མགོ་དང་ནང་གྲོལ་བྱིན་པ་བསད་པ་དགྲ་གདོན་ཐུབ་པའི་རྟགས་སོ༔ སྤྲང་པོ་བྱུང་ན་གཏོར་མ་བཟང་དུ་བྱའོ༔ ཞེས་པ་འདི་སྙིས་སྐྱོ་ལྷ་ཆུང་གིས་བསྙེན་པ་འདོད་ཟེར་ནས་རཱ་ག་ཨ་སྱས་བྲིས་པ་སྟེ༔ གཞན་ཡང་འཚོ་མཛད་གསར་བུ་འགའ་ལ་ཕན་པར་གྱུར་ཅིག་མངྒ་ལཾ༔ འདིའི་རྒྱུད་ཕྱག་རྡོར་གྱིས་གསུངས་པ༔ གནོད་སྦྱིན་ཆེན་པོ་ཡིད་བཞིན་གཏེར་གྱི་རྒྱུད་ཅེས་བྱ་བ་ལེའུ་བཅོ་བརྒྱད་པ་ལསཿ ཕྱི་ལྟར་བསྒྲུབས་པས་ཟས་ནོར་སྒྲུབས༔ ནང་ལྟར་བསྒྲུབ་ནི་བར་ཆད་བསལ༔ གསང་བ་སྒྲུབ་ནི་དགྲ་སྲོག་བཅད༔ དེ་ལྟར་བསྒྲུབ་ལ་མཉམ་དུ་བསྐུལ༔ གྲོགས་ལྟར་བརྟེན་ལ་ཐ་ཚིག་བསྲེ༔ བྲན་ལྟར་བརྟེན་ལ་ལས་ལ་བཀོལ༔ ཞེས་དང་༔ གང་སྒྲུབ་འཁོར་ལོས་སྒྱུར་རྒྱལ་འདྲ༔ ཅི་འདོད་ཕུན་སུམ་ཚོགས་པ་འགྲུབ༔ བསྟན་པ་བསྲུང་བའི་ལས་བསྒྲུབ་ཅིང་༔ ཉི་ཤུ་རྩ་གཅིག་ཞག་གྲངས་ཀྱིས༔ སྲིད་པ་གསུམ་གྱི་སེམས་ཅན་སྒྲོལ༔ དགྲ་བོ་མངོན་དུ་སྒྲོལ་བར་བྱེད༔ ཅེས་གསུངས་པས་ཕན་ཡོན་དགོས་ཆེད་ནི་དེ་ལྟར་རོ༔ བྷ་ཝནྟུ༔ ཡང་སྨན་བླའི་བདག་མདུན་སྔགས་བཟླས་པས་ཚེ་འདི་ཡང་ནད་དང་སྡུག་བསྔལ་ཞི་བ་དང་༔ གཞན་གྱིས་བྱད་ཁ་དང་བསམ་


CMR016_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མི་ཚུགས་པ་དང་༔ བསོད་ནམས་ལོངས་སྤྱོད་འཕེལ་བ་དང་༔ ཕྱི་མ་ངན་སོང་མི་ལྟུང་ཞིང་༔ བདེ་འགྲོ་མཐོ་རིས་སུ་ཇེ་མཐོར་སྐྱེས་ནས་རིམ་གྱིས་སངས་རྒྱས་ཐོབ་པར་བཤད་ཅིང་༔ སྨན་བླ་མཆེད་བདུན་གྱི་གྲར་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཆོས་སྒྲགས་རྒྱ་མཚོའི་དབྱངས་སྤྱི་བོར་བསྒོམ་ཞིང་དེའི་མཚན་བརྗོད་པས༔ ཚེ་འདིར་ཡང་དགྲ་དང་ཁ་མཆུ་ཞི་ཞིང་འཐབ་རྩོད་དང་མཚོན་གྱིས་འཆི་བར་མི་འགྱུར་བ་སོགས༔ སངས་རྒྱས་དེ་གཉིད་ཀྱི་ཕན་ཡོན་རྒྱ་ཆེར་སྨན་མདོ་རྒྱས་བསྡུས་གཉིས་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོས་བཀའ་སྩལ་པའོ༔ སྨན་བླ་དངཞང་བློན་སྔར་གྱི་བཀའ་མའི་དབང་ལུང་གི་རྒྱུན་དང་༔ དུས་ཕྱིས་གནམ་ཆོས་ལུགས་གཉིས་ཀ་ཐོབ་པས༔ སྔར་གྱི་དེ་ཕུགས་ཆེ༔ གནམ་ཆོས་བརྒྱུད་པ་ཉེ་བ་མྱུར་ཏེ༔ བདག་ལ་སྨན་བླའི་དབང་དང་༔ ཞང་བློན་བཀའ་གཏད་ཐོབ་ཚད་ཀྱིས་འདི་འདོན་ཆོག་ལོགས་སུ་འདིའི་དབང་ལུང་ཞུ་མི་དགོས་ཏེ༔ དབང་དང་བཀའ་གཏད་འཐུས་ཡོད་དོ༔ འདི་ཉམས་སུ་བླངས་ན་འཚོ་མཛད་རྣམས་ལ་འདི་ཕྱིས་དོན་ཆེན་པོར་འགྱུར་རོ༔ ཞེས་རཱ་ག་ཨ་སྱས་བྲིས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱུད་བཞིའི་བཀའ་སྲུང་ཞང་བློན་གསོལ་མཆོད།next