Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་ཕུར་པའི་གསང་སྒྲུབ་ཕྲིན་ལས་བླ་མེད་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་ཕུར་པའི་གསང་སྒྲུབ་ཕྲིན་ལས་བླ་མེད་དོན་གསལ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་ཕུར་པའི་གསང་སྒྲུབ་ཕྲིན་ལས་བླ་མེད་དོན་གསལ།


CMR017_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་ཕུར་པའི་གསང་སྒྲུབ་ཕྲིན་ལས་བླ་མེད་དོན་གསལ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR017_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཀུ་མཱ་རཱ་ཡེ། ཕུར་པའི་གསང་སྒྲུབ་སྤྲོས་མེད་ནི༔ ཚོམ་བུ་དང་གཙོ་ཕུར་གཅིག་དང་༔ དཔལ་གཏོར་ཅི་འབྱོར་བཤམས༔ ལྕགས་སམ་ཚེར་མ་ཅན་ལ་བྱ་ས༔ སྒྲུབ་ཕུར་སོར་དྲུག༔ བློག་ཕུར་སོར་བཞི༔ ཐུན་ཕུར་སོར་གསུམ༔ ལར་ནི་གསང་སྒྲུབ་འདིར༔ བསྐྱེད་རྫོགས་སེམས་ལ་ལོངས་སྤྱོད་ཕྱིར༔ སྤྲོས་པ་མང་པོ་མི་བྱ་སྟེ༔ ཞེས་དང་༔ རྩོབའི་སྒྲུབ་པ༔ ཐུགས་དགོངས་རྣམ་རྟོག་ཅི་ཡང་མི་དགོས་ནམ་མཁའ་ལྟ་བུའི་ངང་ནས༔ རིག་རྩལ་འགག་མེད་ཙམ་དུ༔ དཀྱིལ་འཁོར་གསུམ་སྣང་ལ་རང་བཞིན་མེད་པ༔ དག་པའི་རང་བཞིན་དུ་ཤར་ཞིང་༔ དེ་ཁོ་ན་ཡང་གསལ་སྟོང་རྣམ་པར་དག་པ་སྟེ༔ མ་བཅོས་རང་གསལ་ལྷུན་གྲུབ་ཏུ་ལྷུག་པར་བཞག་སྟེ༔ མཚན་རྟོག་བྱ་རྩོལ་དང་བྲོལ་བའི་ངང་ནས༔ སྒྲ་གྲག་


CMR017_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འཛིན་མེད་དང་བཟླས་པའི་ངང་ནས༔ ཆོས་ཉིད་འཛིན་མེད་བྲལ་བའི་ངང་ནས༔ གྲོལ་དགོངས་བཟླས་པ་ཅི་ནུས་བྱ་སྟེ༔ ཤིན་ཏུ་མཐར་ཐུག་པའི་ངང་ནས་བཟླས༔ ཞེས་གསུངས་པའི་དོན༔ གསང་སྒྲུབ་མངོན་རྟོགས་ནི༔ བདེ་བའི་སྟན་ལ་འདུག་ནས༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་གི་དབུས་སུ་ནི༔ པད་ཉི་བདུད་བཞི་བསྣོལ་བའི་སྟེང་༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་


CMR017_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁཊཾ་འཛིན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབས༔ དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར༔ ཐུགས་ཀར་གཤིན་རྗེ་ཡབ་ཡུམ་སྔོ༔ ལྟེ་གོང་བདུད་རྩི་ཡབ་ཡུམ་ལྗང་སེར༔ ལྟེ་བར་མི་གཡོ་ཡབ་ཡུམ་ལྗང་ནག༔ གསང་གནས་སྟོབས་ཆེན་ཡབ་ཡུམ་སྔོ༔ དཔུང་གཡས་རྣམ་རྒྱལ་ཡབ་ཡུམ་དཀར༔ དཔུང་གཡོན་དབྱུག་སྔོན་ཡབ་ཡུམ་སྔོ༔ བརླ་གཡས་འདོད་རྒྱལ་ཡུམ་དམར་སྐྱ༔ བརླ་གཡོན་ཁམས་གསུམ་ཡབ་ཡུམ་སེར་ནག༔ ཕྱོགས་བཞིར་རིགས་བཞི་རྩིབས་བཅུ་ལ༔ ཁྲོ་


CMR017_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཡབ་ཡུམ་ཟ་གསོད་བཅས༔ དེ་ལྟར་ཁྲོ་བོ་ཉེར་བཞི་རྣམས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས༔ རང་རྟགས་མཚོན་ཆ་སྣ་ཚོགས་འཛིན༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ དཀྱིལ་འཁོར་མུ་རན་འཁོར་ཡུག་ཏུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤྭ་ན་ས་བདག་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་སོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ སེམས་དཔའི་ཚོན་གང་ཕུར་པ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང་༔ གསེར་གྱི་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ལྷ་རྣམས་རང་རང་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ཡིས༔ དབང་རྟགས་དོན་ཡོད་གྲུབ་པས་བརྒྱན༔ ཨོཾ་ཧཱུཾ་སྭཱ་ཨཱཿ༔ཧཱ༔ མཱུ་ལཱི་མཱི་པཾ་ཏཾ༔ རང་གི་ཐུགས་ཀའི་འོད་་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང་༔ ཆོས་


CMR017_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པའི་རྡོ་རྗེ་ཕུར་པ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཧཱུཾ་བཾ་ཧོཿ ས་མ་ཡ་ཛཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤརྡ་པཉྩ་ཨ་མྲ་བ་ལི་ཏ་རོཀྟ་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོའི་བཅུ༔ རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ༔ སྤྲུལ་པ་ལས་ལ་མངག་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་རྟགས་ཀྱི་མགོ་བོ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི༔ འཁོར་བཅས་ཁྱེད་ཀྱི་ཐུགས་དམ་དུས་ལ་


CMR017_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་འཛབ་བཟླས་ཏེ་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་བར་མ་ཆད་པར་ཐིམ༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླས་པས༔ གོ་ཆའི་ལྷ་རྣམས་ཀྱིས་ཀྱང་སྔགས་དི་རི་རི་བཟླས་པར་བསམ༔ ཐུགས་ཀའི་སྔགས་ཕྲེང་ཀློག་པའི་ཚུལ་དུ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་ཐཾ་ཧཱུྃ་ཕཊ༔ འབྲུ་བཅུ་གསུམ་་འདི་ཅི་རིགས་བཟླ༔ སྒྲུབ་པ་དུས་སྔགས་ཕྲེང་བདག་གི་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས་ཏེ༔ ལྟེ་བ་ནས་བདག་གི་ལྟེ་བར་འཇུག་པ་དང་༔ དེའི་ཕྲིན་ལས་བཞི་འགྲུབ་པའོ༔ དཀར་སེར་དམར་ལྗང་བཞི་ལ་སོགས་པ་སྒྲུབ་པ་སྤྱི་ལྟར་རོ༔ ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས༔ བྷ་གྲྭ་ནས་རྡོ་རྗེར་འཇུག་པས་ཕྲིན་ལས་བཞི་སྒྲུབ་བོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིག་ནཱན་ཁཾ་ཧཱུྃ་ཕཊ༔ ཅེས་སྒྲུབ་པ་ལས་སྦྱོར་གཅིག་ཏུ་དྲིལ་བའོ༔ གང་ཟག་སྦྱངས་པ་སྔོན་སོང་བའི༔ བསྙེན་སྒྲུབ་ལས་ཀྱི་འཕྲོ་ཅན་ལ༔ དུས་རྟགས་གྲངས་ནི་མ་ངེས་ཏེ༔ གཞུང་ལྟར་རྟགས་


CMR017_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་ཐོན་ནས༔ ཞག་གཅིག་རྟགས་རྫོགས་བྱུང་ན་ཡང་༔ བསྙེན་སྒྲུབ་རྫོགས་ཏེ་གང་དགོས་ལས་ལ་སྦྱར་བས་འགྲུབ་པའོ༔ མདོར་ན་སྐུ་གསུང་ཐུགས་རྟགས་གང་དང་གང་༔ རྣམ་གསུམ་ཚང་ན་བརྟན་པ་ཐོབ་ནས་བསྙེན་པ་རྫོགས༔ གང་དགོས་ལས་ལ་སྦྱར་བས་འགྲུབ་པའོ༔ ཞེས་གསུངས་སོ༔ ཞེས་རཱ་ག་ཨ་སྱས་གསུངས་པའོ༔ ཉེས་འགལ་མཆིས་ན་ཕུར་པ་འཁོར་དང་བཅས་ལ་བཤགས༔ དགེ་བས་འགྲོ་ཀུན་བདུད་བཞི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་ཕུར་པའི་གསང་སྒྲུབ་ཕྲིན་ལས་བླ་མེད་དོན་གསལ།next