Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ།next

རྡོ་རྗེ་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ།


CMR017_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ་བཞུགས་དབུ་ཕྱོགས་ལགས་སོ།


CMR017_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་བཛྲ་ཀུ་མ་ར་ཡེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ༔ དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ༔ འདིར་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ་བྱ་བར་འདོད་ན༔ གཏོར་མ་རིན་ཆེན་འབར་བ་ཡོད་ན་སྐུ་ཙཀ་འཛུགས༔ མེད་ན་མར་རྒྱན་ལ་ཧཱུྃ་དང་རྡོ་རྗེ་བཅའ༔ སྨན་རཀ་སོགས་མཆོད་གཏོར་སྤྱི་ལྟར་བཤམས་ལ༔ བཀའ་གཏེར་གང་རུང་གི་ཕུར་པའི་ལས་བྱང་གཞུང་བསྲང་གྲུབ་ན་བྱིན་རླབས་ཆེ༔ བསྡུ་ན་བདག་མདུན་གཉིས་ཀ་དུས་གཅིག་ལ་དྲན་རྫོགས་བསྐྱེད་པ་རཏྣའི་ལུགས་ཀྱི་གསང་སྒྲུབ་ལྟར་བྱ་སྟེ༔ དེ་ཡང་མདུན་བསྐྱེད་གཏོར་མའི་སྟོད་ལྷ་དང་སྨད་མཆོད་པའི་སྤྲིན་ཕུང་དུ་བསྒོམས་ཏེ༔ སྐྱབས་སེམས་སྤྱི་ལྟར་སྔོན་དུ་སོང་ནས༔ མཐིང་ནག་གྲུ་གསུམ་


CMR017_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་ཀྱི་བསྐོར་བའི་དབུས༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་༔ རང་སྣང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ༔ པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་དུ་རང་བྱུང་ཆོས་ཀྱི་དབྱིངས་ལས༔ རང་བྱུང་ཡེ་ཤེས་ཀྱི་རྩལ་ཧཱུྃ་མཐིང་ནག་ཁྲ་ཐབས་སུ་བབ་སྟེ༔ འཕྲོ་འདུས་ཡེ་ཤེས་ཀྱི་འོད་ཟེར་གྱིས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་བསྡུས༔ ཧཱུཾ་ལ་ཐིམ་དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་དང་མདུན་གྱི་གཏོར་མ་དཔལ་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་


CMR017_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲད་པ༔ ཡུམ་འཁོར་ལོ་རྒྱས་འདེབས་དང་གཉིས་མེད་དུ་འཁྲིལ་བ༔ ཞལ་ཕྱག་རྒྱན་དང་ལྡན་པ༔ ཕྱག་གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊཾ་འཛིན་པ༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་བ༔ ཡུམ་གྱི་གཡས་ཨུཏུལ་མགུལ་ནས་འཁྱུད་པ༔ གཡོན་དུང་དམར་གཙོ་ལ་སྟོབ་པ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ དེའི་དཔྲལ་བར་ཧཱུྃ་ཀཱ་ར༔ དཔུང་པ་གཡས་སུ་རྣམ་རྒྱལ༔ གཡོན་དུ་དབྱུག་སྔོན༔ མགྲིན་པར་རྟ་མགྲིན༔ ཐུགས་ཀར་གཤིན་རྗེའི་གཤེད༔ ལྟེ་གོང་བདུད་རྩི་འཁྱིལ་པ༔ ལྟེ་བར་མི་གཡོ་མགོན་པོ༔ བརླ་གཡས་འདོད་རྒྱལ༔ བརླ་གཡོན་ཁམས་གསུམ་རྣམ་རྒྱལ༔ གསང་གནས་སུ་སྟོབས་པོ་ཆེ༔ ཐམས་ཅད་ཞལ་གསུམ་ཕྱག་དྲུག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་ཤིང་ཡུམ་ལ་འཁྲིལ་བ༔ གཡས་གཡོན་དུ་སྤྲུལ་པའི་ཁྲ་ཐབས་དང་བཅས་པ་གསལ་བར་གྱུར༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སོར་བཞི་པའི་སྟེང་དུ༔ གསེར་གྱི་རྡོ་རྗེ་ཚོན་གང་དེའི་ལྟེ་བར་ཧཱུྃ་ལ་ཀཱི་ལ་ཡ་འབྲུ་བཅུ་གསུམ་གྱིས་བསྐོར་དེ་ལྟར་ལྷ་དེ་དག་རང་རང་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ༔ ཐུགས་


CMR017_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུྃ༔ དེ་དག་དམིགས་ལ༔ ཨོཾ་ཨཱཿ༔ཧཱུྃ༔ བདུན་བརྗོད་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བྱིན་རླབས་ཏེ་དབང་རྟགས་སུ་རང་རང་གི་སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར་ལྷ་རང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འོག་མིན་དང་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ གཙོ་འཁོར་དང་བཅས་པ་རང་རང་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟིམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ པཉྩེ་དྷ་ཧྥེ་སོགས༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང་༔ ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་བསྟོད༔ རང་རང་གི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གཙོ་བོའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ གཙོ་བོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་


CMR017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཆད་པར་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་༔ བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ༔ རང་གི་གོ་ཆའི་ལྷ་ཐམས་ཅད་མདོར་ན་རྩ་གནས་ཀྱི་ལྷ་ཐབས་ཤེས་ཡབ་ཡུམ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་པ་ཐམས་ཅད་ཀཱི་ལ་ཡའི་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་ཏི་རི་རི་བཟླས་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷཱན་ཐཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་གང་འགྲུབ་བཟླས་ནས༔ ༈ སློབ་མ་ཁྲུས་བྱས་བགེགས་གཏོར་བཏང་༔ སུམྦྷ་ནིས་བགེགས་བསྐྲད༔ རྒྱས་པར་སྤྲོ་ན་ལས་བྱང་ལྟར་བཀའ་བསྒོ་མཚམས་གཅོད་བྱས་ནས་ནས་ལྕག་བྲབ༔ འོ་ན་ད་ལམ་ཁྱེད་རྣམས་ལ་རྡོ་རྗེ་ཕུར་པའི་དབང་ཟབ་མོ་བསྐུར་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན༔ བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་འདིའི་ངོ་བོ་ནི་ཕྱག་ན་རྡོ་རྗེ་ཡིན་ཏེ༔ བྱ་རྒྱུད་ལ་རྡོ་རྗེ་རྣམ་འཇོམས༔ གསང་སྔགས་སྤྱི་ལ་ཕྱག་ན་རྡོ་རྗེ༔ གསང་སྔགས་རྙིང་མ་ལ་རྡོ་རྗེ་གཞོན་ནུ་རྣམས་ངོ་བོ་གཅིག་ཡིན་པར་གསུངས་ཤིང་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་ཚད་ཐམས་ཅད་ཀྱི་བར་ཆད་སེལ་བར་དམ་བཅས་པའི་ལྷ་ཡིན་པས༔ ལྷ་གང་སྒྲུབ་ཀྱང་འདིའི་སྲུང་མའི་ཚུལ་དུ་བརྟེན་ན་བར་ཆད་མི་འབྱུང་ཞིང་༔ དམ་སྲི་གདུག་པ་ཅན་


CMR017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱིར༔ ཕུར་པའི་ལྷ་ཚོགས་ཞེས་གསུངས་པས༔ རྒྱལ་འགོང་དམ་སྲི་འདུལ་བའི་མཆོག་དམ་པ་ཡིན་ནོ༔ དེའི་རྒྱུད་ཇི་ལྟར་གསུངས་ཚུལ་ནི༔ འོག་་མིན་གྱི་གནས་གསང་ཆེན་རོལ་པའི་དུར་ཁྲོད་དུ༔ བཅོམ་ལྡན་འདས་ཕྲིན་ལས་ཀྱི་བདག་ཉིད་རྡོ་རྗེ་གཞོན་ནུ་ལ་འཁོར་རིགས་བཞིའི་སངས་རྒྱས་དང་སྤྲུལ་པའི་འཁོར་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ༔ གསང་བའི་བདག་པོས་ཞུས་པའི་ངོར༔ བི་ཏོ་ཏ་མ་ལ་འབུམ་སྡེ་ལ་སོགས་པ་ཕུར་པའི་རྩ་བ་དང་བཤད་པ་ཡན་ལག་གི་རྒྱུད་སྡེ་མཐའ་ཡས་པར་གསུངས་ཏེ༔ གསང་བའི་བདག་པོ་དང་མཁའ་འགྲོ་མ་རྣམས་ཀྱིས་གླེགས་བམ་དུ་བྲིས་ནས་དུར་ཁྲོད་བསིལ་བའི་ཚལ་དང་༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ལ་སོགས་པར་གཏེར་དུ་སྦས་སོ༔ དེ་ནས་ཕུར་པ་ཕྲིན་ལས་ཀྱི་རིག་འཛིན༔ པྲ་ཆེན་ཧསྟིས་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གཡུའི་སྒྲོམ་བུ་ཞིག་གཏེར་ནས་ཐོན་པ་ནས་ཕུར་པའི་རྒྱུད་མང་པོ་བྱོན༔ དུར་ཁྲོད་བསིལ་བ་ཚལ་དུ་སློབ་དཔོན་པདྨ་དགོངས་པ་ལ་བཞུགས་ཙམ་ན༔ དུག་ཤིང་གི་སྡོང་པོའི་རྩ་བ་ནས་ནུབ་མོ་མེ་འབར་བའི་གསེབ་ནས་ལྕགས་ཀྱི་སྡིག་པ་མགོ་དགུ་


CMR017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དགུ་པ་ཞིག་གིས་ངས་སེམས་ཅན་སྐྱབས་མེད་པའི་སྐྱབས་བྱའོ༔ མགོན་མེད་པའི་མགོན་བྱའོ་ཟེར་བ་ཞིག་གཟིགས་པས༔ ཕྱིར་ནངས་དེར་བསྐོས་པའི་འོག་ནས་ཕུར་པའི་རྒྱུད་མང་པོ་བྱུང་ངོ་༔ དེ་ནས་རིག་འཛིན་པྲ་ཆེན་ཧསྟི་ལ་སློབ་དཔོན་པདྨས་ཕུར་པའི་དབང་བསྐུར་བར་ཞུས་ནས༔ པྲ་ཆེན་ཧསྟི་ངས་ཁྱོད་ལ་ཕུར་པའི་དབང་བསྐུར་བའི་སྐལ་བ་མི་ལྡན༔ རྒྱ་གར་ཤར་ཕྱོགས་སུ་དུར་ཁྲོད་སོ་སའི་གླིང་གི་བྱང་ཕྱོགས་བྲག་ཐོད་པ་བརྩེགས་པའི་མཁར་ན་མཁའ་འགྲོ་མ་བདེ་བའི་འཁོར་ལོ་བྱ་བ་བཞུགས་པ༔ དེ་ལ་ཞུས་ཞེས་ལུང་བསྟན་ནས༔ དེར་བྱོན་པས་དུར་ཁྲོད་གཞལ་ཡས་ཁང་གྲུ་གསུམ་མཐིང་ནག་འབར་བའི་གདན་ལ་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་ཁ་ཊཾ་ཐོད་ཁྲག་བསྣམས་པ་ཁྲོ་མོའི་ཆ་ལུགས་ཅན་ལ་འཁོར་མ་མོ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་ནས་ཀཱི་ལ་ཡའི་སྒྲ་རབ་ཏུ་སྒྲོག་པ་དང་མཇལ་ནས༔ ཕུར་པའི་དབང་ཞུས་པས་སློབ་དཔོན་ཧཱུྃ་དུ་བསྒྱུར་ནས་ཞལ་དུ་མིད་དེ༔ སྐུའི་དབྱིབས་བརྒྱུད་ནས་སྤྱི་མགྲིན་ཐུགས་ཀ་གསང་གནས་བཞིར་ཞག་རེ་རེ་བཞག་ནས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ༔ མཁའ་གསང་ནས་བྱུང་སྟེ་རྡོ་རྗེ་ཕུར་


CMR017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་མན་ངག་ཐམས་ཅད་གནང་ནས༔ སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་དང་༔ ལྷུན་གྱིས་གྲུབ་པར་བྱས་པ་ལ་སོགས་རིག་འཛིན་ལ་མངའ་བརྙེས་པར་འགྱུར་རོ༔ སླར་ཡང་སློབ་དཔོན་པྲ་བྷ་ཧསྟི་ལ་ཕུར་པའི་ཆོས་སྐོར་མང་དུ་ཞུས་སོ༔ དེ་ནས་སློབ་དཔོན་པདྨ་བལ་ཡུལ་ཡང་ལེ་ཤོད་དུ་ཡང་དག་མར་མེ་དགུའི་དཀྱིལ་འཁོར་བཞེངས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ༔ བལ་ཡུལ་གྱི་ལྷ་འདྲེ་གདུག་པ་ཅན་གྱིས་བར་ཆད་བྱས་ཏེ་ཐན་པ་ཆེན་པོས་རྩི་ཤིང་ལོ་ཐོག་ཆུ་མིག་ཡན་ཆད་སྐམ༔ མུ་གེ་ཆེན་པོས་མི་ཕྱུགས་ཐམས་ཅད་ཁ་དག་པ་བྱུང་ནས༔ སློབ་དཔོན་གྱིས་བལ་པོ་ཇི་ལ་དང་བ་ར་གསེར་སྦྱིན་གཉིས་ལ་གསེར་ཕྱེ་བྲེ་གང་དང་གསེར་སྲང་བརྒྱ་ལས་བྱས་པའི་པ་ཊ་གཅིག་རྒྱ་གར་རྒྱལ་པོ་ལ་བསྐུར་ནས༔ རྡོ་རྗེ་ཕུར་པའི་རྒྱུད་གཞུང་བཞུགས་ཚད་སྐུར་ཅིག་ཞུས་པས༔ རྒྱལ་པོའི་བི་ཀ་མ་ལི་པཎྜི་ཏ་རྣམས་ལ་གནང་བ་དང་པཎྜི་ཏ་སྟོང་ལྔ་བརྒྱའི་བཀའ་བསྒོས་ནས་རྡོ་རྗེ་ཕུར་པའི་ཆོས་མི་གཉིས་ཀྱིས་ཆག་ཚད་བསྐུར་བས་ཡང་ལེ་ཤོད་ཀྱི་ཕུག་པར་སླེབ་པ་ཙམ་གྱིས་ནམ་མཁའ་ལ་སྤྲིན་འདུས༔ ཞལ་ཕྱེས་པ་ཙམ་གྱིས་ཆར་ཆེན་པོ་བབ༔ ཆུ་


CMR017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྐམ་པ་རྣམས་སྐྱེས༔ རྩི་ཤིང་ནགས་ཚལ་ལོ་ཐོག་ཐམས་ཅད་དུས་དེ་ཉིད་དུ་སྔོ་ལྷུབ་སྟེ་སྐྱེས་ཤིང་རྒྱས་སོ༔ དེ་ནས་སློབ་དཔོན་གྱིས་ཕུར་པའི་ཆོས་རྣམས་དཔག་བསམ་གྱི་ཤིང་ལ་དཔེ་བླངས་ནས༔ བི་ཏོ་ཏ་མ་ལ་སོགས་པ་རྩ་བ་ལྟ་བུའི་རྒྱུད་བཞི༔ ཡལ་ག་ལྟ་བུའི་ཁྲོ་བཅུའི་རྒྱུད་ཆུང་བཅུ༔ དམར་མོའི་བསེ་མོའི་རྒྱུད་སོགས་ལོ་མ་ལྟ་བུའི་རྒྱུད་གསུམ་རྣལ་འབྱོར་བླ་མ་སོགས་མཛེས་པའི་མེ་ཏོག་ལྟ་བུའི་རྒྱུད་བཞི༔ རྡོ་རྗེ་རྩེ་མོ་སོགས་སྨིན་པ་འབྲས་བུ་ལྟ་བུའི་རྒྱུད་བཞི་སོགས་སུ་ཕྱེས་ནས་རྒྱུད་དེ་དག་ལས་བརྟེན་པའི་སྒྲུབ་ཐབས་མན་ངག་དུ་མ་མཛད༔ དེ་ནས་སློབ་དཔོན་དཔོན་སློབ་གསུམ་ཚ་བ་ཆ་ཤོད་བསེའི་ཡུལ་མེ་ཏོག་དགུན་ཡང་སྐྱེས་པའི་གནས་སུ་བྱོན་ཏེ་གཟིགས་ཙ་ན༔ ཆོ་འཕྲུལ་ཆེན་པོས་དབུགས་འཕྲོག་སྙམ་བྱེད་པ་ཞིག་བྱུང་ནས་ཕྱག་རྒྱ་བཞི་ཡིས་བཀུག་ནས་ལྷུང་བཟེད་ཞབས་སུ་བཅུག་ནས་བཞུགས༔ ཕྱིར་ནངས་བལྟས་པས་ལྷའི་བུ་མོ་མཛེས་སྡུག་འོད་འབར་བ་བཞི་འདུག་པས་ངེད་བཞི་ཡུལ་ཚ་བ་ཚ་ཤོད་ཀྱི་རྒྱལ་ཁམས་ལ་དབང་བྱེད་པའི་ས་བདག་བསེའི་བུ་མོ་བཞི་ཡིན་ཟེར༔ དེར་དམ་ལ་བཏགས་པའི་རྡོ་རྗེ་ཕུར་པའི་ཆོས་ཉན་བཤད་དང་སྒྲུབ་པའི་


CMR017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་པའི་སྲུང་མར་བསྐོས་སོ༔ ཕུར་སྲུང་བསེའི་ལྷ་མོ་མཆེད་བཞི་མིང་བཏགས་སོ༔ དེ་ནས་སློབ་དཔོན་རྒྱ་གར་བི་ཀ་མ་ལའི་གཙུག་ལག་ཁང་དུ་བྱོན་ནས་པཎྜི་ཏ་རྣམས་ལ་ཕྱག་དཔེ་སྔ་མ་རྣམས་གཏད༔ སློབ་དཔོན་ཉིད་ཀྱིས་བརྩམས་པ་རྣམས་གཟིགས་ཕུལ་བས༔ པཎྜི་ཏ་རྣམས་མཉེས་ནས་ཕྱག་གྱང་འགྱེལ་བ་ལྟར་འཚལ༔ ད་དུང་ཡང་སྔགས་ཀྱི་འགྲེལ་བ་སྒྲུབ་ཐབས་མང་དུ་རྩོམས་ཤིག་ཅེས་ཞུས་ཤིང་མངོན་པར་བསྟོད་དོ༔ དེ་ནས་སླར་ཡང་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་སློབ་དཔོན་པདྨ་དང་༔ པཎྜི་ཏ་བི་མ་ལ་མི་ཏྲ་དང་༔ བལ་པོའི་པཎྜི་ཏ་ཤྲཱི་ལ་མཉྫ་གསུམ་གྱིས་རྡོ་རྗེ་ཕུར་པའི་བསྒྲུབས་པ་བྱས་པས༔ ནུབ་དང་པོ་ལ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས་པའི་བུད་མེད་ཕུར་པ་ཐོགས་པ་དང་༔ གསེར་གྱི་འཕར་བ་ལྕེ་བརྒྱད་ཆིབས་པའི་བུད་མེད་དང་༔ ཟངས་ཀྱི་ཝ་མོ་རྐང་གསུམ་ལ་ཆིབས་པའི་བུད་མེད་དང་༔ གཡུའི་ཁྱི་མོ་རལ་པ་ཅན་ཆིབས་པ་བུད་མེད་ཕུར་པ་ཐོགས་པ་བཞི་བྱུང་བ་དམ་ལ་བཏགས་ནས་ཕུར་སྲུང་ཤཱ་ན་མཆེད་བཞི་མིང་བཏགས་སོ༔ ནུབ་གཉིས་པ་ལ་སྔར་གྱི་བསེ་ཡི་ལྷ་མོ་བཞི་བྱུང་༔ ནུབ་གསུམ་པ་ལ་ལྷ་མོ་རེ་


CMR017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏི་མཆེད་བཞི་བྱུང་བ་རྣམས་དམ་ལ་བཏགས་ནས་རྡོ་རྗེ་ཕུར་པའི་དབང་ཐོབ་ཉམས་སུ་ལེན་པ་རྣམས་ཀྱི་སྲུང་མར་བསྐོས༔ དེ་ནས་ཕུར་པ་རྣམས་དཀྱིལ་འཁོར་གྱི་སྟེང་དུ་འཁྲབ་ཅིང་བྱུང་བས་སྒོ་བར་བཅུག་པས༔ སྒོ་བ་ནམ་མཁར་འཕར་ཞིང་སྒོ་བའི་ནང་ནས་ཆོམ་སྒྲ་འུར་སྒྲ་རིམ་རམ་བྱུང་བས་ཕུར་པ་རྣམས་བཏོན་ནས༔ སློབ་དཔོན་པདྨས་རྡོ་རྗེ་གདན་དང་མ་ལ་ཡའི་ཙན་དན་གྱི་ནགས་ཚལ་ལ་མུ་སྟེགས་པའི་མེ་བཀྱེས་པས་སྐམ་ནི་ཡོད་པ་ལ༔ ཕུར་པ་བཏབ་པས་རྩི་ཤིང་སྔོ་འུར་གྱིས་ལོ་འདབ་དང་མེ་ཏོག་རྒྱས་སོ༔ སློབ་དཔོན་བི་མ་ལས་ཆུ་བོ་གངྒཱ་དང་པཀྵ་དུས་གཅིག་ལ་འབྲུབ་པ་ལ་བཏབ་པས་ཞག་དགུ་གྱེན་ལ་བཟློག༔ གངྒཱའི་ཆུ་བོ་རབ་མེད་ཀྱི་ཆུ་སྲིན་མི་ཟན་དམ་ལ་བཏགས་པས་ཆུ་སྲིན་ཐུལ༔ སློབ་དཔོན་ཤཱི་ལ་མཉྫས་བལ་ཡུལ་མན་དྷ་ར་བའི་རི་ལ་བྲག་སྲིན་ཆེན་པོ་མི་རྐུན་གནས་པ་ལ་བཏབ་པས༔ བྲག་སྲིན་ཐུལ་ནས་བྲག་དང་ཀར་གོང་ཐམས་ཅད་ནས་ཙམ་ཡོས་ཙམ་འཐོར་ནས་ཞིག་སོང་ངོ་༔ དེའི་ཚེ་སློབ་དཔོན་གསུམ་ཀས་རྡོ་རྗེ་གཞོན་ནུ་ཞལ་དངོས་སུ་མཐོང་ངོ་༔ དམ་ཅན་སྡེ་གསུམ་གྱིས་ཕྱི་རབས་ཕུར་པའི་ཆོས་འཆད་ཉན་སྒོམ་སྒྲུབ་བྱེད་པ་རྣམས་


CMR017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཞིན་སྐྱོང་བར་ཁས་བླངས་སོ༔ སློབ་དཔོན་དེ་གསུམ་གྱི་དགོངས་པ་བསྡུས་ནས་མཛད་པའི་ཕུར་པའི་ཆོས་རྣམས་ལ༔ ཕུར་པ་རྣམ་གསུམ་སྐོར་ཞེས་བྱ་བར་གྲགས་སོ༔ དེ་ནས་སློབ་དཔོན་པདྨ་བོད་དུ་བྱོན་ནས་བྲག་དམར་བསམ་ཡས་སུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ནས་བསམ་ཡས་ཀྱི་ས་འདུལ་ཕུར་འཆམས་དང་བཅས་པ་མཛད༔ བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ནས་བཀའི་སྲུང་མར་བསྐོས་སོ༔ དེའི་ཚེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རྗེ་འབངས་བློན་པོ་དང་བཅས་པ་ལ་རྡོ་རྗེ་ཕུར་པའི་དབང་གནང་སྟེ༔ པཎྜི་ཏ་ཀ་མ་ལ་ཤཱི་ལ་ཞེས་བྱ་བ་ཕ་དམ་པ་དེ་དུས་དབང་གི་ལས་སློབ་མཆོད་གཡོག་མཛད་ཅེས་དམ་པས་གསུངས་སོ༔ དེར་རྗེ་འབངས་རྣམས་ཀྱིས་བྲག་དམར་མགྲིན་བཟང་དུ་རྡོ་རྗེ་ཕུར་པའི་སྒྲུབ་གཞུང་བཙུགས་ནས་བསྒྲུབས་པས༔ ཕུར་པ་འཁྲབ་པ་དང་མེ་འབར་བ་འོད་འཁྱུག་པ་དང་༔ ལྡིང་བ་ལ་སོགས་བྱུང་སྟེ༔ དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ཧས་པོ་རི་ལ་ཕུར་པ་གཅིག་བཏབ་པས༔ མེ་འབར་ནས་རྩི་ཤིང་ཐམས་ཅད་བསྲེགས་སོ༔ ནམ་མཁའི་སྙིང་པོས་མཁར་ཆུའི་བྲག་ལ་བཏབ་པས་མཁར་ཆུ་


CMR017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕུར་ཅན་ཞེས་གྲགས་སོ༔ སངས་རྒྱས་ཡེ་ཤེས་ཀྱིས་སྒྲགས་ཀྱི་རི་ལ་ཚད་ནས་འདྲིལ་བ་ཙམ་གྱིས་མེ་འབར་རོ༔ རྡོ་རྗེ་བདུད་འཇོམས་ཀྱིས་གཙང་པོ་ལ་བཏབ་པས་ཆུ་འཁྱིལ་ཉི་མ་ཕྱེད་ཀྱི་བར་དུ་ཆུ་འབབ་མ་ནུས༔ བྲག་ཟང་ཟིང་མོ་ལ་བཏབ་པས་ནས་ཙམ་ཡོས་ཙམ་དུ་འཐོར༔ ཤུད་བུ་དཔལ་སེང་གིས་བསམ་ཡས་ཧས་པོ་རི་ལ་དགུན་ལ་བཏབ་པས་རྩི་ཤིང་སྔོ་ལྷུབ་ཀྱིས་སོང་༔ ཡར་གཙང་འདོམ་པའི་གཙང་པོ་ལ་བཏབ་པས་ཞག་གསུམ་ཆུ་གྱེན་ཏུ་འཁྱིལ༔ ཤཱཀྱ་པྲ་བྷས་སྐྱིད་ཤོད་ཀྱི་བྲག་ཟང་ཡག་དམར་པོ་ལ་བཏབ་པས་མཁར་བས་མཐོ་བ་ཡོད་པ་རྣམས་ཧྲལ་གྱིས་རལ༔ མཁར་ཆེན་བཟས་ནམ་མཁའི་བྱ་རོག་ལ་ཚད་པས་ཐང་ལ་བྲུལ༔ ཕ་མིང་ལ་ན་ཚ་རྒོད་པར་ཡོད་པས༔ ཕ་མིང་གི་ཟ་འདྲེ་ལ་ཀཱི་ལ་ཡ་གསུངས་པས་ཕུར་པ་གཅིག་ཕྱག་ནས་འཕར་ཏེ་སོང་༔ ཕྱིར་ནངས་བཙལ་བས་སྐྱེར་ཕུང་གཅིག་ལ་ཟུག་ཁྲག་ཤ་རེ་འདུག༔ དེར་ཕ་མིང་གིས་ཟ་འདྲེ་ཐུལ་ནས་ཕ་མིང་དར་རྒྱས་སུ་གྱུར་ཏེ༔ མཁར་ཆེན་འདྲེ་ཐུལ་གྱི་བརྒྱུད་པ་ཞེས་གྲགས་སོ༔ དེ་དག་ནི་གཙོར་ཆེར་སྨོས་པ་ཙམ་ཡིན་གྱི༔ གཞན་ཡང་མཁན་པོ་ཀླུའི་དབང་པོ་དང་འོ་བྲན་དཔལ་གྱི་


CMR017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སོགས་ཕུར་པའི་གྲུབ་ཐོབ་བཀའ་བབས་མང་དུ་བྱུང་སྟེ༔ བཀའ་བབས་གཙོ་བོ་ནི་མཁར་ཆེན་བཟའ་ཡིན་ནོ༔ དེ་ནས་སློབ་དཔོན་གྱིས་དཔལ་གྱི་དབང་ཕྱུག་ལ་ཙན་དན་གྱི་ཕུར་པ་ཁྱེའུ་ལོ་བརྒྱད་པ་ཙམ་ཞིག་གནང་ནས༔ གཙང་གི་བྱང་ངོས་ན་སྲིན་པོ་འདུག་པ་ཅིག་མ་ཐུལ་ནས་ཡོད་པ་ཐུལ་ཞིག་གསུངས་ནས་སློབ་དཔོན་སྲིན་ཡུལ་དུ་འབྱོན་པར་དགོངས་སོ༔ བོད་ཀྱི་སྒྲུབ་གནས་ཐམས་ཅད་དང་རྒྱ་གར་རྒྱ་ནག་ཀང་ཚེའི་རི་ཡན་ཆད་དུ་རྫུ་འཕྲུལ་གྱིས་བཀོད་པའི་རྡོ་རྗེ་ཕུར་པའི་ཆོས་དང་ཕུར་པའི་ཐུན་རྫ་ས་སོགས་གཏེར་ཆེ་ཆུང་དུ་མ་སྦས་ཏེ༔ དེས་གཅིག་གི་གཏེར་བདག་མིན་པ་གཅིག་གིས་བཏོན་ནི་འགྲོ་དོན་མི་འབྱུང་༔ གཞན་ཐམས་ཅད་དུས་སྐབས་སོ་སོར་འགྲོ་དོན་རྒྱ་ཆེན་པོ་འབྱུང་་ཞིང་༔ ཡིད་གཉིས་མེད་པར་འདི་ལ་མོས་བྱས་ཤིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་་བསླུ༔ ཞེས་ཐ་ཚིག་གསུངས་ཏེ༔ མདོར་ན་ཨོ་རྒྱན་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་ཡི་དམ་གྱི་གཙོ་བོ་རྡོ་རྗེ་ཕུར་པ་འདི་ཡིན་པའི་ཕྱིར་རོ༔ དེ་ནས་སློབ་དཔོན་སྲིན་


CMR017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཁ་གནོན་ལ་བྱོན་དུས་རྒྱལ་པོ་མུ་ཁྲི་བཙན་པོ་སོགས་བོད་ཀྱི་ལྷ་སྲས་དང་རྒྱལ་བློན་ཐམས་ཅད་ཀྱིས་སློབ་དཔོན་མང་ཡུལ་བར་དུ་བསྐྱལ༔ སོ་སོར་ཆོས་དང་ཞལ་གདམས་མང་དུ་ཤུགནང་༔ དེ་དུས་ཇོ་མོ་མཁར་ཆེན་བཟའ་དང་༔ ལྕོགས་རོ་བཟའ་དཔལ་མཆོད་གནས་མ་དང་༔ གཡོག་ཨཱཿ་ཙར་ས་ལེ་གསུམ་གྱི་ཐད་དུ༔ དགྲ་བགེགས་གདུག་པ་འདུལ་བ་ལ་མཐུ་དང་བྱིན་རླབས་ཆེ་བའི་ཆོས་ཤིག་ཞུ་ཞུས་པས༔ སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲུལ་ཏེ་དབང་ང་ལ་ཞུའམ་ལྷ་ལ་ཞུ་གསུངས་པས༔ ལྕོགས་རོ་བཟའི་བསམ་པ་ལ་སློབ་དཔོན་གྱིས་ནི་ད་རུང་ལྷ་འདི་རྣམས་མཐུན་པའི་གདམས་ངག་ཀྱང་ཉམས་སུ་ལེན་དགོས་ཤིང་གདའ་སློབ་དཔོན་འདི་ང་རང་དང་འབྲེལ་པ་ཡོད་པ་ཡིན་པས་དེ་བས་ལྷ་ལ་ཞུས་ན་ལྷག་བསམས་ནས་དབང་ལྷ་ལ་ཞུ་ཟེར་རོ༔ དེར་སློབ་དཔོན་གྱི་ཁྲོ་བཅུ་ཐུགས་ཀར་བསྡུས་པས་མོས་དབང་མ་ཐོབ་པ༔ ཕུར་པ་ཕྱི་ལྟར་བོན་ལུགས་སུ་བཤད་པ་ཕུར་པ་ལྕམ་ལུགས་བདུད་རྩི་ལྕམ་ལུགས༔ ཡང་དག་ལྕམ་ལུག་གསུམ་གནང་༔ མོས་སློབ་དཔོན་ལ་ལོག་ལྟ་སྐྱེས་པའི་ཉེས་པས་ཕུར་པ་བསྒྲུབས་ཀྱང་ནུས་པ་མ་ཐོན་ནས་མོ་དམ་སྲིར་སྐྱེས་སྐད་དོ༔


CMR017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སློབ་དཔོན་ཆེན་པོ་ཀླུ་དཔལ་དང་༔ སྟག་ར་ཀླུ་གོང་གཉིས་ཀྱང་སྔར་སློབ་དཔོན་ལས་རྡོ་རྗེ་ཕུར་པའི་དབང་ཐོབ་ཀྱང་སློབ་དཔོན་ལ་ལོག་ལྟ་གཤེ་སྐུར་བྱས་རྒྱལ་པོ་ལ་ཚེ་དབང་ཞུ་མ་བཅུག་པའི་ཉེས་པས་རེ་ཞིག་དམྱལ་བར་སྐྱེས་ཏེ༔ ཡང་དབང་ཐོབ་པའི་བྱིན་རླབས་ཀྱིས་མྱུར་དུ་ཐར་ནས་སྐྱེ་བ་ཐམས་ཅད་དུ་དབང་ཆེ་ཞིང་སྟོབས་དང་ལྡན་པར་སྐྱེས་ཏེ༔ དམ་ཚིག་ཉམས་པའི་རྟེན་འབྲེལ་གྱིས་བོད་ཀྱི་བསྟན་པ་དང་སེམས་ཅན་ལ་སྐྱེ་བ་མང་པོར་གནོད་པ་ཆེན་པོར་བྱེད་པར་ལུང་བསྟན་ཏེ༔ ཁོང་གསུམ་ཡང་མཐར་ནི་སློབ་དཔོན་གྱི་ཐུགས་རྗེས་འཛིན་པར་གསུངས་སོ༔ དེ་ནས་སྤྱིར་གསང་སྔགས་ཐམས་ཅད་ཁྱད་པར་རྡོ་རྗེ་ཕུར་པའི་དབང་ཞུས་ནས་སློབ་དཔོན་ལ་དམ་ཚིག་བསྲུང་བ་མན་ངག་དམ་པ་ཡིན་ནོ༔ ཇོ་མོ་མཚོ་རྒྱལ་གྱིས་ནི་དབང་སློབ་དཔོན་ལ་ཞུ་ཞུས་པས་གནང་ཞིང་སློབ་དཔོན་ཉིད་ཀྱི་མགུལ་ཁུག་ནས་རྡོ་རྗེ་ཕུར་པའི་ཤོག་དྲིལ་བཏོན་ཏེ་རྡོ་རྗེ་ཕུར་པའི་སྐོར་ལ་འདི་བས་ཟབ་པ་ཡོད་རེ་ཞེས་དབུ་བསྙུང་མཛད་ནས་གནང་༔ དེ་ནས་སློབ་དཔོན་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་ཁ་གནོན་ལ་བཞུགས་སོ༔ དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་


CMR017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིང་སེང་གེའི་རྫོང་གསུམ་དུ་རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད་པས་ཕུར་པའི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཇལ་བྲག་ལ་ཕུར་པ་བཏབ་ཅིང་བྲག་ལས་ཚེ་ཆུའི་རྒྱུན་བབས་པ་ད་ལྟའི་བར་དུ་ཡོད་དེ་ཆུ་དེ་སུས་འཐུང་ཚད་ཚེའི་བར་ཆད་སེལ་ལོ༔ དགུང་ལོ་ཡང་གཉིས་བརྒྱ་ལྷག་ཙམ་བསྒྲེས་རྒུད་མི་མངའ་བར་བཞུགས་ཤིང་གཉེན་ཨཱཿ་ཙརྱ་དཔལ་དབྱངས་སོགས་ལ་ཕུར་པའི་གདམས་ངག་གནང་བས་གྲུབ་པ་ཐོབ་པ་མང་དུ་བྱུང་ངོ་༔ དེ་ནས་དཔལ་གྱི་དབང་ཕྱུག་གིས་གཙང་བྱང་ངོས་སུ་རྡོ་རྗེ་ཕུར་པ་བསྒྲུབས་ནས་སྲིན་པོ་དངོས་སུ་བཏུལ་བའི་ཚེ༔ ལྷོ་ནུབ་རྔ་ཡབ་ནས་འོད་ཆེན་པོ་བྱུང་སྟེ་ལུང་པ་དེ་དྲན་པ་ལྟར་གྱུར་པས་འོ་བྲན་དཔལ་གྱི་དབང་ཕྱུག་ཏུ་གྲགས་ཤིང་༔ ཕུར་སྲུང་ལྷ་མོ་རེ་མ་ཏི་དངོས་སུ་ཞལ་གཟིགས་ནས་ཁོང་གི་བརྒྱུད་པ་རྣམས་ལ་སྒྲུབ་མི་དགོས་པར་གཏོར་མ་བཤམས་ཙམ་ནས་དགྲ་ལ་མཐུ་འགྲོ་བའི་ཁས་ལེན་བྱས་ཏེ༔ ཝ་རོ་ཟན་གྱི་བརྒྱུད་པ་ཞེས་དུས་ཕྱིས་ཀྱི་བར་དུ་ནུས་པ་རྟགས་ཐོན་པས་བརྒྱུད་པ་བར་མ་ཆད་པར་བྱུང་ངོ་༔ ཁྱད་པར་དུ་མཁོན་ཀླུའི་དབང་པོ་བསྲུང་བ་ནས་བཟུང་སྟེ་ས་ཆེན་ཀུན་སྙིང་ཡན་ཆད་དུ་རྡོ་རྗེ་ཕུར་པ་དང་ཡང་དག་གི་སྒོ་ནས་གྲུབ་པ་ཐོབ་


CMR017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་མ་ཆད་པར་བྱོན་པ་ས་སྙིང་ཞེས་སུ་གྲགས་ཏེ༔ ས་ཆེན་ཀུན་སྙིང་ནས་བཟུང་རྙིང་མའི་ཡང་དག་ལྷ་དགུ་དང་གསར་མའི་ཀྱེ་རྡོར་ལྷ་དགུ་དོན་གཅིག་པར་དགོངས་ནས་ཀྱེ་རྡོར་དང་རྡོ་རྗེ་ཕུར་པ་ལ་ཡི་དམ་མཛད་ཅིང་༔ ས་སྐྱ་པཎྜི་ཏ་ཡིས་མུ་སྟེགས་འཕྲུལ་རྗེ་རས་པ་འདུལ་བའི་ཕྱིར་བལ་པོར་བྱོན་ནས་མུ་སྟེགས་པ་རྩོད་པའི་བགྲོ་གླེང་གིས་ཕམ་ཐུབ་ན་ཡང་མུ་སྟེགས་པ་ནམ་མཁའ་ལ་འཕུར་ནས་སོང་བས་ཐབས་མ་རྙེད་ནས་སྐུ་ཁྲོས་ནས་རྡོ་རྗེ་ཕུར་པའི་རྣལ་འབྱོར་པ་གཅིག་ཡོད་པ་ལ་མཐུ་ཡོད་དམ་གསུངས་པས༔ དེས་མུ་སྟེགས་པའི་གྲིབ་མ་ལ་ཕུར་པ་ཚད་ཙམ་གྱིས་མུ་སྟེགས་པ་ས་ལ་བྲུལ་ལོ༔ དེ་ལ་ས་པཎ་ངོ་མཚར་སྐྱེས་ནས་ཁྱོད་ཀྱི་སྔགས་ནུས་པ་ཅན་གང་ཡིན་ཐོན་དང་གསུངས་པས་རྣལ་འབྱོར་པས་ཨོཾ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཧཱུྃ་ཕཊ༔ ཟེར་བས་ས་པཎ་བཞུད་ནས་སྔགས་མ་དག་པར་འདུག་ཀཱི་ལི་ཀཱི་ལ་ཡ་ཟེར་གསུངས་པས༔ རྣལ་འབྱོར་པ་དེ་ཁྲོས་ནས་ང་སྔར་ཡང་ཀྱི་ལི་ཀྱི་ལ་ཡ༔ ང་ད་ཡང་ཀྱི་ལི་ཀྱི་ལས་འགྲོ་ཟེར་ནས་ཕུར་པ་བྲག་ཚོ་ལ་བརྒྱབས་པས་འདམ་བག་ལ་བརྒྱབ་ལྟར་སོང་ནས༔ ས་པཎ་གྱིས་བོད་མོས་པས་འགྲུབ་ཟེར་བ་དེ་བདེན་པར་འདུག་


CMR017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སྐད་དོ༔ དེ་ས་སྐྱ་པཎྜི་ཏས་སློབ་དཔོན་པདྨའི་རྒྱ་དཔེ་རྙིང་པ་ཞིག་ལས་ཕུར་པ་རྩ་ཐུང་གི་རྒྱུད་བསྒྱུར༔ བླ་ཆེན་འཕགས་པ་དང་བསོད་ནམས་རྒྱལ་མཚན་ལ་སོགས་ས་སྐྱའི་ཞབས་དྲུང་ཁྲི་རྒྱན་ན་རིམ་པར་ཐམས་ཅད་ཀྱིས་རྡོ་རྗེ་ཕུར་པ་འདི་ཐུགས་དམ་དུ་མཛད་ཅིང་༔ གཙང་ས་སྐྱ༔ དཔལ་འཁོར་བདེ་ཆེན༔ གངས་དཀར་རྡོ་རྗེ་གདན་ལ་སོགས་ཆོས་གྲྭ་ཆེན་པོ་རྣམས་སུ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཕུར་འཆམས་དང་བཅས་པ་ད་ལྟའི་བར་དུ་དར་ཞིང་རྒྱས་པ་རྣམས་ནི་ཕུར་པ་བཀའ་མ་ཡིན་ཞིང་༔ གུ་རུ་ཆོས་ཀྱི་དབང་ཕྱུག་དང་རིག་འཛིན་སངས་རྒྱས་གླིང་པ་སྤྲུལ་སྐུ་རཏྣ་གླིང་པ་སོགས་གཏེར་ཁ་དུ་མ་ནས་བྱོན་པ་རྣམས་ནི་གཏེར་མ་ཡིན་ཞིང་༔ ཁྱད་པར་ཟབ་ཅིང་དར་སྲོལ་ཆེ་བ་རཏྣ་ལུགས་ཀྱི་ཕུར་པ་འདི་ནི་མཁས་པ་བེ་རོ་ཙ་ནའི་ཕྱག་བྲིས་དྭགས་པོའི་ཡུལ་ལྡང་ལྷ་ཁྲ་མོའི་བྲག་ཏུ་སྦས་པའི་ཁ་བྱང་ལས་འབྲེལ་རྩལ་གྱིས་གཏེར་མ་དང་རཏྣ་གླིང་པ་ཉིད་ཀྱི་གཏེར་མ་གཉིས་ཀའི་ཞལ་འཛོམ་ཞིང་༔ དགེ་བསྙེན་ལྡང་ལྷས་ཀྱང་བསུ་བ་བྱས་པ་ལ་སོགས་བྱུང་ཞིང་གཏེར་ནས་སྤྱན་དྲངས་ཏེ༔ སྣེལ་གདོང་ཞབས་དྲུང་སོགས་དབུས་གཙང་ཁམས་གསུམ་གྱི་ཆོས་བདག་རྣམས་ལ་གནང་བས་


CMR017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཞིང་རྒྱས་སོ༔ དེ་ལྟར་བཀའ་མ་དང་གཏེར་མ་གཉིས་ཀའི་བརྒྱུད་པ་ནི་དབང་འདི་ལ་ཚང་བས་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན་པས༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཕུར་པ་མཁན་པོ་བཀྲ་ཤིས༔ ཕུར་པ་མཁན་པོ་དཔལ་ཆེ༔ ཕུར་པ་མཁན་པོ་ཚེ་རིང་༔ ཕུར་པ་མཁན་པོ་ནོར་ཕྱུགས༔ ཕུར་པ་མཁན་པོ་འཁོར་རྒྱས༔ ཕུར་པ་མཁན་པོ་སྲིད་འཕེལ༔ ཕུར་པ་མཁན་པོ་མཐུ་ཆེ༔ ཕུར་པ་མཁན་པོ་མཐའ་བཙན༔ ཕུར་པ་མཁན་པོ་ཡོན་ཏན་བརྒྱད་དང་ལྡན་ནོ༔ ཞེས་གསུངས་སོ༔ དེ་ལྟར་ཁུངས་བཙུན་ཞིང་ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ༔ ས་གཞི་སྤོས་སོགས། ད་ལྷ་དང་བླ་མ་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ༔ དེ་ནས་བླ་མ་ཡི་དམ་ཐ་མི་དད་པའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ སློབ་དཔོན་ལ་ནི་


CMR017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ སེམས་ཅན་མ་ལུས་སྲིད་པར་ལྟུང་༔ འགྲོ་རྣམས་ཀུན་ལ་ཕན་པའི་ཕྱིར༔ བདག་གིས་དུས་འདི་ཉིད་དུ་ནི༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སངས་རྒྱས་ཉིད་དུ་འགྲུབ་ནས་ནི༔ སེམས་ཅན་འཁོར་བར་བྱིངས་བ་རྣམས༔ བྱང་ཆུབ་གནས་སུ་བསྒྲལ་བར་བགྱི༔ ལན་གསུམ༔ ད་ཡེ་ཤེས་དབབ་པའི་ཕྱིར་ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་སྤྲིན་བཞིན་དུ་གཏིབས་ཏེ༔ སློབ་མའི་སྤྱི་བོར་མར་ལ་བྱིན་རླབས་ཁུ་འཕངས་ལྟར་ཤ་ར་ར་བབས་པས༔ སློབ་མའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐིམ༔ ཁྱད་པར་སྙིང་ཁར་ཡེ་ཤེས་སེམས་དཔའ་ཚོན་གང་བ༔ ཞལ་གཅིག་ཕྱག་གཉིས་ཕུར་པ་ཐུགས་ཀར་འདྲིལ་བ༔ དེའི་ཐུགས་ཀར་རྡོ་རྗེ་ནས་འབྲུ་ཙམ་པའི་ལྟེ་བ་ལ་ཀཱི་ལ་ཡ་འབྲུ་བཅུ་གསུམ་གྱིས་བསྐོར་བའི་ལྟེ་བ་ལ་ཧཱུཾ་གནས་པ༔ དེ་ལ་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐིམ་པར་བསྒོམ༔ ཞེས་རོལ་


CMR017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབྱངས་དང་བཅས་པས༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང་༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པའི་རྡོ་རྗེ་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ༔ ཨཱཿ་ཝེ་ཤཱ་ཡ་ཨ་ཨཱུ༔ རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲཿ དེས་ཡེ་ཤེས་པ་དབབ་པ་སོང་ནས་དབང་ཞུ་བའི་ཡུལ་གསལ་བཏབ་པ་ནི༔ མདུན་གྱི་གཏོར་མ་་འདི་ཉིད་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་གྲུ་གསུམ་མཐིང་ནག་པད་ཉི་དྲེགས་པའི་གདན་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་མཐིང་ནག་ཁྲོ་བོའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མཐིང་དཀར་དམར་བའི་ཞལ་གསུམ་དང་ཁྲོ་བཞད་གཤེ་བའི་ཉམས་ཅན༔ ཕྱག་དྲུག་གི་དང་པོ་གཉིས་རྩེ་དགུ་མེ་དཔུང་༔ བར་མ་གཉིས་རྩེ་ལྔ་ཁ་


CMR017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱཾ༔ ཐ་མ་གཉིས་རི་རབ་ཕུར་པ་འདྲིལ་བ༔ ཞབས་བཞི་འདོར་ཐབས་སུ་བསྒྲད་ཅིང་༔ ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱས་ཨུཏྤལ་དང་དུང་ཁྲག་འཛིན་པས་འཁྱུད་པ༔ སྐུ་ལ་གོ་ཆའི་ཁྲོ་བཅུ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་དང་བཅས་པ༔ འཁོར་སྲས་མཆོག་བཞི་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས༔ སྒོ་སྲུང་ཕོ་ཉའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་མངོན་སུམ་དུ་བཞུགས་པ་གསལ་ཐོབ་ལ༔ གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་ཞུ་སྙམ་པའི་འདིའི་རྗེས་ཟློས་མཛོད༔ སློབ་དཔོན་དམ་པ་དགོངས་སུ་གསོལ༔ རྡོ་རྗེ་གཞོན་ནུའི་དབང་བསྐུར་རྣམས༔ སེམས་ཅན་རྣམས་ལ་ཕན་འདོག་ཕྱིར༔ མི་རྟོག་པ་ཡི་དབང་བསྐུར་སྩོལ༔ གསུམ་མམ་གཅིག༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག༔ དེ་ནས་གཏོར་མ་ཐོགས་ནས་དབྱངས་དང་བཅས་པས༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་གྲུབ་སྟེར༔


CMR017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐུ་ཡི་དབང་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིང་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ དེ་ནས་མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་ལྷ༔ རྡོ་རྗེ་གཞོན་ནུའི་སྐུ་ཡི་བཀྲ་ཤིས་ཤོག༔ ཧཱུྃ༔ སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་འབར་བའི་ཕྱག་རྒྱའི་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་དབང་ཐོབ་ནས་སྐུའི་ཐུགས་དམ་བསྐངས་ཏེ་ལུས་ཀྱི་བར་ཆད་ཐམས་ཅད་ཞི་བའི་དབང་ཐོབ་པར་གྱུར་ཅིག༔ ཡང་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫ་ས་ཆེན་པོའི་དངོས་གྲུབ་སྟེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ མེ་ཏོག་འཐོར་ལ༔ འོ་སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་འབར་བའི་ཕྱག་རྒྱ་འདིའི་དབང་བསྐུར་བས་བདེ་


CMR017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཀུན་གྱི་གསུང་དབང་ཐོབ་ནས་གསུང་གི་ཐུགས་དམ་བསྐངས་ཏེ་ངག་གི་བར་ཆད་ཞི་ནས་དབང་ཐོབ་པར་གྱུར་ཅིག༔ ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་གྲུབ་སྟེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར༔ འོ་སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་འབར་བའི་ཕྱག་རྒྱའི་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་དབང་ཐོབ་ནས་ཐུགས་ཀྱི་ཐུགས་དམ་བསྐངས་ཏེ༔ སེམས་ཀྱི་བར་ཆད་ཐམས་ཅད་ཞི་བའི་དབང་ཐོབ་པར་གྱུར་ཅིག །ཡང་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔


CMR017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫ་ས་ཆེན་པོའི་དངོས་གྲུབ་སྟེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར༔ འོ་སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་འབར་བའི་ཕྱག་རྒྱའི་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡེ་ཤེས་ཀྱི་དབང་ཐོབ་ནས་ཐུགས་དམ་དབྱིངས་སུ་བསྐངས་ཏེ་བར་ཆད་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་དེ་ལྟར་ཀྱི་དབང་བསྐུར་བས་སྒོ་གསུམ་ཆ་སྙོམས་པ་དང་སྒྲིབ་བཞི་དག༔ སྐུ་གསུང་ཐུགས་ཡེ་ཤེས་བཞིའི་བྱིན་རླབས་ཞུགས༔ དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ༔ ད་གཏོར་མ་ལྷ་དང་དབྱེར་མེད་པར་སྤྱི་བོར་བཞག་ནས་བདག་གིས་གསོལ་བ་བཏབ་ཅིང་ཕྲིན་ལས་བཅོལ་བའི་ཚེ༔ ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་ཡོད་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད༔ བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན༔ གསང་བདག་ཕྱག་ན་རྡོ་རྗེ༔ མཁའ་འགྲོ་མ་བདེ་བའི་འཁོར་ལོ༔ ཕྲིན་ལས་རིག་འཛིན་པྲ་ཆེན་ཧསྟི༔


CMR017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་འབྱུང་གནས༔ པཎ་ཆེན་བི་མ་ལ་མི་ཏྲ༔ བལ་པོ་ཤྲཱི་ལ་མཉྫ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ གནུབས་ནམ་མཁའི་སྙིང་པོ༔ ཤུད་བུ་དཔལ་གྱི་སེང་གེ༔ འཆིམ་ཤཱཀྱ་པྲ་ཝ༔ སྣ་ནམ་རྡོ་རྗེ་བདུད་འཇོམས༔ སྒྲགས་སངས་རྒྱས་ཡེ་ཤེས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ འོ་བྲན་དཔལ་གྱི་དབང་ཕྱུག༔ མཁོན་ཀླུའི་དབང་པོ༔ གཏེར་སྟོན་རཏྣ་གླིང་པ༔ སྔགས་འཆང་བསོད་ནམས་བཀྲ་ཤིས༔ རྗེ་དྲུང་གྲགས་པ་རྒྱལ་མཚན༔ ལ་སོགས་ཕུར་པ་གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ ཁྱད་པར་རང་ཡི་དམ་རྡོ་རྗེ་གཞོན་ནུ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་རིགས་བཞི་ཡབ་ཡུམ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ཁྲོ་མོ་བཅུ༔ ཟ་བྱེད་ཕ་བཅུ༔ གསོད་བྱེད་མ་བཅུ༔ སྒོ་མ་བཞི་ལ་སོགས་པ་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་ཕྲིན་ལས་མཛོད་ཅིག༔ བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདུད་བགེགས་དམ་སྲིའི་གནོད་པས་མི་ཚུགས་པར་བསྲུང་བ་དང་བསྐྱབ་པ་དང་སྦ་བའི་ཕྲིན་ལས་མཛོད་ཅིག༔ ཨོབཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་


CMR017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷཱན་ཁཾ་ཧཱུྃ་ཕཊ༔ འོ་དེ་ལྟར་དབང་ཐོབ་ནས་དམ་ཚིག་བསྲུང་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། ཞེས་པ་བཀའ་གཏེར་གྱི་གཞུང་ལས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་རྣམས་ཀྱི་ལས་ཀྱི་བར་ཆད་བསལ་ཕྱིར་བསྔོའོ། །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ ༈ འདི་ཡི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ། རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། ཨོ་རྒྱན་པདྨ། རཏྣ་གླིང་པ། ཚེ་དབང་གྲགས་པ། བུདྡྷ་དྷ་ཛཱ། པུཎེ་བཛྲ། པདྨ་དབང་ཕྱུག །སྔགས་འཆང་དབང་ཕྱུག་རྒྱལ་པོ། རིག་འཛིན་ཀརྨ་དོན་ཡོད། རཱ་ག་ཨ་སྱའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་གཏོར་དབང་བཀའ་གཏེར་སྤྱི་ཁྱབ།next