Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་གི་བསྟོད་པ་ཟུར་འགེབས་དང་སྲུང་མའི་སྐུལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་གི་བསྟོད་པ་ཟུར་འགེབས་དང་སྲུང་མའི་སྐུལ་པ།next

ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་གི་བསྟོད་པ་ཟུར་འགེབས་དང་སྲུང་མའི་སྐུལ་པ།


CMR017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་གི་བསྟོད་པ་ཟུར་འགེབས་དང་སྲུང་མའི་སྐུལ་པ་རྣམས་བཞུགས་སོ༔


CMR017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ ལས་བྱང་གི་སྐབས་སུ་འཛབ་ཀྱི་བསྟོད་པ་བྱ་པ་ནི༔ ཛཿ དམ་ཚིག་ཐུགས་དམ་ཆེན་པོ་དུས་ལ་བབ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ མི་གནས་ཡེ་ཤེས་རྡོ་རྗེ་གཞོན་ནུ་ནི༔ འབར་བའི་ཁྲོ་རྒྱལ་མ་བཅོས་རྫོགས་པའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཚུལ༔ འཁོར་ལོ་རྒྱབ་འདེབས་ཤེས་རབ་ཡུམ་དང་སྦྱོར༔ འཇིགས་བྱེད་ཆེན་པོ་ཁྱོད་ཀྱི་དཀྱིལ་འཁོར་ནི༔ ཐུགས་རྗེའི་རང་བཞིན་མི་འགྱུར་རྡོ་རྗེའི་སྐུ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཞབས་བཞི་བསྒྲད༔ བདུད་བཞི་གདན་དུ་


CMR017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་བས་དཔའ་དཔའ་འདྲ༔ རྒྱན་དང་ཆ་ལུགས་རྫོགས་པས་སྒེག་སྒེག་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ གཡས་ཞལ་དཀར་ལ་འཛུམ་པས་བཞད་བཞད་འདྲ༔ གཡོན་ཞལ་དམར་ཟླུམ་པའི་གཤེ་གཤེ་འདྲ༔ དབུས་ཞལ་མཐིང་ལ་རྔམ་པའི་ཁྲོ་ཁྲོ་འདྲ༔ དུག་གསུམ་ཞལ་དུ་གསོལ་བས་རྔམས་རྔམས་འདྲ༔ རྒྱུ་དྲུག་ཐུགས་རྗེས་སྒྲོལ་བས་བརྩེ་བརྩེ་འདྲ༔ མེ་དཔུང་དབུས་ན་བཞུགས་པས་འབར་འབར་འདྲ༔ དེ་འདྲའི་ཁྲོ་རྒྱལ་ཆེན་པོའི་འཇིགས་པའི་སྐུ༔ ཆོས་སྐུ་མཚན་མ་


CMR017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཞི་ཞི་འདྲ༔ འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད༔ ཕྱག་དྲུག་དག་ན་མཚོན་ཆ་སྣ་ཚོགས་བསྣམས༔ རྡོ་རྗེ་རྩེ་དགུས་་ས་དགུའི་རྟོགས་པ་འཇོམས༔ རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་འདྲེན༔ ཡེ་ཤེས་མེ་དཔུང་འཁོར་བའི་བག་ཆགས་སྲེག༔ ཁཊཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ རི་རབ་ཕུར་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཐལ་ཆེན་ཁྲག་དང་ཞག་གི་ཟོ་རིས་བརྒྱན༔ གླང་ཆེན་སྟག་ལྤགས་ཞིང་ཆེན་གཡང་གཞི་གསོལ༔ ཐོད་སྦྲུལ་ལ་སོགས་འཇིགས་པ་སྐུ་ལ་བརྒྱན༔ ཁམ་ནག་རལ་པ་སྲིད་གསུམ་རྩེ་མོར་འཁྱིལ༔ མཐིང་ནག་འབར་བ་རལ་པའི་ཆུན་འཕྱངས་ལ༔ མཐིང་ག་ལེ་བརྒན་དར་གྱི་ཅོད་པན་འཕུར༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ དུར་ཁྲོད་ཆས་བརྒྱད་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་ལ་རྫོགས་པའི་སངས་རྒྱས་རིགས་ལྔ་བཞུགས༔ ཐུགས་ལ་ཡེ་ཤེས་འབར་བའི་སྲོག་དང་བཅས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་ནས༔ ཁམས་གསུམ་མ་ལུས་ཐམས་ཅད་དབང་དུ་སྡུད༔ ཁྲོ་


CMR017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མཚོན་གང་མང་པོ་སྐར་ལྟར་འཁྲུགས། ལྷག་པའི་ལྷ་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཛཿ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་༔ གསང་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཨུཏྤལ་མདོག༔ དགྱེས་པའི་ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ ཕྱག་གཡས་ཨུཏྤལ་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་བོའི་ཞལ་དུ་སྟོབ༔ རྒྱན་རྣམས་ཀུན་གྱིས་སྐུ་ལ་རྫོགས་པར་བརྒྱན༔ གཙོ་མོ་ཡུམ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཛཿ སྤྲུལ་པ་ཆེན་པོ་ཁྱོད་ཀྱི་དུས་ལ་བབ༔ ཕྱག་བརྙན་ཆེན་པོ་ཁྱོད་ཀྱི་དུས་ལ་བབ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ འཇིགས་པའི་ཁྲོ་རྒྱལ་མ་ལུས་བཞུགས་པ་ནི༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་གཏུམ་ལ་རྔམས༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེ་དབལ་འཕྲོ༔ ཕྱོགས་སྐྱོང་དྲེགས་པ་ཕོ་མོ་ཐམས་ཅད་གཟིར༔ དབུ་སྐྲ་ཐོར་ཚུགས་སྲིད་གསུམ་་གྱེན་དུ་འབར༔ མི་སྡུག་ཁྲོ་གཉེར་སྡང་མིག་ཕྱོགས་བཅུར་གཟིགས༔ ལོག་པར་ལྟ་བར་རྩད་ནས་གཅོད་ཅིང་སྒྲོལ༔ མཆེ་བ་ཟངས་ཡག་སྐྱེ་ཤི་རྩད་ནས་གཅོད༔ ཐུགས་རྗེ་


CMR017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་འབར་བའི་ཕྱག་མཚན་བསྣམས༔ བྱམས་པའི་འོད་ཟེར་རྔམ་པའི་འབྲུག་སྒྲ་སྒྲོག༔ དྲག་པོའི་ཐོག་འབེབས་སྔོན་གྱི་ཐུགས་དམ་ནི༔ དྲེགས་པ་བདུད་འདུལ་བགེགས་རྣམས་བརླག་པར་མཛོད༔ སྒྲུབ་པ་པོ་ལ་དབང་བསྐུར་བྱིན་ཆེན་ཕོབ༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་འཁྱིལ༔ བརྗོད་མེད་མི་གནས་ཁྲོ་རྒྱལ་འབར་བའི་སྐུ༔ སྒྲ་ལས་འདས་པ་དྲག་པོ་ཧཱུྃ་སྒྲའི་གསུང་༔ བསམ་དང་བྲལ་བ་སྒྲོལ་བྱེད་སྙིང་རྗེའི་ཐུགས༔ སྐུ་གསུང་ཐུགས་ཡོན་རྫོགས་ལ་ཕྱག་འཚལ་བསྟོད། ཧཱུྃ༔ སྟེང་གི་ཕྱོགས་ནས་ཐོག་ཆེན་འབེབས་མཛད་པ༔ ཧཱུྃ་ཀར་སྒྲ་འབྱིན་ཕག་དང་སྨིགས་བུའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ལྷ་ཡི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དགྲ་བགེགས་གཟིར་མཛད་པ༔ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ དྲི་ཟའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་ལྷོ་མཚམས་ནས་དགྲ་བགེགས་འཇོམས་མཛད་པ༔ དབྱུག་སྔོན་སྡེར་མོ་གཡག་


CMR017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་རོག་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ མེ་ལྷའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དགྲ་བགེགས་གསོད་མཛད་པ༔ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ གཤིན་རྗེའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་དགྲ་བགེགས་སྒྲོལ་མཛད་པ༔ མི་གཡོ་གཏུན་ཁུང་གཟིགས་དང་ཁྭ་ཏའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ སྲིན་པོའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་འཆིངས་མཛད་པ་རྟ་མགྲིན་གཏུམ་མོ་བྱེ་ལ་པུ་ཤུད་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ཀླུ་ཡི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་བྱང་མཚམས་ནས་དགྲ་བགེགས་འགུགས་མཛད་པ༔ འདོད་རྒྱལ་མདའ་སྙེམས་སྤྱང་ཀུ་ཁྲ་ཡི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ རླུང་ལྷའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་གི་


CMR017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོབ་ས་ནས་དགྲ་བགེགས་གནོན་མཛད་པའི༔ བདུད་རྩིའི་རླུང་འབྱིན་སེང་གེ་ཕ་ཝང་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ གནོད་སྦྱིན་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་ཤར་མཚམས་ནས་དགྲ་བགེགས་སྟོབ་མཛད་པའི༔ ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ བགེགས་ཀྱི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འོག་གི་ཕྱོགས་ནས་དགྲ་བགེགས་སྤོར་མཛད་པའི༔ སྟོབས་ཆེན་སྤྱོད་མ་དྲེད་དང་བྱི་བའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ས་བདག་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཀུན་ཀྱང་མཐིང་ནག་འབར་བ་ཆེན་པོ་ལ༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་འཁྲིལ༔ ཕྱག་མཚན་སྣ་ཚོགས་མཚོན་ཆའི་འཁོར་ལོ་འཛིན༔ ཀུན་ཀྱང་ཐུགས་ཀར་ཕུར་པ་འདྲིལ་ཞིང་འདེབས༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དབུ་སྐུ་འཁྱིལ་ཞིང་ཨག་ཚོམ་མེ་ལྟར་འབར༔ སྦྲུལ་རིགས་ལྔ་དང་ཐོད་རློན་ཕྲེང་བས་བརྒྱན༔ རྡོ་རྗེ་རིན་ཆེན་གཤོག་པ་


CMR017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གདེངས༔ དཔའ་བོའི་སྐུ་ལ་སྟག་ཤམ་བརྗིད་པར་གསོལ༔ གཡས་གཡོན་དཔུང་པར་སྤྲུལ་པའི་ཁྲ་ཐབས་ནི༔ མགོ་བརྙན་ཕྱག་མཚན་རྫུ་འཕྲུལ་སྟོབས་དང་ལྡན༔ ལྷག་པའི་ལྷ་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཛཿ སྒྲུབ་པའི་དམ་ཚིག་ཐུགས་དམ་དུས་ལ་བབ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ འཇིགས་པའི་དཔལ་ཆེན་མངོན་སྤྱོད་ཀཱི་ལ་ཡ༔ མཐིང་ནག་ཁྲོས་པ་ཞལ་གསུམ་ཕྱག་དྲུག་པ༔ སྟ་རེ་རྡོ་རྗེ་རྒྱ་གྲམ་རྡོ་རྗེ་ཕུར་པ་འདྲིལ༔ གཅེར་བུ་གོས་མེད་སྦྲུལ་དང་ཐོད་པས་བརྒྱན༔ ཁྱེད་ཀྱི་ལྟེ་བ་མན་ཆད་ཆ་རྣམས་ནི༔ ལྕགས་ཕུར་ཟུར་གསུམ་མེ་ཡི་ཚྭ་ཚྭ་འཕྲོ༔ མི་ཕྱེད་རྡོ་རྗེ་ཨུཏྤལ་མདོག་འདྲ་ཞིང་༔ ཚེ་སྲོག་ལེན་ཕྱིར་རྩེ་མོ་ཨེ་རུ་གསལ༔ དབུ་ལ་རིགས་ལྔའི་ཐུགས་སྲོག་ཧཱུྃ་དུ་འབར༔ ཞབས་བསྒྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར༔ སྙན་ནས་འབྲུག་སྒྲོགས་སྤྱན་ནས་འོད་འཕྲོ་ཞིང་༔ ཤངས་ནས་རླུང་འཚུབ་ཞལ་ནས་ཐོག་ཟེར་འབེབས༔ མ་གཡོས་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་ངང་༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན༔


CMR017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང་༔ ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་སླད་དུ༔ དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པའི༔ སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་སཏཱ་ས་མ་ཡ༔ སོགས་བརྗོད། གཙོ་འཁོར་སྲས་དང་བཅས་པ་ལ་བསྟོད་པ་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་མཛད་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་གི་བསྟོད་པ་ཟུར་འགེབས་དང་སྲུང་མའི་སྐུལ་པ།next