Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་མཆོད་གཏོར་མཆོད་བྱང་དང་། ཕུར་སྲུང་གི་གསོལ་ཁ་འདོན་འགྲིགས་བལྟས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་མཆོད་གཏོར་མཆོད་བྱང་དང་། ཕུར་སྲུང་གི་གསོལ་ཁ་འདོན་འགྲིགས་བལྟས་ཆོགnext

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་མཆོད་གཏོར་མཆོད་བྱང་དང་། ཕུར་སྲུང་གི་གསོལ་ཁ་འདོན་འགྲིགས་བལྟས་ཆོག


CMR017_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་མཆོད་གཏོར་མཆོད་བྱང་དང་། ཕུར་སྲུང་གི་གསོལ་ཁ་འདོན་འགྲིགས་བལྟས་ཆོག་ཡོད་དོ།།


CMR017_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདི་གཏེར་གཞུང་རང་ན་གསོལ་ཁ་གསལ་ཆ་མེད་ཀྱང་། ཕུར་སྲུང་འདི་དག་འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པར་གསུངས་པས་གསོལ་ཁ་ཐེང་ན་གལ་ཆེ་བས། ཟངས་ལྕགས་སམ་སྡེར་གཙང་མར་དམར་གཏོར་རྩེ་མོ་བཅོ་ལྔ་པ་ཞིག་བྱ་བ་ནི། རྡོ་རྗེ་གཞོན་ནུ་སྲས་བཞི་ཁྲོ་བཅུ་ཡབ་ཡུམ་མོ། །དེ་ཡི་མཐའ་ལ་ཕུར་སྲུང་བཤོས་བུས་བསྐོར་ཏེ། ཤྭ་ན་མ་བཞི་ལ་མི་རོ་བཞི། བདག་ཉིད་མ་བཞི་ལ་སྙིང་བཞི། བསེ་མོ་བཞི་ལ་ཞག་དང་འོ་མ་མར་ཁུ་དང་ཁྲག་གི་མཚོ་བཞི། གྲི་ཐོགས་གིང་བཞི་ལ་མཁར་ཐབས་བཙན་བཤོས་བདུད་བཤོས་རྩེ་རིང་རྣམས་རེ་རེ། དབང་ཕྱུག་ཉེར་བརྒྱད་ལ་སྤང་ཆངས་ཉེར་བརྒྱད་དམ་བདུན་ནམ་བཞི། དམ་ཅན་སྤུན་ལྔ་ལ་མཁར་ཐབས་རྩེ་ལྔ་རི་མགོ་


CMR017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ལྡང་ལྷ་ལ་བཙན་བཤོས་ཟུར་གསུམ་རྩེ་གསུམ་པ། སྙིང་དྲུང་བཙན་པོ་ལ་བཙན་བཤོས། དགེ་བསྙེན་ཉེར་གཅིག་ལ་མཐེབ་སྐྱུ་ཉེར་གཅིག་གིས་བསྐོར་རོ། །དེ་ལ་འཛོམ་ན་དར་ཚོན་བརྒྱན། འབྲུ་སྣ་རིན་པོ་ཆེའི་ཕྱེ་མ་བླུག་གོ །རཀྟ་གསེར་སྐྱེམས་འཛོམ་ན་བཤམས། གཏོར་མ་དཀར་དམར་ཤ་ཁྲག་གིས་བརྒྱན། ཕུད་རྒོད་ཀྱིས་བྲན་ལ་བཞུག །སྒྲུབ་དུས་ཡིན་ན་ཐུན་མཚམས་སུ་དགོང་མོའི་དུས་སམ། ཚེས་བཅུ་དགུ་གཏོར་དུས་བཟང་ངམ། འགྲུབ་སྦྱོར་བཟང་བའམ་ནམ་ཡང་རུང་སྟེ། དེ་ཉིན་འཕྲལ་དུ་ཕུལ་ལམ་བཞག་ནས་གསོ་བྲན་བྱས་ཏེ་ནམ་འདོད་འདོན་ཡང་རུང་སྟེ། ཕུར་པའི་ལས་བྱང་སྔོན་དུ་སོང་ན་རབ། མིན་ཀྱང་གསང་སྒྲུབ་མངོན་རྟོགས་དང་བསྙེན་པ་བརྒྱ་སྐོར་ཙམ་བྱ། གཏོར་མ་དེ་ལ་འགུགས་གཞུག་སྤྱི་མཚམས་


CMR017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཙམ་བྱས་ལ། ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིའི་འདོད་ཡོན་སྣ་ཚོགས་འཇིག་རྟེན་གང་བར་དམིགས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་དཔལ༔ ཆོས་ཉིད་རྒྱུ་མ་རོལ་པའི་ངང་༔ ཐུགས་རྗེས་འགྲོ་བའི་དོན་མཛད་པ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ སྔོན་ཚེ་ཇི་ལྟར་ཁས་བླངས་པའི༔ དམ་ཚིག་དེ་ལས་མ་འདའ་བར༔ བདག་གིས་མཆོད་ཅིང་སྒྲུབ་བྱེད་ན༔ དམ་ཅན་མ་གཡེལ་དམ་ལ་འདུས༔ གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝཱ་ར༔ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོ་ཞེས་ཕུར་པའི་ལྷ་ཚོགས་ཐམས་ཅད་བུན་ནེ་ཆིལ་ལེར་བྱོན་ནས་ནམ་མཁའ་བར་སྣང་གང་བར་བཞུགས་པར་དམིགས་ནས། ཧཱུྃ༔


CMR017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ འཛབ་དགོངས་གྲངས་ཐེམས་སྨན་གཏོར་མཆོད་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ལཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ སརྦ་པཱ་ཙ་ཁཱ་ཧི༔ དེ་ནས་ལས་བྱང་བསྟོད་པ་ཟུར་འགེབས། ཛཿ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ་ཅེས་པ་ནས། ལྷག་པའི་ལྷ་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །སྲུངས་སྐྱོབས་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །ཞེས་ཡུམ་དང་ཁྲོ་བཅུ་སྲས་མཆོག་ཡན་ཆད་ལ་སྦྱར་རོ། །དེ་ནས་ཕུར་སྲུང་རྣམས་བསྟོད་སྐུལ། ཛཿ བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཞེས་པ་ནས། མ་གཡེལ་མ་འཕང་ལས་མཛོད་ཅིག༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་ཕུར་སྲུང་བཅུ་དྲུག་ལ་སྦྱར་བར་བྱའོ། །དེ་ནས། རྡོ་རྗེ་ཕུར་པའི་


CMR017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་རུ་ཁས་བླངས་དམ་ཅན་བཀའ་ཉན་ཚོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་པོ༔ ཕོ་ཉ་ལས་བྱེད་སྲོག་ལ་རྔམས༔ རལ་གྲི་ཟངས་ཡག་ཀླད་ལ་བསྐོར༔ ཕུར་པ་དགྲ་བོའི་སྙིང་ལ་འདེབས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོ་ཡིས༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་ཚོགས༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མཚན་ཙམ་འཛིན་པར་བྱེད་པ་ཡང་གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་བཀུར་བར་བྱའོ༔ དེ་སྐད་ཁྱོད་ཀྱིས་བྲོ་བོར་ཏེ༔ དམ་བཅའ་བསྙེལ་དུ་མི་རུང་བས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བདག་གི་ལུས་དང་གྲིབ་མ་བཞིན༔ རྟག་ཏུ་མི་འབྲལ་སྲུང་མ་མཛོད༔ བརྣག་པའི་ཕྲིན་ལས་གང་བཅོལ་བ༔ ཐོགས་པ་མེད་པར་ཤོར་ར་རེ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ དེ་ནས་གཏེར་སྲུང་གསོལ་ཁ་ནི། སྤྱན་


CMR017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གོང་གི་དེས་འཐུས་འཁོར་དུ་ཡོད་པ་ཡིན། དམ་ཅན་སྤུན་ལྔ་ནི། ཤར་ཕྱོགས་དཀར་པོ་ནོར་སྙག་ཁྱེད༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ ཕྱག་ན་སྤུ་གྲི་འབར་བ་བསྣམས༔ རྒྱལ་དམག་འབུམ་གྱི་དམག་དཔོན་བྱེད༔ བཤོས་བུ་མཆོད་གཏོར་འདི་བཞེས་ལ༔ རྒྱལ་པོའི་བཀའ་ཆད་སྨྱོ་འབོག་ཟློག་རྒྱལ་དམག་འབུམ་དང་བཅས་ཏེ་བསྟན་པའི་དགྲ་ལ་བྷྱོ༔ བདུད་ཕོ་ཟུར་ར་ར་སྐྱེས་ཁྱོད༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ ཕྱག་ན་མདུང་དང་ཞགས་པ་བསྣམས༔ བདུད་དམག་འབུམ་གྱི་དམག་དཔོན་བྱེད། བཤོས་བུ་མཆོད་གཏོར་འདི་བཞེས་ལ༔ བདུད་ཀྱི་ཞགས་པ་ཁྲམ་ཁ་ཟློག༔ བདུད་དམག་འབུམ་དང་བཅས་ཏེ་བསྟན་པའི་དགྲ་ལ་བྷྱོ༔ མོན་པ་ནག་པོ་སྐུ་འཐེན་ཁྱོད༔ ཆིབས་སུ་ར་དམར་འཇིགས་ནག་ཆིབས༔ ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ མོན་པ་འབུམ་གྱི་དམག་དཔོན་བྱེད༔ བཤོས་བུ་མཆོད་གཏོར་འདི་བཞེས་ལ༔ མོན་པའི་གཅེར་རྒྱུག་ཡེ་འདྲོགས་ཟློག༔ མོན་པ་འབུམ་དང་བཅས་ཏེ་བསྟན་པའི་དགྲ་ལ་བྷྱོ༔ བཙན་དམར་ཤན་པ་ཀུས་འདེབས་ཁྱོད༔ ཆིབས་སུ་བཙན་རྟ་དམར་ཞུར་ཆིབས༔ བཙན་མདུང་ཕྱུར་


CMR017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཁོར་གསུམ་བསྐོར༔ བཙན་དམག་ཡོངས་ཀྱི་དམག་དཔོན་བྱེད་བཤོས་བུ་མཆོད་གཏོར་འདི་བཞེས་ལ༔ བཙན་གྱི་རྐྱ་རྒྱུག་ཤོད་ཁ་ཟློག༔ བཙན་དམག་འབུམ་དང་བཅས་ཏེ་བསྟན་པའི་དགྲ་ལ་བྷྱོ༔ ཐེའུ་རང་སྟོང་སྡེའི་དམག་དཔོན་ཁྱོད༔ ཆིབས་སུ་ར་སྐྱེས་ཁམ་པ་ཆིབས༔ དབུ་ལ་དར་ནག་སྲོག་ཞུ་གསོལ༔ རྡོ་རྗེ་དང་ནི་དགྲ་སྙིང་འཛིན༔ ཐེའུ་རང་འབུམ་གྱི་དམག་དཔོན་བྱེད༔ བཤོས་བུ་མཆོད་གཏོར་འདི་བཞེས་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད༔ ཐེའུ་རང་འབུམ་དང་བཅས་ཏེ་བསྟན་པའི་དགྲ་ལ་བྷྱོ༔ དེ་ནས་གཏེར་སྲུང་ལྡང་ལྷ་ནི༔ ཀྱེ༔ བདུད་ཀྱི་ཡུལ་ནས་སྤྱན་འདྲེན་ནོ༔ བཙན་གྱི་ཡུལ་ནས་སྤྱན་འདྲེན་ནོ༔ ཀླུ་ཡི་ཡུལ་ནས་སྤྱན་འདྲེན་ནོ༔ མངའ་བདག་བདུད་ཀྱི་རྒྱལ་པོ་ཁྱོད༔ རླུང་ནག་འཚུབ་མའི་ནང་དུ་བཞུགས་སུ་གསོལ༔ དྲག་པོ་བཙན་གྱི་རྒྱལ་པོ་ཁྱོད༔ མེ་དཔུང་འབར་བའི་གདན་ལ་བཞུགས་སུ་གསོལ༔ དབང་ཆེན་ཀླུ་ཡི་རྒྱལ་པོ་ཁྱོད༔ རྒྱ་མཚོ་ཆེན་པོ་དེ་ལ་བཞུགས་སུ་གསོལ༔ བདུད་ཀྱི་རྒྱལ་ལ་ཕྱག་འཚལ་ལོ༔ བཙན་གྱི་རྒྱལ་ལ་ཕྱག་འཚལ་ལོ༔ ཀླུ་ཡི་རྒྱལ་ལ་ཕྱག་འཚལ་ལོ༔ མེ་ཏོག་མཛེས་པ་


CMR017_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འབུལ་ལོ༔ དྲི་ཞིམ་བདུག་སྤོས་འདི་འབུལ་ལོ༔ སྣང་གསལ་མར་མེ་འདི་འབུལ་ལོ༔ དྲི་ཆབ་དམ་པ་འདི་འབུལ་ལོ༔ བཤོས་གཙང་དམ་པ་འདི་འབུལ་ལོ༔ རོལ་མོ་དབྱངས་སྙན་འདི་འབུལ་ལོ༔ རིན་ཆེན་སྣ་ལྔ་འདི་འབུལ་ལོ༔ བདུད་བཤོས་ནག་པོ་སྙིང་གིས་བརྒྱན༔ བདུད་རྒྱལ་ཐུགས་དམ་བསྐང་གྱུར་ཅིག༔ བཙན་བཤོས་དམར་པོ་ཤ་ཡིས་བརྒྱན༔ བཙན་རྒྱལ་ཐུགས་དམ་བསྐང་གྱུར་ཅིག༔ འབྲས་བཤོས་དཀར་པོ་དཀར་གྱིས་བརྒྱན༔ ཀླུ་རྒྱལ་ཐུགས་དམ་བསྐང་གྱུར་ཅིག༔ བྱ་ནག་རྟ་ནག་ཁྱི་ནག་གིས༔ བདུད་ཀྱི་རྒྱལ་པོ་བསྐང་གྱུར་ཅིག༔ བྱ་དམར་རྟ་དམར་ཁྱི་དམར་གྱིས༔ བཙན་གྱི་རྒྱལ་པོ་བསྐང་གྱུར་ཅིག༔ བྱ་སྔོན་རྟ་སྔོན་ཁྱི་སྔོན་གྱིས༔ ཀླུ་ཡི་རྒྱལ་པོ་བསྐང་གྱུར་ཅིག༔ ལྡང་ལྷ་གསང་བའི་བྲག་ཕུག་ཏུ༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ སྙིང་པོ་དོན་གྱི་བཀའ་སྲུང་མཛད༔ ཕྱི་རབས་རྣལ་འབྱོར་སྒྲུབ་མཆོག་དང་༔ རིག་འཛིན་བདག་གི་གྲོགས་མཛོད་ཅིག༔ རྟ་གཡག་གླང་ལ་སོགས་པ་ཡི༔ གཟུགས་བརྙན་སྣ་ཚོགས་ཁྱོད་ལ་འབུལ༔ རྔ་དུང་དྲིལ་བུ་ལ་སོགས་


CMR017_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ སྒྲ་སྙན་སྣ་ཚོགས་ཁྱོད་ལ་འབུལ༔ དར་ཟབ་སྣམ་བུ་ལ་སོགས་པའི༔ གོས་ཀྱི་བྱེ་བྲག་ཁྱོད་ལ་འབུལ་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ མཐུན་རྫས་དཔག་མེད་ཁྱོད་ལ་འབུལ༔ ཨོཾ་ཡཾ་ཡཾ༔ ཞུར་ཞུར༔ ཐིག་ཐིག༔ དམག་དཔོན་ཆེན་པོ་མཆེད་གསུམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དམ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ལོ། དེ་ནས་ལས་ཀྱི་གཉེར་གཏད་པ་ནི། སྐུ་མཆེད་འཁོར་དང་བཅས་པས་རྣལ་འབྱོར་པ་བདག་ཅག་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིག༔ མདའ་གང་ཙམ་ལས་མ་མཐོ་ཞིག༔ ལྷམ་གང་ཙམ་ལས་དམའ་ཞིག༔ ཉལ་ན་སློངས་ཤིག༔ བརྗེད་ན་སྐུལ་ཅིག༔ གཡས་ཀྱི་མདའ་ར་གྱིས་ཤིག༔ གཡོན་གྱི་རྟེན་མ་གྱིས་ཤིག༔ ཉིན་གྱི་བྱ་ར་གྱིས་ཤིག༔ མཚན་གྱི་མེལ་ཚེ་གྱིས་ཤིག༔ རྒྱབ་ཀྱི་སྐྱེལ་མ་གྱིས་ཤིག༔ མདུན་གྱི་བསུ་མ་གྱིས་ཤིག༔ མི་ནོར་ཟས་གསུམ་སྤེལ་ཅིག༔ ཡུལ་འཁོར་ཁྱིམ་གསུམ་སྲུངས་ཤིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག༔ རྟ་ཕྱུགས་བྲན་གཡོག་སྒོ་གསུམ་གྱི་གཉེར་གྱིས་ཤིག༔ སྡང་བའི་དགྲ་ཐུལ་ཞིག༔ གནོད་པའི་བགེགས་ཆོམས་ཤིག༔ བར་ཆད་ཀྱི་རྐྱེན་ཟློག་ཅིག༔


CMR017_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བདག་ལྡང་ལྷ་མཆེད་གསུམ་གྱི་གསོལ་ཁ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཏྣའི་གཏེར་མའོ།། ཧཱུྃ༔ ལྷ་ཡི་དགེ་བསྙེན་དྲག་པོ་རྩལ༔ སྐུ་ལ་དར་དཀར་རལ་ག་གསོལ༔ ཆིབས་སུ་ངང་དཀར་སྣ་སྔོན་ཆིབས༔ འཇིགས་པའི་སྐུ་ལ་ཁྲོས་པའི་ཐུགས༔ མྱུར་དུ་རྒྱུག་པའི་མཐུ་རྩལ་ཅན༔ གཡས་པས་དར་དཀར་རུ་མཚོན་ཕྱར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ བཙན་རྒོད་བྱ་ར་སྟོང་གིས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད༔ བསྟན་པ་བཤིག་པའི་དགྲ་བོ་སྒྲོལ༔ ད་ལྟར་བཅོལ་བའི་ཕྲིན་ལས་མཛོད༔ བ་རི་བ་རི་གིང་ཀ་ར་ཛཛཿ བ་ལི་ཏ་ཁཱ་ཧི་ཁཱ་ཧི༔ འདི་ལ་གཏོར་མ་ལོགས་སུ་མི་དགོས་མཆེད་གསུམ་གྱི་བཙན་དེ་ཡིན་ནོ། །དྲིལ་སྒྲུབ་ནས་སོ།། ཀྱེ༔ བཞེངས་ཤིག་སྙིང་དྲུང་བཙན་པོ་བཞེངས༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཆིབས་སུ་སྨྲ་གུ་སྒབ་ནག་ཆིབས༔ དབུ་ལ་བྱ་ཞུ་སྨུག་པོ་གསོལ༔ ཕྱག་ན་མདའ་མོ་བྱ་རྒོད་བསྣམས༔ འཕྲུལ་གྱི་མེ་ལོང་རྐེད་ལ་བཙུགས༔ ལྷབ་ལྷབ་དེ་ནི་འཕུར་ཞིང་བྱོན༔ ཐོལ་ཐོལ་དེ་ནི་སྨྲ་ཞིང་བྱོན༔ མོ་བདག་ལགས་པས་མོ་སྟོན་ཅིག༔ པྲ་


CMR017_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལགས་པས་པྲ་སྟོན་ཅིག༔ རྫུན་དང་གཡོ་སྒྱུ་མ་མཛད་ཅིག༔ སྒྲིབ་མེད་ཝ་ལེར་བསྟན་དུ་གསོལ༔ ང་ཡིས་འབོད་པར་མ་ཆད་དམ༔ ཁྱོད་ཀྱིས་འོང་བར་མ་ཆད་དམ༔ པྲ་བདག་དེ་ནི་ཕྲ་ལ་བྱོན༔ དེ་རིང་སྣང་སྲིད་ས་ལེར་སྟོན༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བཀྲ་ཤིས་དར་རྒྱས་ཆེ་བ་ཡི༔ དྲག་པོ་བཙན་གྱི་དངོས་གྲུབ་སྩོལ༔ ཨོཾ་ད་ན་རྭ་ཙ་ཕཊ༔ ན་ད་རྭ་ཙ་ཕཊ༔ ནི་དུ་རཱ་ཙ་ཕཊ༔ དུ་ན་རྭ་ཙ་ཕཊ༔ དུ་པ་རྭ་ཙ་ཕཊ༔ པྲ་མོ་སྟོན་སྭཱ་ཧཱ༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ འདི་གཙོ་བོ་མོ་པྲ་སྒྲུབ་པ་ཡིན་ཀྱང་༔ ཕུར་པའི་བཀའ་སྲུང་པོད་གཞུང་ནང་ལ་ཡོད་པས་གཏོར་འབུལ་དགོས་སོ༔ མོ་འདེབས་དུས་དམ་རྫས་མཆོད་གཏོར་མན་ཆད་བསྒྱུར་ལ་མོ་བདར་འདོན་རུང་ངོ་། །དེ་ནས་ཐུགས་སྒྲུབ་ནས་ཁ་སབ་པའི་འདོད་གསོལ་ནི་བཀའ་བརྒྱད་ཕུར་སྐོང་དང་མཚུངས་པར༔ ཧོཿ སྐུ་གསུམ་དག་པའི་ཕོ་བྲང་ནས༔ སྐུ་གསུམ་བཀའ་བརྒྱུད་ཀྱི་བླ་མ༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོད་པ་འབུལ་ལོ༔ ཕྲིན་ལས་བཅོལ་ལོ༔


CMR017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ་ཅིག༔ ཧཱུྃ༔ བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་བཞི་ཁྲོ་བཅུ་ཡབ་ཡུམ༔ ཟ་གསོད་ཕྲ་མེན་སྲུང་མ་བཅུ་གཉིས༔ སྒོ་བཞི་ཕྱག་་་བརྙན༔ དབང་ཕྱུག་མ་དང་བཅས་པ༔ ཕུར་པའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོད་པ་འབུལ་ལོ༔ ཕྲིན་ལས་བཅོལ་ལོ༔ དངོས་གྲུབ་སྩོལ་ཅིག༔ གཞན་ཡང་རྡོ་རྗེ་གཞོན་ནུའི་སྲུང་མ་དམ་ཅན་རྒྱ་མཚོ༔ དམ་ཅན་མཆེད་ལྔ༔ ལྡང་ལྷ་མཆེད་གསུམ༔ བཙན་རྒོད་སྙིང་དྲུང་བཙན་པོ༔ དགེ་བསྙེན་ཉི་ཤུ་རྩ་གཅིག༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད༔ མ་སྲིང་བརྟན་མ་བཅུ་གཉིས་རྣམས་ལ་གསོལ་ལོ་མཆོད་དོ༔ བླ་མ་བརྒྱུད་པའི་སྲུང་མ༔ སློབ་དཔོན་བརྒྱུད་ཀྱི་སྲུང་མ༔ ཕ་མེས་བརྒྱུད་ཀྱི་སྲུང་མ༔ དབེན་གནས་གསར་རྙིང་གི་སྲུང་མ༔ ཉ་སྟོང་དུས་དྲུག་གི་སྲུང་མ༔ རིན་ཆེན་གཏེར་གྱི་སྲུང་མ༔ བརྟེན་བསྒྲུབས་མཆོད་གནས་ཆགས་པ༔ རང་བཞིན་ཤུགས་ལས་ཆགས་པ༔ སྐྱེ་བ་སྔོན་ནས་འབྲེལ་བའི་དམ་ཅན་གྱི་ཚོགས་ཐམས་ཅད་ལ་གསོལ་ལོ་མཆོད་དོ༔ དམ་ཚིག་དུས་ལ་བབ་བོ༔ བཅོལ་བའི་ལས་རྣམས་མཛོད་ཅིག༔


CMR017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རྟགས་ཕྱུང་ཞིག༔ སྙན་པའི་སྒྲ་སྒྲོགས་ཤིག༔ སུ་ལ་མི་རེ་ཁྱོད་ལ་རེའོ༔ སུ་ལ་མི་ལྟོས་ཁྱོད་ལ་ལྟོས་སོ༔ རྒྱལ་མཚན་དུ་ཁྱེད་འཛུགས་སོ༔ དཔའ་དར་དུ་ཁྱེད་ཕྱར་རོ༔ སྡང་བའི་དགྲ་ཐུལ་ཅིག༔ གནོད་པའི་བགེགས་ཆོམས་ཤིག༔ རྣལ་འབྱོར་པ་དམ་ལྡན་བདག་གི་ཡུལ་དུ་འཁོར་སྲུངས་ཤིག༔ བྱེས་སུ་རྐྱེན་ཟློག་ཅིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག༔ སྤོ་ལ་དར་ཕྱོར་ཞིག༔ ཁྲོམ་དུ་དུང་བུས་ཤིག༔ མི་ནོར་ཕྱུགས་གསུམ་སྲུངས་ཤིག༔ ཆག་ཆེན་ཉམ་ང་ཟློག་ཅིག༔ རྦོད་གཏོང་དང་རྦད་འདྲེ་ཟློག་ཅིག༔ རྨི་ལམ་རྟགས་དང་མཚན་མ་ངན་པ་ཟློག་ཅིག༔ རྣལ་འབྱོར་པ་བདག་གི་འདོད་དོན་རེ་བ་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག་ཅེས་ཕྲིན་ལས་བཅོལ་ནས་གཏོར་མ་ཟབཞག་རྒྱུ་ཡིན་ན་བཞག་ལ་རྗེས་ནས་གསོ་བྲན་བྱས་ལ་ནམ་འདོད་འདོན་ཆོག །དེ་ནས་འབུལ་བའི་དུས་ཚར་གཅིག་བཏོན་པའི་རྗེས་སུ། གསོ་བྲན་ལེགས་པར་བྱས། དཀར་གཏོར་གཞི་བདག་གཏོར་མ་བསྔོས། བཀའ་སྲུང་གཏོར་མ་ཡོད་ན་ཁྲག་གིས་བྲན་ལ། ཧཱུྃ༔ སྔོན་ཚེ་འདས་དུས་སོགས་ཆད་མདོ་ཚར་གཅིག་དང་། དེ་ནས་གཏོར་མ་དེ་དང་དཀར་གཏོར་བཀྱག་བཅུག་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཞེས་སོགས་ལས་བྱང་གི་


CMR017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་དེ་འདོན་ནས་ཕྱི་རོལ་ཕྱོགས་གཙང་སར་འབུལ་བཅུག་པའམ་གནོད་པའི་ཕྱོགས་སུ་ཕུལ་ནས། གཏོར་སྣོད་དེ་ཚུར་ཕྱིན་པ་དང་བདུད་རྩིའམ་ཆང་ངམ་ཇ་རྒོད་དམ་འོ་མ་སོགས་ཀྱིས་བཀང་ནས་འབྲུ་བླུག་བྲན་ནས། ཧཱུྃ༔ སློབ་དཔོན་ཆེན་པོ་པདྨའི་བཀའ་བཞིན་དུ༔ ཞེས་སོགས་ལས་བྱང་གི་བརྟན་སྐྱོང་འདོན་ལ་ཕྱོགས་དེ་ངོས་སུ་གཏོར། གཏོར་སྣོད་ཁ་ཚུར་བསྟན་ལ་ཁྱེར་བས་ལོངས་སྤྱོད་འདུ། མདུན་དུ་སྒྲུབས་ལ་རྟ་བྲོ་བྱ། ཨོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན༔ བརྗོད་པས་དམ་སྲི་རི་རབ་འོག་ཏུ་མནན་པར་བསམ་མོ། །དེ་ལྟར་མཆོད་པ་ལ་བརྩོན་ན། །དམ་ཅན་འདུ་ཞིང་དགྲ་བགེགས་ཐུལ། །བསྟན་པའི་སྙིང་པོ་ཚུགས་པར་འགྱུར། །ཞེས་གསུངས་སོ། དི་ནི་པོ་ཏིའི་རང་གཞུང་ནས་བཏུས་པ་ཁོ་ན་སྟེ། བརྩམས་ཆོས་རང་བཟོ་ཡིན་པར་མ་སེམས་ཤིག །ཅེས་པ་མཆོད་གནས་རིས་ལུས་བསྐུལ་བས་རྐྱེན་བྱས་ཁ་སྐོང་དུ་རཱ་ག་ཨ་སྱས་བསྒྲིགས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་མཆོད་གཏོར་མཆོད་བྱང་དང་། ཕུར་སྲུང་གི་གསོལ་ཁ་འདོན་འགྲིགས་བལྟས་ཆོགnext