Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་ཀྱི་སྲུང་མའི་བསྐུལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་ཀྱི་སྲུང་མའི་བསྐུལ་པ།next

ཕུར་པ་ཡང་གསང་བླ་མེད་ཀྱི་སྲུང་མའི་བསྐུལ་པ།


CMR017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་ཀྱི་སྲུང་མའི་བསྐུལ་པ་བཞུགས༔


CMR017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ ད་ནི་ཕུར་སྲུང་དམ་ཅན་རྣམས་ལ་བསྟོད་ཅིང་ལས་ལ་བསྐུལ་བ་ནི༔ ཛཿ བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ བཀའ་ཡི་སྲུང་མར་དམ་བཅས་ཤིང་༔ དཀྱིལ་འཁོར་བར་ཁྱམས་སྐྱོང་མཛད་པའི༔ མཐུ་རྩལ་ཅན་རྣམས་གནས་འདིར་བྱོན་བྷྱོ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ནམ་གྱི་སྲོད་ཀྱི་ཕོ་ཉ་མོ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཀེའུ་རི་ཤ་ཡི་དབུ་གསུམ་ནི༔ ལྷ་བྲན་བརྒྱ་ལ་ལོངས་སྤྱོད་ཅིང་༔ ནཱ་ག་དུན་ཏིང་དབུ་གསུམ་གྱིས༔ ཀླུ་བྲན་བརྒྱ་ལ་ལོངས་སྤྱོད་ཅིང་༔ རཀྟ་ཧ་ལིང་དབུ་


CMR017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས༔ སྲིན་བརྒྱའི་ཤ་ལ་ལོངས་སྤྱོད་བྱེད༔ དེ་ལ་ལྕགས་ཀྱི་མི་མོ་ཞོན༔ གཅེར་བུ་རལ་པའི་ཅོད་པན་ཅན༔ ཁྲམ་བམ་ཐོད་དབྱུག་གཡས་ན་ཕྱར་ཐུགས་ཀྱི་ཕུར་པ་གཡོན་ན་འདེབས༔ སྤྱང་སྐད་འདོན་ཞིང་དགྲ་བགེགས་སྒྲོལ༔ ཞེ་སྡང་འཇོམས་པའི་ཤྭ་ན་མ་མ་གཡེལ་མ་འཕང་ལས་མཛོད་ཅིག༔ བྷྱོ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གསེར་གྱི་འཕར་བ་ལྕེ་བརྒྱད་མ༔ དུར་ཁྲོད་བརྒྱད་ཀྱི་གནས་སྲུང་ཞིང་༔ རྣམ་ཐར་བརྒྱད་ཀྱི་སྒོ་ཕྱེས་ནས༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་སྒྲོལ༔ བསམ་པ་ཙམ་གྱིས་གནས་སུ་ཕྱིན༔


CMR017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྲྀ་ག་ཆེན་མོ་དེ་ལ་ཞོན༔ གཅེར་བུ་རལ་པའི་ཅོད་པན་ཅནུ༔ འགུགས་པའི་རྡོ་རྗེ་ལྕགས་ཀྱུ་གཡས༔ ཡེ་ཤེས་ཐུགས་ཀྱི་ཕུར་པ་གཡོན༔ མི་སྡུག་ངག་གི་གསུང་སྒྲ་ཅན༔ ཐུགས་ནི་སྒྲོལ་བྱེད་སྲོག་དང་བཅས༔ སྐད་ཅིག་ཡུད་ཙམ་དབྱིངས་ནས་བཞེངས༔ དགྲ་བགེགས་ཁུག་ལ་ད་སྒྲོལ་ཅིག༔ བྷྱོ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ ཝ་མོའི་རྒྱུག་ཚུལ་ཞུངས་སེ་ཞུང་༔ ཝ་སྐད་སྒྲ་འབྱིན་ཅེ་རེ་རེ༔ སྐུ་ནི་མེ་རི་མཆེད་པ་འདྲ༔ མཇུག་མ་ལྕགས་ཀྱི་སོག་ལེ་འདྲ༔ སྡེར་མོ་ལྕགས་ཀྱུ་བྱེ་བས་གཏམས༔ ཝ་སྐད་འདོན་ཅིང་དུར་ཁྲོད་ཉུལ༔ དེ་ལ་ཟངས་ཀྱི་མི་མོ་ཞོན༔ དམར་ནག་གཅེར་བུ་ཅོད་པན་ཅན༔ གཡས་པའི་ཕྱག་ན་རྡོ་རྗེ་བསྣམས༔ རི་རབ་ཀུན་གྱི་ཀྱང་རྩེ་ནས་བསྙིལ༔ གཡོན་པས་ཕུར་པ་འདྲིལ་ཞིང་འདེབས༔ བཀའ་ལས་འདའ་པའི་སྙིང་ལ་གཟིར༔ རཀཱ་དུན་གྱི་ཕོ་ཉ་མོ༔ ཆད་པའི་ལས་ལ་མ་གཡེལ་ཅིག༔ བྷྱོ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ རལ་པ་མདའ་ཙམ་ཤ་ར་ར༔ ཡ་མགལ་གནམ་ལ་མ་མགལ་ས༔ ཚེམས་ནི་གངས་རི་གཙིགས་པ་


CMR017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ མཆེ་བ་ཤེལ་གྱི་ཕུར་པ་འདྲ༔ ལྗགས་ནས་གློག་དམར་ཁྱུགས་སེ་ཁྱུག༔ སྤྱན་ནས་མེ་འབར་སྣ་རླུང་འཚུབ༔ ཁ་ནས་ཁྲག་གི་སྐྱིན་འདང་འབེབས༔ ཕྲིན་ལས་ཐོག་མེད་དྲག་རྩལ་ལྡན༔ ཁྲོ་ཆུའི་མཆུ་ལ་ལྕགས་ཀྱུའི་སྡེར༔ དེ་ལ་གཡུ་ཡི་མི་མོ་ཞོན༔ གཅེར་བུ་དམར་ནག་ཅོད་པན་ཅན༔ གཡས་པས་ཞིང་ཆུང་མགོ་ནས་འཇོམས༔ གཡོན་པས་ཐུགས་ཀྱི་ཕུར་པ་འདྲིལ༔ སྔགས་པས་དྲག་ཏུ་བསྐུལ་བའི་ཚེ༔ ཁམས་གསུམ་ཀུན་གྱི་ཤ་ཁྲག་གིས༔ འགྲང་ངམ་དེ་ནི་མ་འགྲངས་ནས༔ སྲིད་པ་གསུམ་གྱི་ཤ་ཁྲག་ལ༔ ཉིན་མཚན་མེད་པར་རྦ་ལ་རྐྱལ༔ ཁྱོད་ནི་དཔལ་གྱི་ཕོ་ཉ་སྟེ༔ གང་ལ་དམིགས་པ་ཤོར་ར་རེ༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ བདག་ཉིད་ཆེན་མོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཤར་སྟོད་འཁོར་ལོ་འབར་བ་ཆེན་མོའི་རྩིབས་སྟེང་ན༔ ནམ་གྱི་གུང་གི་ཕོ་ཉ་ལས་བྱེད་ཆེན་མོ་སྟེ༔ ཆེ་ཞེས་སྲིད་པའི་རྒྱལ་མོ་དཔལ་ལྡན་རེ་མ་ཏི༔ སྐུ་མདོག་ནག་མོར་བཞུགས་ཤིང་མཐའ་གཉིས་སྤྲོས་དང་བྲལ༔ དྲེལ་རྟ་རྐང་གསུམ་ཆིབས་ནས་སྟོང་གསུམ་ཁྱབ་པར་


CMR017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཉུལ༔ མེ་ལོང་སྦྲུལ་ཞགས་ཐོགས་ནས་དམ་ཉམས་འཆིངས་ཤིང་སྡོམས༔ ཁཊ་ཕུར་པ་ཐོགས་ནས་དམ་ཉམས་གཟིར་ཞིང་སྒྲོལ༔ སྟོང་གསུམ་ཁྲམ་ལ་འདེབས་ཤིང་སྲིད་གསུམ་ཤོ་ལ་འདྲེན༔ མཚོན་གྱི་གྲུ་གུ་བརྐྱངས་ཤིང་ནད་ཀྱི་རྐྱལ་པ་འབུལ༔ མི་ནད་ཕྱུགས་ནད་གཏོང་ཞིང་སྟོང་གསུམ་རྩིས་ལ་འདེབས༔ སྲིད་པ་དུས་བཞིའི་མ་མོས་སྐུ་ལ་མཛེས་པར་བརྒྱན༔ དབྱིངས་ནས་བྷ་ག་སྦྱོར་བྱེད་ཐབས་ཀྱི་ཕོ་ཉར་འགྱེད༔ སྟོང་གསུམ་སྐན་སྒྲ་རྡེབ་ཅིང་སངས་རྒྱས་དམ་ལ་སྡུད་བྱེད་མ༔ ཕུར་འདེབས་ཆེན་མོ་ཁྱོད་ནི་སྔགས་པས་ལས་ལ་བསྐུལ༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱོ༔ ལྷོ་སྟོད་འཁོར་ལོའི་རྩིབས་སྟེང་ན༔ ནམ་གུང་ལས་ཀྱི་ཕོ་ཉ་མོ༔ ཆེ་ཞེས་དཔལ་ལྡན་རེ་མ་ཛཿ སེར་ནག་རྨ་བྱའི་ཐུལ་པ་གསོལ༔ ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས༔ གཡས་པས་གསེར་གྱི་ཟོར་བ་བསྣམས༔ གཡོན་པས་གཡུ་ཡི་ཀོང་བུ་ཐོགས༔ ལོ་ཏོག་བཅུད་ལེན་དུག་ནད་སེལ༔ སེར་ནག་རལ་པ་སྤྲིན་ལྟར་གཏིབས༔ ཕུར་འདེབས་ཆེན་པོ་གཤེགས་སུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ ནུབ་སྟོད་འཁོར་


CMR017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རྩིབས་སྟེང་ན༔ ནམ་གུང་དགྲ་བོའི་བརླ་འགུགས་ཆེ་ཞེ་དཔལ་ལྡན་རེ་མ་ཛུ༔ དམར་ནག་སྐུ་ལ་རེ་ནག་གསོལ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ གཡས་པས་རྡོ་རྗེ་ལྕགས་ཀྱུ་བསྣམས༔ གཡོན་པས་བྷནྡྷ་ཐོད་ཁྲག་ཐོགས༔ ལས་ཀྱི་མ་ཚོགས་དབང་དུ་སྡུད༔ ཕུར་འདེབས་ཆེན་མོ་གཤེགས་སུ་གསོལ༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ བྱང་སྟོད་འཁོར་ལོའི་རྩིབས་སྟེང་ན༔ ནམ་གུང་དགྲ་བོའི་སྙིང་འབྱིན་མ༔ ཆེ་ཞེ་དཔལ་ལྡན་རེ་མ་ཛི༔ ལྗང་ནག་སྐུ་ལ་དར་ནག་གསོལ༔ ཆིབས་སུ་རྔ་མོང་གྲྭ་པ་ཆིབས༔ སྐྱེ་འགྲོའི་ཀེག་རྩིས་ཁྲམ་ཤིང་གཡས༔ ཡེ་ཤེས་མཚོན་གྱི་གྲུ་གུ་གཡོན༔ ལྗང་ནག་རལ་པའི་ཆུན་འཕྱང་ཅན༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ ཕུར་འདེབས་ཆེན་མོ་གཤེགས་སུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཤར་སྨད་འཁོར་ལོའི་རྩིབས་སྟེང་ན༔ ནམ་གྱི་ཐོ་རངས་དམ་ཕོ་ཉ་མོ༔ རྡོ་རྗེ་ཡ་བྱིན་ཆེན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ ཆིབས་སུ་འབྲུག་མོ་ཆེ་ལ་ཆིབས༔


CMR017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདྲེན་རྡོ་རྗེ་ལྕགས་ཀྱུ་པ་ཡས༔ མགྱོགས་བྱེད་ལས་ཀྱི་ཕུར་པ་གཡོན༔ མཐིང་ནག་རལ་པ་སྤྲིན་ལྟར་གཏིབས༔ རལ་པ་རེ་ལ་ཕུར་པ་རེ༔ ལྕགས་རྡོར་འབར་བའི་ཐོད་གདེངས་ན༔ མཐིང་ནག་ཅོད་པན་པུ་རུ་རུ༔ ཁྱེད་ཀྱང་ཕུར་པའི་ལས་མཁན་ཏེ༔ བསྐུལ་བའི་ལས་ལ་རྩལ་མ་ཞན༔ ཕུར་པའི་ལས་མཁན་གཤེགས་སུ་གསོལ༔ བྷྱོ༔ ལྷོ་སྨད་འཁོར་ལོའི་རྩིབས་སྟེང་ན༔ ཐོ་རངས་སྒྲོལ་བའི་ཕོ་ཉ་མོ༔ རྡོ་རྗེ་དེ་བྱིན་ཆེན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ ཆིབས་སུ་ཆུ་སྲིན་པིར་ལ་ཆིབས༔ རྒྱུ་དྲུག་འཆིངས་སྡོམ་ཞགས་པ་གཡས༔ རྒྱས་བྱེད་གཟུགས་མོ་བྱི་ཐུར་གཡོན༔ སེར་ནག་རལ་པས་ས་གཞི་ཁེངས༔ རལ་པ་རེ་ལ་ཕུར་པ་རེ༔ གསེར་རྡོར་འབར་བའི་ཐོད་གདེངས་ནས༔ སེར་ནག་ཅོད་པན་པུ་རུ་རུ༔ ཁྱོད་ཀྱང་ཕུར་པའི་ལས་མཁན་ཏེ༔ སྲོག་ལ་མངག་ཚེ་དུས་མ་གཡེལ༔ ཕུར་འདེབས་ཆེན་མོས་ལས་མཛོད་ཅིག༔ བྷྱོ༔ ནུབ་སྨད་འཁོར་ལོའི་རྩིབས་སྟེང་ན༔ ཐོ་རངས་ལས་ཀྱི་དབང་སྡུད་མ༔ རྡོ་རྗེ་བསྲེ་བྱིན་ཆེན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཆིབས་སུ་གློག་དམར་འཇིགས་ལ་


CMR017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས༔ མི་དགེ་འཆིངས་སྡོམ་ལྕགས་སྒྲོག་གཡས༔ དབང་གི་མི་ལག་མཆོག་ཕུར་གཡོན༔ དམར་ནག་རལ་པས་བར་སྣང་ཁེངས༔ རལ་པ་རེ་ལ་ཕུར་པ་རེ༔ ཟངས་རྡོར་འབར་བའི་ཐོད་གདེངས་ན༔ དར་དམར་ཅོད་པན་པུ་རུ་རུ༔ ཕུར་པའི་ལས་མཁན་གཤེགས་སུ་གསོལ༔ སྙིང་ཁྲག་འཐུང་ལ་ཧབོ་མ་ཆུང་༔ བརྣག་པའི་ཕྲིན་ལས་མ་གཡེལ་ཅིག༔ བྷྱོ༔ བྱང་སྨད་འཁོར་ལོའི་རྩིབས་སྟེང་ན༔ ཐོ་རངས་ལས་ཀྱི་ཕོ་ཉ་མོ༔ རྡོ་རྗེ་ཕག་བྱིན་ཆེན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ རྣམ་ཤེས་འབེབས་པའི་དྲིལ་བུ་གཡས༔ དྲག་པོའི་སེང་ལྡེང་ཕུར་པ་གཡོན༔ ལྗང་ནག་རལ་པས་འཇིག་རྟེན་ཁེངས༔ རལ་པ་རེ་ལ་ཕུར་པ་རེ༔ གཡུ་རྡོར་འབར་བའི་ཐོད་གདེངས་ནས༔ ལྗང་ནག་ཅོད་པན་པུ་རུ་རུ༔ ཁྱེད་ཀྱང་ཕུར་པའི་ལས་མཁན་ཏེ༔ སྲོག་དབུགས་སྡུད་ལ་རྔམས་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཛཿ ཤར་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་༔ དུང་གི་སྐྱེས་བུ་མི་བཟད་པ༔ སྐུ་མདོག་དཀར་འཚེར་འབར་བ་ལ༔ གཡས་ན་ཤེལ་གྲི་ཟངས་ཡག་


CMR017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ གཡོན་པས་ཤེལ་གྱི་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་གཟིར་ཞིང་འདེབས༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ སྐུ་ལ་སྤང་དཀར་སླག་པ་གསོལ༔ འཁོར་དུ་གིང་ཆེན་ཚོགས་ཀྱིས་བསྐོར༔ དཀར་པོ་འབུམ་གྱི་དམག་དཔོན་མཛད༔ ཁྱེད་ཀྱང་ཕུར་པའི་ལས་མཁན་ཏེ༔ བསྒྲལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཛཿ ལྷོ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་༔ ལྕགས་ཀྱི་སྐྱེས་བུ་མི་སྡུག་པ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ གཡས་པས་ལྕགས་ཀྱི་རལ་གྲི་ཕྱར༔ གཡོན་པས་ལྕགས་ཀྱི་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་གཟིར་ཞིང་འདེབས༔ ཆིབས་སུ་ལྕགས་སྤྱང་སྔོན་པོ་ཆིབས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ འཁོར་དུ་བདུད་པོའི་ཚོགས་ཀྱིས་བསྐོར༔ ནག་པོ་འབུམ་གྱི་དམག་དཔོན་མཛད༔ ཁྱེད་ཀྱང་ཕུར་པའི་ལས་མཁན་ཏེ༔ བརྣག་པའི་ལས་མ་མཐུ་མ་ཆུང་༔ ཛཿ ནུབ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་༔ བསྲེ་ཡི་སྐྱེས་བུ་རབ་འཇིགས་པ༔ སྐུ་མདོག་དམར་ནག་འབར་བ་ལ༔ གཡས་པས་ཟངས་གྲི་མེ་ཆེན་འབར༔ གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་གཟིར་ཞིང་འདེབས༔


CMR017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་སུ་བསྲེ་རྟ་དམར་པོ་ཆིབས༔ སྐུ་ལ་དབང་གི་བསྲེ་ཁྲབ་གསོལ༔ འཁོར་དུ་བདུད་བཙན་ཚོགས་ཀྱིས་བསྐོར༔ དམར་པོ་འབུམ་གྱི་དམག་དཔོན་མཛད༔ ཁྱོད་ཀྱང་ཕུར་པའི་ལས་མཁན་ཏེ༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ ཛཿ བྱང་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་༔ ཏཱ་ཀི་ནག་པོ་མེ་དབལ་འཇིགས༔ སྐུ་མདོག་ལྗང་ནག་འཇིགས་པ་ལ༔ གཡས་པས་གྲི་གུག་དགྲ་སྲོག་གཅོད༔ གཡོན་པས་བྷནྡྷ་སྙིང་ཁྲག་འཐུང་༔ ཆིབས་སུ་ཅེ་སྤྱང་སྔོན་པོ་ཆིབས༔ སྲ་བརྟན་ལྕགས་ཀྱི་གོ་ཁྲབ་གསོལ༔ ཤན་པ་ཕོ་མོའི་ཚོགས་ཀྱིས་བསྐོར༔ ལས་བྱེད་འབུམ་གྱི་དམག་དཔོན་མཛད༔ ཁྱེད་ཀྱང་ཕུར་པའི་ལས་མཁན་ཏེ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་་ཞིང་སྲུང་མ་རྣམས་ལ་རཀྟ་ཕྱར་ཞིང་བརླབ༔ གིང་རྣམས་ལ་ཡུངས་ཀར་གྱིས་ཐུན་བྲབ༔ དེས་བརྣག་པའི་ལས་མྱུར་དུ་སྒྲུབ་པར་འགྱུར་རོ༔ ཁྲ་མོ་བྲག་ནས་སྤྲུལ་སྐུ་རཏྣ་གླིང་པས་གདན་དྲངས་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕུར་པ་ཡང་གསང་བླ་མེད་ཀྱི་སྲུང་མའི་བསྐུལ་པ།next