Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།next

ཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།


CMR017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་བཞུགས་སོ།། ༈ ན་མོ་ཤྲཱི་ཀུ་མཱ་རཱ་ཡ།་རིག་འཛིན་བརྒྱུད་བསྐང་སྤྲོ་ན།་ཧཱུྃ། དང་པོའི་སངས་རྒྱས་འོད་མི་འགྱུར། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཡེ་ཤེས་ལྔ་ཡི་རོལ་པ་ལས། །རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་། །རིགས་དང་དཀྱིལ་འཁོར་ཀུན་ཁྱབ་བདག །རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང་། །གསང་བ་ཀུན་གྱི་བདག་པོ་སྟེ། །ལག་ན་རྡོ་རྗེའི་ཐུགས་དམ་བསྐང་། །མཁའ་འགྲོ་ཀུན་གྱི་གཙོར་གྱུར་པའི། །ལས་ཀྱི་དབང་མོའི་ཐུགས་དམ་བསྐང་། །གྲུབ་པ་བྱེ་བའི་ཅོད་པན་མཆོག །པྲ་བྷ་ཧསྟིའི་ཐུགས་དམ་བསྐང་། །རྒྱལ་ཀུན་ངོ་བོ་ཐུགས་རྗེའི་གཏེར། །པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །འཕགས་བོད་མཁས་དང་གྲུབ་པའི་གཙོ། །བི་མ་མི་ཏྲའི་ཐུགས་དམ་བསྐང་། །ཕུར་པ་བསྒྲུབ་ཅིང་མཆོག་བརྙེས་པ། །ཤཱི་ལ་མཉྫའི་ཐུགས་དམ་བསྐང་། །ཕྲིན་ལས་བཀའ་བབས་ཌཀི་མ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །གཡོ་མེད་ཏིང་འཛིན་མི་གཡོ་བརྙེས། །ཁྲི་སྲོང་ལྡེའུ་བཙན་ཐུགས་དམ་བསྐང་། །དྲག་སྔགས་མཐུ་ཡི་


CMR017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བརྙེས། །སངས་རྒྱ་ཡེ་ཤེས་ཐུགས་དམ་བསྐང་། །གསང་བའི་བདག་པོའི་རྣམ་པར་རོལ། །ཤུད་པུ་དཔའ་སེང་ཐུགས་དམ་བསྐང་། །གདུལ་དཀའ་འདུལ་བའི་མཐུ་སྟོབས་ཅན། །དཔལ་གྱི་དབང་ཕྱུགས་ཐུགས་དམ་བསྐང་། །ཕུར་བུ་བསྒྲུབ་ཅིང་དངོས་གྲུབ་བརྙེས། །ཀླུ་ཡི་དབང་པོའི་ཐུགས་དམ་བསྐང་། །རྩོད་མེད་ལོ་ཙཱ་སིདྡྷི་བརྙེས་། །ཀླུ་ཡི་རྒྱལ་མཚན་ཐུགས་དམ་བསྐང་། །བདེ་བ་ཆེན་པོའི་ཡེ་ཤེས་བརྙེས། །ཨརྱ་ས་ལེའི་ཐུགས་དམ་བསྐང་། །གུ་རུའི་ཐུགས་སྲས་རིག་པ་འཛིན། །གཉན་ཆེན་དཔལ་དབྱངས་ཐུགས་དམ་བསྐང་། །ལང་གྲོའི་རིགས་ལས་འཇིག་རྟེན་མིག །དཀོན་མཆོག་འབྱུང་གནས་ཐུགས་དམ་བསྐང་། །ཟབ་གཏེར་མཛོད་འཆང་བསྟན་པའི་བརྒྱན། །རཏྣ་གླིང་པའི་ཐུགས་དམ་བསྐང་། །པདྨའི་རྒྱལ་ཚབ་འགྲོ་བ་འདུལ། ཆོས་རྗེ་གླིང་པའི་ཐུགས་དམ་བསྐང་། །རྡོ་རྗེའི་ཚེ་བརྙེས་རྒྱལ་བའི་སྲས། །ཚེ་དབང་གྲགས་པའི་ཐུགས་དམ་བསྐང་། །ཆོས་ཀྱི་བདག་པོ་རིག་སྔགས་འཆང་། །བསོད་ནམས་བཀྲ་ཤིས་ཐུགས་དམ་བསྐང་། །བཀའ་རྙིང་བསྟན་པ་དར་མཛད་པའི། །ཀརྨ་ཆགས་མེད་ཐུགས་དམ་


CMR017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །ཟབ་ཆོས་སྤེལ་ཞིང་འགྲོ་འདུལ་མཆོག །བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཡོངས་རྫོགས་བསྟན་པའི་མངའ་བདག་མཆོག །ཆོས་ཀྱི་འབྱུང་གནས་ཐུགས་དམ་བསྐང་། །སྔ་འགྱུར་རིང་ལུགས་རྟག་འཛིན་པའི། །བདུད་འདུལ་རྒྱལ་པོའི་ཐུགས་དམ་བསྐང་། །རིས་མེད་བསྟན་པ་གསལ་བའི་ཉི། །པདྨ་གར་དབང་ཐུགས་དམ་བསྐང་། །བཀའ་དྲིན་མཉམ་མེད་འཁོར་ལོའི་མགོན། །རྩ་བའི་བླ་མའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །མེ་ཏོག་བདུག་སྤོས་སྐྱེ་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོའི་རིགས། །སྨན་དང་རཀ་གཏོར་ཆེན་དང་། །ཚོགས་ཀྱི་མཆོད་པས་དགྱེས་པ་བསྐང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་དང་། །དགྱེས་པའི་མཐུན་རྫས་སྣ་ཚོགས་ཀྱིས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །གཡར་དམ་གཉན་པོ་སོར་ཆུད་ཤོག །བདག་ནི་མ་རིག་དབང་གྱུར་པས། །སོ་སོར་ཐར་དང་བྱང་ཆུབ་སེམས། །སྔགས་ཀྱི་དམ་ཚིག་ཉམས་པ་རྣམས། །གནོངས་ཤིང་འགྱོད་པས་མཐོལ་ལོ་བཤགས། །སྣང་སྲིད་ལྷ་ཡི་དཀྱིལ་འཁོར་


CMR017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཀུན་གཞོམ་མེད་སྔགས་ཀྱི་སྐད། །ཅི་ཤར་ཆོས་དབྱིངས་བདེ་བ་ཆེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཅེས་པ་ཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་འདི་ཡང་དཔལ་སྤུངས་ཕུར་པ་སྒྲུབ་མཁན་བླ་མ་ཀརྨ་ཕྲིན་ལས་ཀྱིས་གསུང་ངོར། རྡོ་རྗེ་དྲག་པོའི་ཕུར་ཁང་དུ་སྐྱབས་མགོན་མཆོག་གི་སྐུ་རིམ་སྐབས་སུ་སྦྱར་བ་དགེ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཕུར་པ་ཡང་གསང་བླ་མེད་ཀྱི་རིག་འཛིན་བརྒྱུད་བསྐང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།next