Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩང་གྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩང་གྱེར།next

རྩང་གྱེར།


CMR017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་གྱེར་འདི་བཀའ་བརྒྱད་ནས་ཁོལ་དུ་ཕྱུང་བའོ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ སྤྲུལ་པའི་ཕོ་ཉ་ལས་ལ་མངག་པའི་ཕྱིར༔ ཉོན་མོངས་གདུག་པ་མ་ལུས་བསྒྲལ་བའི་ཕྱིར༔ སྤྲུལ་པའི་ཕྱག་རྒྱ་རྟགས་ཀྱི་ཕྱག་མཚན་གསལ༔ གདུག་པའི་གཙང་ཕུར་ཕྱག་རྟགས་ཉིད་དང་ལྡན༔ ཡར་གྱི་རྩེ་མོས་ཆོས་ཉིད་དབྱིངས་སུ་སླེབས༔ མར་གྱི་རྩེ་མོས་ངན་སོང་གསུམ་ལ་གཟིར༔ སྐེད་པ་རྒྱ་མདུད་ཆོས་ཉིད་འབྱུང་བའི་གནས༔ ཡར་གྱི་རྩེ་མོས་ལྷག་མཐོང་ཡུལ་དུ་འཇུག༔ མར་གྱི་རྩེ་མོས་རྒྱུ་དྲུག་སྙིང་པོ་སྒྲོལ༔ སྐེད་པ་རྒྱ་མདུད་ཁམས་གསུམ་ལྟོས་དང་མཉམ༔ ཡར་གྱི་རྩེ་ལ་གདུག་རྩུབ་མེ་ལྟར་འབར༔ མར་གྱི་རྩེ་ལ་གདུག་པའི་འོད་ཟེར་འཕྲོ༔ སྐེད་པ་རྒྱ་མདུད་མཚོན་ཆའི་གུར་དུ་ཕུབ༔ ཡར་གྱི་རྩེ་ལ་རཾ་གྱི་ཁུ་འཕང་འཕྲོ༔ མར་གྱི་རྩེ་ལ་ཛཡི་བུ་ཡུག་འཚུབ༔ སྐེད་པའི་དཀྱིལ་ན་དམུ་ཡི་ཕོ་བྲང་བཅས༔ ཡར་གྱི་རྩེ་ལ་ཁྲག་གི་བྱ་རྒོད་ལྡིང་༔ མར་གྱི་རྩེ་བསྒྲལ་ལྕགས་ཀྱི་འུག་པ་གྲག༔ སྐེད་པའི་དཀྱིལ་ན་ཟངས་ཀྱི་བྱ་རོག་འགྱེད༔ ཡར་གྱི་རྩེ་ལ་ཁྲག་གི་སྦྲང་བུ་གྲག༔ མར་གྱི་རྩེ་ལ་ལྕགས་ཀྱི་བུང་བ་གྲག༔ སྐེད་པའི་དཀྱིལ་ན་གཡུ་


CMR017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཁུ་བྱུག་གྲག༔ ཡར་གྱི་རྩེ་ལ་ལྷ་སྲིན་དམར་ནག་འཁྲུགས༔ ཡར་གྱི་རྩེ་ལ་རྒྱ་གྲོག་དམར་ནག་རྒྱུག༔ སྐེད་པའི་དཀྱིལ་ན་གསེར་གྱི་སྦལ་པ་འཁུན༔ ཡར་གྱི་རྩེ་ལ་ཁྲག་གི་ཐིགས་པ་འཛག༔ མར་གྱི་རྩེ་ལ་དུག་གི་ཆུ་བོ་ཁོལ༔ སྐེད་པའི་དཀྱིལ་ན་ཟངས་ཀྱི་ཝ་མོ་བརྒྱལ༔ ཡར་གྱི་རྩེ་ལ་ཟངས་ཀྱི་འཕར་བ་རྒྱག༔ མར་གྱི་རྩེ་ལ་ལྕགས་ཀྱི་རྒྱུག༔ སྐེད་པའི་དཀྱིལ་ན་ཟངས་ཀྱི་ཁྱི་མོ་ཟུག༔ ཡར་གྱི་རྩེ་ལ་བདུད་བྱ་ཀང་ཀ་རྒྱུག༔ མར་གྱི་རྩེ་ལ་དོམ་དང་དྲེད་མོང་འཐབས༔ སྐེད་པའི་དཀྱིལ་ན་སྟག་དང་སེང་གེ་འཐབས༔ སྤྲུལ་པའི་ཕོ་ཉ་དེ་རྣམས་ཀྱང་༔ ཆེ་ཆུང་རྒྱ་གྲོག་དམར་ནག་ཙམ༔ གདུག་པའི་རྟུལ་ཞུགས་སྣ་ཚོགས་ཀྱིས་རི་རབ་ཀུན་ཀྱང་ཚོགས་པོར་འཕེན༔ འཇིགས་པའི་སྒྲ་སྐད་སྣ་ཚོགས་ཀྱིས༔ ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ མྱུར་མགྱོགས་དྲག་པོས་ཁམས་གསུམ་དབང་དུ་སྡུད༔ ཡང་སྤྲུལ་མངག་གཞུག་དཀྱིལ་འཁོར་གང་༔ འབར་བའི་ཡང་སྤྲུལ་མཐའ་དང་མཉམ༔ དཀྱིལ་འཁོར་ནམ་མཁའི་མཐའ་དང་མཉམ༔ སྤྲུལ་པ་ཀུན་འབྱུང་གདུག་པའི་རྩང་ཕུར་རྣམས༔ གྲུ་གསུམ་གླིང་བཞི་དྲག་པོར་བཅས༔


CMR017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཡེ་ཤེས་དྲྭ་བ་མིག་མང་རིས༔ འཁོར་བའི་དྲུ་བ་སྐ་ཤད་འཛིངས་པ་འདྲ༔ ཉོན་མོངས་དྲ་བ་སེམས་ཅན་འཆིང་བའི་རྒྱུ༔ ཤེས་རབ་དྲྭ་བ་མ་རིག་འབྱེད་པའི་སྒོ༔ སྤྲུལ་པའི་དྲྭ་བ་ཅིར་ཡང་བསྒྱུར་བའི་ཐབས༔ གདུག་པའི་དྲྭ་བ་སེམས་ཅན་འཁྱུད་པའི་སྣོད༔ སྤྲུལ་པའི་ཕོ་ཉ་མྱུར་མགྱོགས་རྒྱུག་པའི་སྲང་༔ དམ་ཉམས་དགྲ་བགེགས་ཤོར་བའི་མུ་མཐའ་མེད༔ གདུག་རྩུབ་སྤྲུལ་པའི་དྲྭ་བ་མིག་རེ་ལ༔ གདུག་པའི་དགྲ་བགེགས་སྲོག་རྩ་གཅོད་པར་བྱེད༔ དམ་ཉམས་དགྲ་བོའི་སྲོག་ལ་རྟོད་ཅིང་བློ་འཐབས༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར༔ གདུག་རྩུབ་དབལ་དྲག་ལྡན་པའི་རྩང་ཕུར་བཞུགས༔ དམ་ཉམས་དགྲ་བོའི་སྙིང་ལ་ཀཱི་ལ་ཡ༔ ཀཱི་ལ་ཡ་ན་ལས་མཛོད༔ བྷྱོ་ཛཿ དམ་ཉམས་དགྲ་བོ་འདུལ་བའི་ཕྱིར༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ དྲག་པོའི་སྟོབས་ཀྱིས་རྩང་ཕུར་བཞེངས༔ ཧཱུྃ༔ དབང་དྲག་ཕུར་པའི་ལྷ་ཚོགས་རྣམས༔ དྲག་པོའི་སྟོབས་ཀྱིས་རྩང་ཕུར་བཞེངས༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དམ་ཉམས་དགྲ་བོ་འདུལ་བའི་ཕྱིར༔


CMR017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་དབལ་གྱི་གདན་སྟེང་དུ༔ དབལ་དྲག་ལྡན་པའི་རྩང་ཕུར་བཞེངས༔ ཡེ་ཤེས་ཕུར་པ་ཀཱི་ལ་ཡ༔ རྫས་ཀྱི་ཕུར་པ་ཀཱི་ལ་ཡ༔ མགོ་བོ་རྒྱ་མདུད་མངའ་གསོལ་ལོ༔ ཡེ་ཤེས་ཐིག་ལེས་མངའ་གསོལ་ལོ༔ ཟུར་བརྒྱད་འབར་བས་མངའ་གསོལ་ལོ༔ ཕྱག་རྒྱ་སྦྱོར་བས་མངའ་གསོལ་ལོ༔ སྐེད་པ་རྒྱ་མདུདོ་མངའ་གསོལ་ལོ༔ རིགས་བཞི་ཕྱག་རྒྱས་མངའ་གསོལ་ལོ༔ གྲུ་གསུམ་འབར་བས་མངའ་གསོལ་ལོ༔ ཛགསུམ་འབར་བས་མངའ་གསོལ་ལོ༔ ངོས་གསུམ་འབར་བས་མངའ་གསོལ་ལོ༔ པདྨ་ར་ཀྟས་མངའ་གསོལ་ལོ༔ ཟུར་གསུམ་འབར་བས་མངའ་གསོལ་ལོ༔ སྣ་ཚོགས་ཛཡིས་མངའ་གསོལ་ལོ༔ རཀྟ་ཁྲག་གིས་ངར་བླུད་ནས༔ སྲིན་པོའི་ཐོད་པ་འདི་ལ་བརྡར༔ ཕུར་པའི་མདའ་ལ་་ཉེ་རིང་མེད༔ དམིགས་པའི་འབེན་ལ་ཆེ་ཆུང་མེད༔ མ་མོའི་ཐུན་ལ་ཉེ་རིང་མེད༔ ཡུངས་ཀར་རྦབ་ལ་གྱེན་ཐུར་མེད༔ ཕོ་ཉའི་ལས་ལ་དཀའ་སླ་མེད༔ ས་མ་ཡ་ཛ་ཛཿ རྩང་གྱེར་རྫོགས་སོ༔


previousརྩང་གྱེར།next