Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་ལས་བྱང་ཕྲིན་ལས་ཀྱི་སྤུ་གྲི་ཞེས་བྱ་བའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ཟིན་བྲིས་བསྡུས་པ།
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་ལས་བྱང་ཕྲིན་ལས་ཀྱི་སྤུ་གྲི་ཞེས་བྱ་བའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ཟིན་བྲིས་བསྡུས་པ།next

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་ལས་བྱང་ཕྲིན་ལས་ཀྱི་སྤུ་གྲི་ཞེས་བྱ་བའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ཟིན་བྲིས་བསྡུས་པ།


CMR017_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་ལས་བྱང་ཕྲིན་ལས་ཀྱི་སྤུ་གྲི་ཞེས་བྱ་བའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ཟིན་བྲིས་བསྡུས་པ་གཅིག་བཞུགས་སོ། །


CMR017_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཀུ་མཱ་ར་ཡེ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ནི། །གཅིག་ཏུ་བསྡུས་པ་བདུད་འདུལ་ཕུར་པའི་ལྷ། །བར་ཆད་ཀུན་སེལ་དེ་ལ་ཕྱག་འཚལ་ནས། །ལས་བྱང་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་བརྗོད། །ཕུར་སྲུང་རྣམས་ཀྱིས་བཀའ་ཡི་གནང་བ་སྩོལ། །འདི་ལ་དང་པོ་ཡིད་ཆེས་ཕྱིར་ལོ་རྒྱུས་བཤད་པ། སྤྲོ་བ་འཕེལ་ཕྱིར་ཕན་ཡོན་བཤད། སྟ་གོན་དངོས་གཞི་རྗེས་སོ། །དང་པོ་ནི་ལྷ་ཡི་ངོ་བོ་ངོས་བཟུང་། རྒྱུད་གསུང་ཚུལ། ཕྱོགས་གར་གཏོགས། བཀའ་བབས་ཚུལ་ལོ། །དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་འདིའི་རྣམ་འཕྲུལ་དུ་མ་གྱུར་པའི་སངས་


CMR017_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་མེད་དོ། །སངས་རྒྱས་ཐམས་ཅད་སྤྲུལ་གཞིའི་བདགཔོ་ཡིན་གསུངས་ཏེ། ཕུར་པ་བྷི་ཏོའི་རྒྱུད་ལས། བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་གྱུར་པས་གང་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་རྟོགས་སོ། །ཞེས་གསུངས་སོ། །ཁྱད་པར་དུ་ཕྱི་ཞི་བའི་དུས་རྡོ་རྗེ་སེམས་དཔའ། བྱ་རྒྱུད་དུས་རྡོ་རྗེ་རྣམ་འཇོམས། །བྱང་ཆུབ་སེམས་དཔའ་དུས་ཕྱག་ན་རྡོ་རྗེ། གསང་སྔགས་རྙིང་མའི་སྐབས་སུ་རྡོ་རྗེ་གཞོན་ནུ་རྣམས་ངོ་བོ་གཅིག་ཡིན་པར་གསུངས་སོ། །དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་གསང་ཆེན་རོལ་པའི་


CMR017_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ན། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཕྲིན་ལས་ཀྱི་བདག་པོ་རྡོ་རྗེ་གཞོན་ནུ་ཕྲིན་ལས་རོལ་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་པ་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པས་ཞུས་པའི་ངོར། དུས་ཕུན་སུམ་ཚོགས་པ་ཐོགས་མཐའ་མེད་པ་ན། ཆོས་ཕུན་སུམ་ཚོགས་པ་ཕྲིན་ལས་འདུས་པའི་རྟོག་པ་རྡོ་རྗེ་འཁྲོས་པའི་རྒྱུད་འདི་ལ་སོགས་པ། ཕུར་པ་བི་ཏོ་ཏ་མའི་རྒྱུད་འབུམ་སྡེ་གསུངས་སོ། །རྒྱུད་དེ་དག་དཔལ་གསང་བའི་བདག་པོ་དང་། མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་བཀའི་བསྡུ་བ་བྱས་ཏེ། འཛམ་བུའི་གླིང་དེར་སྤྱན་དྲངས་ཏེ། མཆོད་རྟེན་བདེ་བྱེད་བརྩེགས་པ་དང་། བསིལ་བ་ཚལ་གྱི་དུག་ཤིང་གི་སྡོང་པོའི་རྩར་གནམ་ལྕགས་ཀྱི་སྒྲོམ་བུ་བཅུག་ནས་གཏེར་དུ་སྦས་སོ། །དེ་ནས་སྟོན་པ་མྱ་ངན་ལས་འདས་རྗེས། རྒྱ་གར་གྱི་རིག་འཛིན་བརྒྱད་དགོངས་པ་བསྟན་ཏེ་མཆོད་རྟེན་བདེ་བྱེད་བརྩེགས་པའི་གཏེར་འདོན་པར་བཞེད་པ་ན། རིག་འཛིན་བརྒྱད་སོ་སོའི་ཕྱག་ཏུ་སྒོམ་བརྒྱད་བབ་པ་ལས། གནམ་ལྕགས་ཀྱི་སྒྲོམ་དང་ཕུར་པ་


CMR017_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་རྒྱུད་ཕྲིན་ལས་ཀྱི་སློབ་དཔོན་པྲ་ཆེན་ཧསྟིའི་ཕྱག་ཏུ་བབ་པས། ཕྲིན་ལས་ཀྱི་སློབ་དཔོན་པྲ་ཆེན་ཧསྟི་ཞེས་གྲགས་སོ། །དེ་ལྟར་རིག་འཛིན་བརྒྱད་ཀ་ལ་བཀའ་བརྒྱུད་སོ་སོའི་དབང་ལུང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསན་མོད་ཀྱིས། སླར་ཡང་ཨོ་རྒྱན་ཆེན་པོ་དུར་ཁྲོད་བསིལ་བའི་ཚལ་དུ་དགོངས་པ་ལ་བཞུགས་པའི་ཚེ་ན། དུག་ཤིང་གི་སྡོང་པོ་གཅིག་གི་རྩ་ན་ཉིན་མོ་རླུང་ནག་འཚུབ། མཚན་མོ་མེ་དཔུང་འབར་བའི་དཀྱིལ་ན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་ཞིག་གིས། ངས་སེམས་ཅན་སྐྱབས་མེད་པའི་སྐྱབས་བྱའོ། །མགོན་མེད་པའི་མགོན་བྱའོ། །ཟེར་བ་ཞིག་གཟིགས་ནས། ཕྱིར་ནངས་དེར་བསྐོས་པས་གནམ་ལྕགས་ཀྱི་སྒྲོམ་གྱི་ནང་ནས་ཕུར་པ་བི་ཏོ་ཏ་མ་ལ་འབུམ་སྡེའི་རྒྱུད་རྣམས་བྱུང་ངོ་། །དེ་ནས་ཨོ་རྒྱན་རིན་པོ་ཆེའི་ཟ་ཧོར་གྱི་མཁན་པོ་པྲ་ཆེན་ཧསྟི་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་བར་ཞུས་པས། པྲ་ཆེན་ཧསྟིའི་ཞལ་ནས། ངས་ཁྱེད་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་པའི་སྐལ་བ་དང་མི་ལྡན། རྒྱ་གར་ཤར་ཕྱོགས་སོ་ས་གླིང་གི་བྱེ་བྲག་ཐོད་པ་བརྩེགས་པའི་མཁར་ན། མཁའ་འགྲོ་མ་བདེ་བའི་འཁོར་ལོ་བྱ་བ་བཞུགས་པས་དེ་ལ་ཞུས་ཤིག་


CMR017_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ལུང་བསྟན་པས། དེར་བྱོན་པས་དུར་ཁྲོད་ཀྱི་གཞལ་ཡས་ཁང་གྲུ་གསུམ་མཐིང་ནག་འབར་བའི་གདན་ལ། མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་ཁཊ་དང་ཐོད་ཁྲག་བསྣམས་པ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཞལ་གྲུ་གསུམ་ཧོམ་ཁུང་གདངས་བ་འདྲ་བ། ཞབས་གཉིས་བརྐྱང་བསྐུམས་སུ་བཞུགས་པ། སྟག་ཤམ་དང་གཡང་གཞི་དང་ཐོད་ཕྲེང་དང་རྒྱན་དྲུག་གིས་སྤྱས་ནས། འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་ནས། ཀཱི་ལ་ཡའི་སྒྲ་རབ་ཏུ་སྒྲོགས་པ་མཇལ་ནས། ཕུར་པའི་དབང་ཞུས་ནས། སློབ་དཔོན་ཡི་གེ་ཧཱུྃ་དུ་བསྒྱུར་ནས་ཞལ་དུ་མིད་དེ། ཀླད་པ་དུང་ཁང་དུ་ཞག་གཅིག་བཞག་ནས་བུམ་པའི་དབང་བསྐུར། གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་དུ་བཏགས། མགྲིན་པར་ཞག་གཅིག་བཞག་ནས་གསང་བའི་དབང་བསྐུར། གསང་མཚན་པདྨ་བཛྲ་རྩལ་དུ་བཏགས།་ཐུགས་ཀར་ཞག་གཅིག་བཞག་ནས་དབང་གསུམ་པ་བསྐུར། གསང་མཚན་རྡོ་རྗེ་ཐོག་མེད་རྩལ་དུ་བཏགས། གསང་གནས་སུ་ཞག་གཅིག་བཞག་ནས་དབང་བཞི་རྫོགས་པར་བསྐུར། གསང་མཚན་རྡོ་རྗེ་མྱུ་གུ་རྩལ་དུ་བཏགས། དེ་ནས་གསང་གནས་ནས་བཏོན་ཏེ། རྡོ་རྗེ་ཕུར་པའི་ཆོས་མ་ལུས་པར་


CMR017_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། སྐྱེ་འཆི་མེད་པའི་ཚེ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིག་འཛིན་ལ་མངའ་བརྙེས་པར་གྱུར་ཏེ། སླར་ཡང་སློབ་དཔོན་པྲ་ཆེན་ཧསྟི་ལས་ཕུར་པའི་ཆོས་སྐོར་མང་དུ་ཞུས། དེ་ནས་སློབ་དཔོན་བལ་ཡུལ་ཡང་ལེ་ཤོད་ཀྱི་ཕུག་པར་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་བཞེངས་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ། བལ་ཡུལ་གྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བྱ་བར་བྱས་ཏེ། ནམ་མཁའ་ལ་ཆར་བཀག་ཐན་པ་ཆེན་པོ་བྱུང་། རྩི་ཤིང་ལོ་ཐོག་ཆུ་མིག་ཡན་ཆད་སྐམ། མུ་གེ་ཆེན་པོས་མི་ཕྱུགས་ཐམས་ཅད་ཁ་དག་པ་བྱུང་ནས། དེ་རྣམས་འདུལ་བའི་ཆེད་དུ་སློབ་དཔོན་གྱིས་བལ་པོ་ཇི་ལ་དང་བ་ར་གསེར་སྦྱིན་གཉིས་ལ། གསེར་ཕྱེ་བྲེ་གང་དང་། གསེར་སྲང་བརྒྱ་ལས་བྱས་པའི་པ་ཏྲ་གཅིག་རྒྱ་གར་རྒྱལ་པོ་ལ་བསྐུར་ནས། རྡོ་རྗེ་ཕུར་པའི་རྒྱུད་ཐམས་ཅད་བཞུགས་ཚད་སྐུར་གཅིག་ཞུས་སོ། །དེར་རྒྱལ་པོ་བི་ཀ་མ་ལ་རྣམ་པར་གནོན་པས་ཤི་ལའི་གཙུག་ལག་ཁང་དུ་་པཎྜི་ཏ་རྣམས་ལ་དེ་སྐད་བསྒོ་བས། དེར་པཎྜི་ཏ་སྟོང་ལྔ་བརྒྱ་བཞུགས་པའི་ནང་ནས། ཇི་ས་དང་ནཱ་ག་ཛུ་ན་གཉིས་ཀྱིས་རྡོ་རྗེ་ཕུར་པའི་རྒྱུད་མི་ཁུར་གཉིས་བརྫངས་ནས། ཡང་ལེ་ཤོད་


CMR017_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྲག་ཕུག་ཏུ་ཆོས་དེ་རྣམས་ཕེབས་པ་ཙམ་གྱིས་ནམ་མཁའ་ལ་སྤྲིན་འདུས། ཞལ་ཕྱེ་བ་ཙམ་ནས་ཆར་བབ། ཆུ་མིག་སྐམ་པ་རྣམས་སླར་སྐྱེས། རྩི་ཤིང་ནགས་ཚལ་ལོ་ཐོག་ཐམས་ལྷཅད་དུས་དེ་ཉིད་དུ་སྔོ་ལྷུབས་སེ་སྐྱེས་སོ། །དེར་སློབ་དཔོན་གྱིས་བི་ཏོ་ཏ་མ་ལ་སོགས་པ་རྩ་བ་ལྟ་བུའི་རྒྱུད་བཞི། ཡལ་ག་ལྟ་བུའི་ཁྲོ་བཅུའི་རྒྱུད་ཆུང་བཅུ། དམར་མོ་བསེ་མོའི་རྒྱུད་སོགས་ལོ་མ་ལྟ་བུའི་རྒྱུད་གསུམ། རྣལ་འབྱོར་བླ་མ་ལ་སོགས་པ་མཛེས་པ་མེ་ཏོག་ལྟ་བུའི་རྒྱུད་བཞི། རྡོ་རྗེ་རྩེ་མོ་ལ་སོགས་པ་འབྲས་བུ་ལྟ་བུའི་རྒྱུད་བཞི། སོགས་སུ་ཕྱེས་ནས་རྒྱུད་དེ་དག་ལ་བསྟེན་ནས་སྒྲུབ་ཐབས་མན་ངག་དུ་མ་མཛད་དོ། །དེ་ནས་སློབ་དཔོན་དཔོན་སློབ་གསུམ་ཚ་བ་ཚ་ཤོད་བསེའི་ཡུལ་མེ་ཏོག་དགུན་ཡང་སྐྱེ་བའི་ཡུལ་དུ་བྱོན་ནས་གཟིམ་ཙ་ན། ཆོ་འཕྲུལ་ཆེན་པོ་དབུགས་འཕྲོག་པ་སྙམ་བྱེད་པ་བྱུང་ནས་གཟིགས་པས། མདུན་ན་ནི་མུ་ཕྲུམ་ཕྲུམ་འདུག་པ་ཕྱག་རྒྱ་བཞིས་བསྡམས་ནས་ལྷུང་བཟེད་དུ་བཅུག་ནས་བཞག །ཕྱིར་ནུབ་བྱང་ཆུབ་རིས་ཀྱི་ཆུ་མིག་ཏུ་ཕེབས་ནས་ལྷུང་བཟེད་ཁ་ཕྱེས་ནས། ལྷའི་སྲས་མོ་མཚར་སྡུག་འོད་དུ་འབར་བ་བཞི་འདུག་པས་ངེད་བཞི་ཡུལ་ཚ་བ་ཚ་ཤོད་ཀྱི་རྒྱལ་ཁམས་ལ་དབང་བྱེད་པའི་ས་


CMR017_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྲེའི་བུ་མོ་བཞི་ཡིན་པས། བདག་ཅག་ལ་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་དབང་བསྐུར་དུ་གསོལ། ཞེས་ཟེར་བས། སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་དབང་ནི་མི་བསྐུར། རྡོ་རྗེ་ཕུར་པའི་ཆོས་ཉན་བཤད་དང་། སྒྲུབ་པ་ལ་བར་ཆད་བྱེད་པའི་དགྲ་བགེགས་ཀྱི་ཚེ་སྲོག་ལ་དབང་བྱེད་པའི་དབང་གཅིག་བསྐུར་གསུངས་ཏེ། དམ་ལ་བཏགས་ནས་སྲུང་མར་བསྐོས་སོ། །དེ་ནས་བི་ཀ་མ་ལའི་གཙུག་ལག་ཏུ་བྱོན་ནས་པཎྜི་ཏ་རྣམས་ལ་ཕྱག་དཔེ་སྔ་མ་རྣམས་གཏད། ཕྱིས་བརྩམ་པ་རྣམས་གཟིགས་ཕུལ་བས། ཤིན་ཏུ་རྩོམ་ལེགས་ཤིང་ཡིད་ཆེས་ནས། པཎྜི་ཏ་ཐམས་ཅད་ཀྱིས་ཕྱག་དུས་གཅིག་ལ་གྱང་འགྱེལ་བ་ལྟར་སློབ་དཔོན་ལ་འཚལ། ཕྱིན་ཆད་ཀྱང་གསང་སྔགས་ཀྱི་འགྲེལ་བ་དང་སྒྲུབ་ཐབས་མང་དུ་མཛད་པར་ཞུ་བ་ཕུལ་ཞིང་མངོན་པར་བསྟོད་དོ། །དེ་ནས་སླར་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་སློབ་དཔོན་པདྨ་དང་། བྷི་མ་ལ་མི་ཏྲ་དང་། བལ་པོ་ཤྲཱི་ལ་མཉྫ་གསུམ་གྱིས་རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད་པས། ནུབ་དང་པོ་ལ་ཟངས་ཀྱི་ཝ་མོ་འཇའ་བཀུག་པ་འདྲ་བ་དང་། ལུས་གཅིག་ལ་མགོར་དགུར་སྤྲུལ་པ་


CMR017_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྒྲ་སྐད་ལྷང་ལྷང་སྒྲོགས་པ་དང་། བར་སྣང་ཁམས་ནས་རྐང་པ་གསུམ་ལྟར་གྱི་བཙུགས་པ་དང་། ལྕེ་ཕྱོགས་མཚམས་བརྒྱད་དུ་ཉུག་ཉུག་བྱེད་པ་རྣམས་བྱུང་བས། ལྕགས་ཀྱི་སྤྱང་མོ་ལ་སོགས་བསྐུལ་རྣམས་མཛད། ནུབ་གཉིས་པར་བུད་མེད་མཛེས་སྡུག་འོད་འབར་བ་བཞི་བྱུང་བས་བསྲེའི་བུ་མོ་བཞིའི་བསྐུལ་མཛད། ནུབ་གསུམ་པར་བུད་མེད་ནག་མོ་མགོ་དང་ལུས་མིག་གིས་གང་བ་ཞིག་བྱུང་ནས། རེ་མ་ཏི་མཆེད་བཞིའི་བསྐུལ་མཛད། དེ་ནས་ཕུར་པ་རྣམས་དཀྱིལ་འཁོར་གྱི་སྟེང་དུ་འཁྲབ་པ་བཞིན་དུ་བྱུང་ནས། ཕུར་པ་རྣམས་སྒོ་བར་བཅུག་ཛཿ སྒྲོ་བ་ནམ་མཁའ་ལ་འཕར་ཞིང་ལྡིང་། སྒྲོ་བ་ནང་དུ་ཆོམ་སྒྲ་འུར་སྒྲ་རམ་རམ་བྱུང་ནས་གདབ་པའི་དྲོད་ཚད་ལ་བབ་བོ་གསུངས་ནས། སློབ་དཔོན་པདྨས་རྒྱ་གར་གྱི་རི་མ་ལ་ཡའི་ཙནྡན་གྱི་ནགས་ལ་མེ་ཤོར་བ་ལ་བཏབ་པས་མེ་ཤི་ནས་ཙནྡན་གྱི་ནགས་སྔོ་ལྷུབས་སེ་སོང་། བི་མ་ལས་ཆུ་བོ་གང་གཱ་དང་པཀྵ་དུས་གཅིག་ལ་འབྲུབ་པ་ལ་བཏབ་པས། ཞག་དགུ་གྱེན་ལ་ལྡོག །ཆུ་སྲིན་མི་ཟན་ཐུལ། བལ་པོ་ཤྲཱི་ལ་མཉྫས་བལ་ཡུལ་མནྡཱ་ར་བའི་དཀར་སྒོང་ལ་བྲག་སྲིན་ཆེན་པོ་གནས་པ་ལ་བཏབ་པས། བྲག་སྲིན་ཐུལ་ནས་དཀར་སྒོང་ཡང་ནས་


CMR017_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡོས་ཙམ་དུ་སོང་ངོ་། །།སློབ་དཔོན་དེ་གསུམ་དགོངས་པ་བསྐུར་བས། ཕུར་པ་རྣམ་གསུམ་སྐོར་བྱ་བར་གྲགས་སོ། །དེ་ནས་སློབ་དཔོན་པདྨ་བོད་དུ་བྱོན་ནས་བསམ་ཡས་སུ་ཕུར་པའི་དཀྱིལ་འཁོར་བཞེངས་ཏེ་བསམ་ཡས་ཀྱི་ས་བཏུལ་ལྷ་འདྲེ་དམ་ལ་བཏགས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བློན་འབངས་དང་བཅས་པ་ལ་ཕུར་པའི་དབང་བསྐུར་ནས་གསུངས་པ་ལ། ཕུར་པ་པདྨ་རྒྱལ་པོའི་སྐོར་བྱ་བར་གྲགས། དེར་མངའ་བདག་གིས་ཧས་པོ་རི་ལ་བཏབ་པས་མེ་འབར། ནམ་མཁའི་སྙིང་པོས་མཁར་ཆུའི་བྲག་ལ་བཏབ་པས་ད་ལྟ་ཡོད་། སངས་རྒྱས་ཡེ་ཤེས་ཀྱི་རི་ལ་ཚད་པས་མེ་འབར། བྲག་དམར་མགྲིན་བཟང་དུ་ཕུར་པའི་སྒྲུབ་གཞུང་བཙུགས་ནས། ཤུད་པུ་དཔལ་སེང་གིས་བསམ་ཡས་ཧད་པོ་རི་ལ་དགུན་ཕུར་པ་བཏབ་པས། རྩི་ཤིང་ནགས་ཚལ་སྔོ་ལྷུབ་ཀྱིས་སོང་། རྡོ་རྗེ་བདུད་འཇོམས་ཀྱིས་གཙང་པོ་ལ་ཕུར་པ་བཏབ་པས། ཆུ་འཁྱིལ་ནས་ཉི་མ་ཕྱེད་སྐད་དུ་འགྲོ་མ་ནུས། ཤཱཀྱ་པྲ་བས་ཀྱི་ཤོད་ཀྱི་ནང་རྡོ་རྗེའི་བྲག་ཟངས་ཡག་དམར་པོ་ལ་བཏབ་པས། བྲག་མཁར་ལས་མཐོ་བ་ཡོད་པ་ཧྲལ་གྱིས་རལ། དེ་རྣམས་བོད་ཀྱི་སློབ་དཔོན་གསུམ་ཞེས་བྱའོ། །དེ་ནས་ཇོ་མོ་


CMR017_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྒྱལ་སོགས་ཐུགས་སྲས་ཉེ་བའི་འཁོར་བཅོ་བརྒྱད་བཅས་ཨོ་རྒྱན་རིན་པོ་ཆེ་དབུར་བཞུགས། དེ་རིང་སེང་གེ་རྫོང་གི་གསང་ཕུག་ཆེན་པོར་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞག་གཉེར་གཅིག་མཛད་པས། རིག་འཛིན་ཐམས་ཅད་ནམ་མཁའ་གང་། ཡི་དམ་ལྷ་ཚོགས་སྤྲིན་བཞིན་དུ་གཏིབས། མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་བྱེད། ཕུར་སྲུང་བཅུ་གཉིས་ཀྱིས་དངོས་གྲུབ་བར་མ་ཆད་དུ་སྐྱེལ། །དགེ་བསྙེན་ཉེར་གཅིག་གིས་ཕྲིན་ལས་བཀའ་བཞིན་ཉན། ལྷ་སྲིན་སྡེ་བརྒྱད་ཀྱིས་རང་རྟགས་སྲོག་གི་སྙིང་པོ་མདང་གསོལ་དུ་ཕུལ་ནམ་མཁར་འཇའ་དང་མེ་ཏོག་གི་དྲྭ་བས་འབྲེལ། ཕུར་པ་རྣམས་ནི་བཞད་ཅིང་འགྱིང་། མཁའ་འགྲོ་རྣམས་ཀྱིས་སྔགས་སྒྲ་སྒྲོགས། འོད་ཟེར་ཕྱོགས་བཅུར་འཕྲོ་བ་སོགས་བྱིན་རླབས་ཀྱི་ལྟས་དཔག་ཏུ་མེད་པ་བྱུང་ངོ་། །ཁྱད་པར་མཚོ་རྒྱལ་ལ་བཀའ་བབ་སྟེ། ཕུར་པ་བྲག་ལ་བཏབ་པ་ནས་ཚེ་ཆུའི་རྒྱུན་བབ་སྟེ་སུས་འཐུང་ཚེའི་བར་ཆད་སེལ་བ་དེང་སང་བར་དུ་ཡོད་པ་དང་། བསད་པའི་མི་རོ་གསོ་བ་སོགས་ཀྱང་མཛད་ཅིང་གཏེར་ཁ་མང་པོར་གཏེར་དུ་ཡང་སྦས་ལ། འཁོན་ཀླུའི་དབང་པོ་སོགས་ནས་བརྒྱུད་པ་བཀའ་མ་དེང་སང་ས་ཕུར་དུ་གྲགས་པ་སོགས་བྱུང་ལ། ཁྱད་པར་


CMR017_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་སྲིན་ཡུལ་དུ་བྱོན་དུས། མཚོ་རྒྱལ་དང་ལྕོག་རོ་དཔལ་གྱི་མཆོད་གནས་དང་། ཨ་ཙ་ར་ས་ལེ་གསུམ་གྱིས་མང་ཡུལ་བར་དུ་བསྐྱལ་ནས་གདམས་ངག་ཞུས་པ་ན། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲུལ་ནས། དབང་ང་ལ་ཞུའམ་ལྷ་ལ་ཞུ་གསུངས་པས། ལྕོག་རོ་བཟས་ལྷ་ལ་ཞུ་ཟེར་བས། ཁྲོ་བོ་བཅུ་སློབ་དཔོན་གྱི་ཐུགས་ཀར་ཐིམ་སྟེ། མོས་དབང་མ་ཐོབ་སྟེ། ཕྱི་བོན་ལུགས་སུ་བཤད་པ་ཕུར་པ་ལྕམ་ལུགས་སོགས་གནང་ཡང་། སྒྲུབ་པའི་ནུས་པ་མ་བྱུང་། སློབ་དཔོན་ལ་ཅུང་ཟད་མ་དད་པའི་ཉེས་པས་དམ་སྲི་མོར་སྐྱེས་སོ། །མཚོ་རྒྱལ་གྱིས་སློབ་དཔོན་ལ་ཞུ་ཟེར་བས། སློབ་དཔོན་གྱི་མགུལ་ནས་ཤོག་དྲིལ་ཕྱུང་སྟེ་གནང་བས་ཕུར་པ་མགུལ་ཁུག་མར་གྲགས། ཁྱེད་ཀྱིས་ཨ་ཙ་ར་ས་ལེ་ལ་ཤོད་ཅིག་གསུངས་སློབ་དཔོན་གཤེགས་སོ། །མཚོ་རྒྱལ་གྱིས་བསྒྲུབས་པས་ཕུར་པ་ཕྱག་ནས་འཕུར་ཏེ་སྐྱེར་ཕུང་ཅིག་ལ་ཟུག་སྟེ་ཁྲག་ཤ་རེ་འདུག་པས། ཕ་མིང་གི་ཟ་འདྲེ་ཐུལ་ཏེ་ཕ་མིང་དར་བས། མཁར་ཆེན་འདྲེ་ཐུབ་རྒྱུད་པར་གྲགས། འོ་བྲན་དཔལ་གྱི་དབང་ཕྱུག་གིས་ཕུར་པ་བསྒྲུབས་ནས་སྲིན་མོ་ཐུལ་བ་སོགས་ཕུར་པའི་གྲུབ་པ་ཐོབ་པ་དཔག་ཏུ་མེད་པ་བྱུང་།


CMR017_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། འཁོན་ཀླུ་དབང་སྲུང་ནས་ས་ཆེན་ཀུན་སྙིང་ཡན་ཆད་ཕུར་པའི་གྲུབ་ཐོབ་རྒྱུན་མ་ཆད་པར་བྱུང་ངོ་། །དེ་དག་ལས་བརྒྱུད་པའི་ཕུར་པ་བཀའ་གཏེར་རིགས་མི་གཅིག་པ་ནམ་མཁའི་རྒྱུ་སྐར་ཚོགས་ཙམ་ཡོད་ཀྱང་། ཟབ་ཅིང་བྱིན་རླབས་ཁྱད་པར་དུ་འཕགས་པ་རིག་འཛིན་རཏྣ་གླིང་པའི་གཏེར་ཁ་འདི་ཡིན་ཏེ། སྔར་གྱི་གཏེར་རྙིང་གཏེར་ཁ་བརྒྱད་ནས་རཏྣ་གླིང་པ་ལུང་བསྟན་པ་དང་། རྟེན་འབྲེལ་ཐམས་ཅད་འགྲིགས་ཤིང་བར་ཆད་གང་ཡང་མ་བྱུང་བ་ནི་རཏྣ་གླིང་པ་ཙམ་ཡིན་པས་བཀྲ་ཤིས་པ་དང་། གཏེར་རྙིང་ལ་ལ་འགྲོ་དོན་མི་རབས་ཀྱི་གྲངས་དང་ལོ་གྲངས་ཐེབས་པས་བྱིན་རླབས་ཆུང་ལ་རཏྣ་ལུགས་ལ་བསྟན་པ་མཐའ་རྒྱས་སུ་འགྱུར་བར་གསུངས་པ་ལས་རྫོགས་པའི་ལོ་གྲངས་དང་མི་རབས་གྲངས་མེད་པས་རྟེན་འབྲེལ་ལེགས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། ཡུལ་གང་དུ་ལྷ་གང་འགྲུབ་གསུངས་པ་དང་། གཏེར་ཆོས་རྣམས་ཀྱང་ས་ཆ་གང་དུ་དར་གྱི་ངེས་པ་ཡོད་པ་ལ་རཏྣ་ལུགས་ནི། མ་འོངས་ཁམས་དང་གཙང་ཕྱོགས་སུ་བསྟན་པ་དར་ཞིང་རྒྱས་པར་འགྱུར་ཞེས་གསུངས་པས། ཁམས་ཕྱོགས་འདིར་བཀའ་བབ་ཀྱི་ཆོས་སྐལ་ལྟ་བུ་ཡིན་པས་སོ། །དེ་ཡང་དྭགས་པོ་གདང་ལྷ་ཁྲ་མོ་བྲག་


CMR017_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏེར་བཏོན་ཏེ། རྒྱལ་སྲས་ཚེ་དབང་གྲགས་པས། རྔོག་པ་ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས་ལ་བརྒྱུད། ཡང་རྒྱལ་སྲས་ཚེ་དབང་གྲགས་པ་ནས། སོ་པ་མགོན་པོ་རྡོ་རྗེ། དྲུང་མདོ་སྡེ་རྒྱ་མཚོ། མཁར་དྲུང་ལ་བརྒྱུད་དེ། མཁར་དྲུང་ནི་ལས་འཕྲོ་གླིང་པ་སོགས་ཀྱིས་གཏེར་ལུང་དུ་མ་ནས་ལུང་བསྟན་ཏེ། གསང་སྔགས་རྙིང་མ་དང་ཁྱད་པར་རྡོ་རྗེ་ཕུར་པའི་རིག་འཛིན་ཨོ་རྒྱན་ཉིད་དང་དབྱེར་མེད་པར་གྲགས། དེའི་སྲས་པདྨ་རྒྱལ་པོ། ཆོས་རྗེ་མཚོ་སྐྱེས་རྡོ་རྗེ། སྤྲུལ་སྐུ་གྲགས་པ་རྣམ་རྒྱལ་ནས། རྗེ་དྲུང་གྲགས་པ་ལ་བརྒྱུད་དེ། རཏྣའི་ཆོས་བདག་སྐྱེས་བུ་བྱེ་བྲག་གི་ལུང་བསྟན་ལས། ད་ལྟའི་གཉག་སྟོན་དབང་གི་རྒྱལ་པོ་ཁྱོད། །འདི་ནས་རྒྱ་བོད་ཁ་འཐོར་ཡུལ་ཁམས་སུ། །དལ་འབྱོར་སྐྱེ་བ་མཐོ་དམན་བཅུ་བདུན་བརྒྱུད། །ལན་གཅིག་ཁམས་ཀྱི་ས་སྟོད་ཆུ་འབབ་བར། །རི་བོར་མིང་གྲགས་ཆོས་འབྱུང་འདྲ་བའི་སར། །གསང་འདུས་དང་ནི་ཡང་ཡུལ༔ གསང་ཕུར་པ་ཡི། །ཆོས་འདི་འཛིན་པའི་ལས་ཅན་སྐྱེས་བུ་ནི། །གྲགས་པའི་མིང་ཅན་སྐུ་ཡི་མཚན་མ་ཅན། །ལས་ཅན་དེ་ཡིས་གསང་སྔགས་མཐའ་དག་དང་། །ཨོ་རྒྱན་ང་ཡི་ཆོས་


CMR017_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དར་བར་བྱེད། །འབྲེལ་ཚད་དོན་ལྡན་མངོན་དགའི་ཞིང་དུ་འགྲོ། །ཚེ་སྒྲུབ་གསང་འདུས་ཚེ་ཡི་རིལ་བུ་གཏོད། །རྟེན་འབྲེལ་ལེགས་བསྒྲིགས་ཚེ་ཡང་ཡར་འཕེལ་འགྲོ། །གཞན་ཡང་ས་དེར་ལས་ཅན་སྐྱེས་བུ་ནི། །མགོན་པོ་དང་ནི་འབུམ་གྱི་མིང་ཅན་གཉིས། །ཀློང་གསལ་ཐུགས་སྒྲུབ་རྡོ་རྗེ་ཕྲེང་བ་ཡི། །རང་གཞན་དོན་སྤྱོད་བརྒྱུད་པ་འཕེལ་བར་འོང་། །ཐབས་ཀྱི་ཆ་འཛིན་གཞོག་གཡས་སྨེ་བས་མཚན། །དུས་དང་རྟེན་འབྲེལ་ཞིབ་མོ་བསྒྲིགས་པ་ཅེས། །ཞེས་གསུངས་པས་མཁར་དྲུང་ནས་བཟུང་སྟེ་མར་ཐང་གི་གདན་རབས་སྔར་བྱོན་པ་རྒྱུདང་ད་རུང་འབྱོན་པ་རྣམས་ནི། རཏྣ་ལུགས་ཀྱི་ཕུར་པ་འདིའི་བཀའ་བབ་ཆེན་པོ་ཡིན་ནོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མཚོ་རྒྱལ་ལ་གདམས་པ། ཁྱད་པར་རྡོ་རྗེ་ཕུར་པ་ལས་ལྷག་པའི་ཡི་དམ་མ་མཆིས་པས། ཡི་དམ་གཞན་སྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབས། ཅིའི་ཕྱིར་ཞེ་ན། སྲུང་མ་རྣམས་ཡེ་ཤེས་དང་འཇིག་རྟེན་གཉིས་ཀ་ཡིན་པ་དང་་་གང་ལ་གང་འདུལ་དུ་ཕྲིན་ལས་མཛད་པའི་ཕྱིར། ཐེག་ཆེན་བླ་མེད་སྒྲུབ་པའི་བར་ཆད་ཐམས་ཅད་རྡོ་རྗེ་གཞོན་ནུས་བསྲུང་བར་འགྱུར་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་


CMR017_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། ཀྱེ་ཕྱག་ན་རྡོ་རྗེ་རྡོ་རྗེ་གཞོན་ནུ་ཡིན་ཁྱོད་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། ཐེག་ཆེན་སྲུང་ཚད་ཀྱི་སྲུང་མར་ཞལ་གྱིས་བཞེས་ཏེ། སྒྲུབ་པ་པོ་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་སྐྱོབས་པས། དེའི་ཕྱིར་བསྐུལ་པ་ཙམ་གྱིས་ཕྲིན་ལས་མཛད་ངེས་པས་སྲུང་མར་བསྙེན་སྒྲུབ་བསྐུལ་བས་བར་ཆད་ཐུལ་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་གསུངས་ཏེ། ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་འདི་ཡིན་པས། འདི་ལ་མཆོད་བསྟོད་བྱས་ན་ཕན་ཡོན་བསམ་ལས་འདས་ཏེ། རིག་པ་མཆོག་གི་རྒྱུད་ལས། གང་གི་དེ་བཞིན་གཤེགས་པ་འབུམ་ཕྲག་གང་གཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། གང་གི་རིག་པའི་རྒྱལ་པོ་ཆེན་པོ་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་ན། དེ་ལས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་གསུངས་སོ། །གཞན་ཡང་འདི་ཕྱིའི་དོན་ཐམས་ཅད་འགྲུབ་སྟེ། ཨོ་རྒྱན་རིན་པོ་ཆེའི་གསུངས་ལས། ཕུར་པ་མཁན་པོ་བཀྲ་ཤིས། ཕུར་པ་མཁན་པོ་དཔལ་ཆེ། ཕུར་པ་མཁན་པོ་ཚེ་རིང་། ཕུར་པ་མཁན་པོ་ནོར་


CMR017_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག༔ ཕུར་པ་མཁན་པོ་འཁོར་རྒྱས། ཕུར་པ་མཁན་པོ་སྲིད་འཕེལ། ཕུར་པ་མཁན་པོ་མཐུ་ཆེ།། ཕུར་པ་མཁན་པོ་མཐའ་བཙན། ཕུར་པ་མཁན་པོ་ཡོན་ཏན་བརྒྱད་དང་ལྡན་ནོ། །ཞེས་དང་། ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་། །སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་། །ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན། །ཨོ་རྒྱན་བདག་གིས་ཕྱི་རབས་འགྲོ་བ་བསླུས། །ཞེས་གསུངས་སོ། །དེ་ལ་རབ་དཀྱིལ་འཁོར་མཆོད་པ་སོགས་འཛོམ་ན་རབ་མེད་ན་དམིགས་རྟེན་ཞལ་ཐང་ངམ་གཙོ་ཕུར་བཤམས། ཡང་ན་ལྕགས་ཕུར་སོར་བཞི་གོང་བར་བཏགས། དེ་ཡང་མེད་ན་གཏོར་མ་ལ་བརྟེན་ཏེ། དེ་ཡང་རྩ་བ་གསུམ་གྱི་གཏོར་མ་ཆ་ཚང་། སྨན་རཀ་ཕྱི་མཆོད་རྣམ་ལྔ་བཤམས། དེ་ཡང་མེད་ན་གཏོར་མ་རིན་ཆེན་འབར་བ་གཅིག་ལ་བསྟེན་ཆོག་པས། དེའི་རྩེར་མདུན་བསྐྱེད་ཀྱི་རྟེན་དང་། སྨད་མཆོད་པའི་སྤྲིན་ཕུང་དུ་བསྒོམ་པར་བྱའོ། །དེ་ནས་བགེགས་གཏོར་ལྕོག་རྡོག་གཅིག་བཏང་། རྒྱས་པར་ན་དཀར་བགེགས་གཉིས་ཀ་ཐུགས་སྒྲུབ་ལྟར་རམ། གང་རུང་ལྟར་བཏང་སྟེ། དེ་ཡང་རྒྱུན་དུ་མི་དགོས། དང་པོ་དབུ་འཛུགས་དུས་གཅིག་བཏང་བས་འཐུས་སོ། །བགེགས་


CMR017_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཏོར་མས་ཚིམ་སྟེ་རང་གནས་སུ་དེངས་པར་བསྒོམ། སྐྱབས་སེམས་ཐུགས་སྒྲུབ་ལྟར་རམ་རྒྱས་བསྡུས་གང་འདོད། བསྡུ་ན་སངས་རྒྱས་ཆོས་ཚོགས་མ་ཙམ་གྱིས་ཆོག་གོ །དེ་ནས་གྱེར་སྒོམ་སྟེ་ངག་ཏུ་འདོན་པ་དེའི་དོན་ཡིད་ལ་བསྒོམ་ཞིང་ལས་བྱང་འདོན་ཏེ། དེ་ནས་མཚམས་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ༔ གཟུང་འཛིན་གྱི་སེམས་རྣམ་པར་དག་པ་སྟོང་པ་ཉིད་དུ་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་ཁཾ་ཧཱུཾ་ཕཊ། བདག་ཉིད་བཛྲ་ཀུ་མཱ་ར་ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་གཡོན་སྡིགས་མཛུབ་གདེངས་བར་གྱུར་ཞེས་བརྗོད་དམ་ཡིད་ལ་བསམས་པས་ཆོག །རང་གི་བ་སྤུའི་བུ་ག་ནས་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་འཕྲོས། རྡོ་རྗེ་ཕུར་བུ་རྒྱ་གྲམ་ཐོ་བ་ལ་སོགས་པའི་བགེགས་རྣམས་བརྡུང་ཚར་བཅད་ནས་ལྕགས་རིའི་ཕྱིར་བསྐྱོད། ཁྲོ་བོ་རྣམས་ཚུར་ལོག་སྟེ། གཞལ་ཡས་ཕྱི་ནང་བར་གསུམ་བདག་གི་བ་སྤུའི་བུ་ག་ཐམས་ཅད་བལྟམས་ཏེ། ཞལ་ཕྱིར་གཟིགས་ནས་རྔམ་བརྗིད་རམ་རམ་དུ་བསྒོམ་ཞིང་། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཞེས་སོགས། ཨོཾ་སུམ་བྷ་ནིས་ཤར། གྷིནྡྷས་ལྷོ། གྷིཧཱུ་པ་ཡས་ནུབ། ཨཱཿ་ན་ཡས་


CMR017_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་། བྷ་ག་ཝཱན་གྱིས་སྟེང་། བིད་ར་ཙས་འོག་རྣམས་སྲུང་བར་བསྒོམ་མོ། །སྲུང་འཁོར་འདི་ལ་རིགས་གཉིས་ཡོད་ཀྱང་ལས་བྱང་རང་གཞུང་འདི་ཟབ་པས། རང་གི་སྐུ་ལས་འཕྲོས་པའི་འོད་ཟེར་ལས་བྱུང་བའི། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ར་བས་ས་གཞི་སྲུབ་མེད་པ། དེ་རྒྱབ་འཁོར་ལོ་དང་། རལ་གྲི་དང་། དབྱུག་ཐོ་དང་། རྒྱ་གྲམ་དང་། མཚོན་ཆ་སྣ་ཚོགས་དང་། མེ་དཔུང་སྟེ་གུར་རིམ་པ་བརྒྱད་བསྒོམ་ཞིང་། ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་ཆེན་པོ་སྟེ༔ ཞེས་པ་ནས། ཁཌཱ་ཧཱུཾ་ཕཊ་ཀྱི་བར་འདོན་ནོ། །དེ་ནང་ཁྲོ་བོ་བཅུའི་གུར་དང་དགུ་རིམ་སྟེ། སྟེང་འོག་ཕྱོགས་བཅུར་ཁྲོ་བོ་བཅུ་ཡབ་ཡུམ་ཟ་གསོད་དང་བཅས་པའི་སྐུ་མང་པོས་བར་མཚམས་མེད་པར་གཏམས། ཁྲོ་བཅུ་ཡབ་ཡུམ་སྦྱོར་མཚམས་ནས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་མཚོན་ཆ་སྣ་ཚོགས་གདེངས་ཤིང་ཧཱུཾ་ཕཊ་ཀྱི་སྒྲ་དང་བཅས་པས་རླུང་ལྟར་འཚུབ་པས་བར་ཆད་གདོན་བགེགས་མིང་ཡང་མི་གྲགས་པར་བསྒོམ་ཞིང་། ཧཱུྃ༔ སྟེང་གི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ ཞེས་པ་ནས། ཧ་ལ་ཧ་ལ་ཧཱུྃ་ཕཊ་ཀྱི་བར་གྱེར་བསྒོམ་བྱའོ། །སྣང་སྲིད་ཐམས་ཅད་ཡེ་ནས་རྡོ་རྗེ་ཕུར་པའི་


CMR017_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡིན་པ་ལ། དེ་མ་རྟོགས་པས་འཁོར་བར་འཁྱམས་པས། རང་རིག་རང་གསལ་ཡེ་ཤེས་ཀྱི་སྒོ་ཕྱེའོ་བསམས་པས། ཧཱུྃ༔ སྣང་སྲིད་ནས། པྲ་ཝེ་ཤ་ཡ་བརྗོད། དེ་ལྟར་སྣང་སྲིད་ལྷའི་དཀྱིལ་འཁོར་དེ་ལ་རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་དམིགས་ནས། ཧཱུྃ༔ ཐབས་ཀྱི་སྤྱོད་པའི་ནས་པྲ་ཏི་ཛཧོཿཡི་བར་བརྗོད། བདག་གི་ལུས་ངག་ཡིད་གསུམ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་མ་འགྲུབ་ཀྱི་བར་དུ་སྒྲུབ་ཅིང་། ནམ་ཡང་མི་སྒྱུར་བསམ་པའི་དམ་བཅའ་བྱས་ནས། ཧཱུྃ༔ དམ་བཅའ་འདུ་འབྲལ་མེད་ནས། ས་མ་ཏི་ཧཱུྃ་གི་བར་བརྗོད། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྔོན་གྱི་ཐུགས་དམ་དབང་གིས་ཟངས་མདོག་དཔལ་གྱི་རི་ནས་ཨོ་རྒྱན་རིན་པོ་ཆེ་ལ་སོགས་པ་ཕུར་པའི་རིག་འཛིན་ཐམས་ཅད་དང་། འོག་མིན་ནས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ཏེ། བདག་དང་དཀྱིལ་འཁོར་དང་མཆོད་པ་ཐམས་ཅད་ལ་བྱིན་ཕབ་ཅིང་ཡེ་ཤེས་ལྔའི་དབང་བསྐུར་བར་བསྒོམ་ཞིང་། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སོགས་ནས། ས་མ་ཡ་ཛཡི་བར་བརྗོད། དེ་


CMR017_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱས་པར་ན་བདུད་རྩི་དང་གཏོར་མ་སོ་སོར་བྱིན་རླབས་ཡོད་ཀྱང་ལས་བྱང་རང་གཞུང་བདུད་རྩི་བྱིན་རླབས་ཀྱི་དམིགས་རིམ་དེ་གཏོར་མ་དང་གཉིས་ཀ་དུས་གཅིག་ལ་སོ་སོར་བསྒོམ་ཞིང་། ཨོཾ་སྭ་བྷ་ཝ་ནས། ཨོཾ་ཨཱཿཿཧཱུྃ་གི་བར་དང་། ཁྱད་པར་བྷན་ལྕང་ལོ་ཅན་གྱི་ནམ་མཁར་ལྷ་མོ་གིར་ཏི་མའི་བྷ་ག་ནས་ཡི་གེ་ར་དམར་པོ་ལས་རཀྟའི་རྒྱུན་བབས་པ་རཀྟ་ལ་ཐིམ། དེས་འོད་ཀྱིས་ཁམས་གསུམ་རཀྟའི་བཅུད་བསྡུས་ནས་ཐིམ་པས། ཁམས་གསུམ་འཁོར་བའི་རྒྱུ་བསྒྲལ་བའི་རཀྟའི་རྒྱ་མཚོར་གྱུར། གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་དཔག་ཏུ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཏེ། བཟང་སྤྱོད་སྨོན་ཐུང་ན་ཡོད་པ་ལྟར་བསམ་ལ་འདས་པར་བསྒོམས་ལ། ཧཱུྃ༔ བླ་མེད་མཆོག་གི་ནས། ཤབྡའི་བར་བརྗོད་དོ། །དེ་ནས་དངོས་གཞི་བསྐྱེད་རྫོགས་བསྒོམ་པ་ལ་མི་དབང་བའི་དམ་ཚིག་ཆོག་ཉམས་ཅི་ཡོད་པ་ཐམས་ཅད་རབ་ཏུ་འགྱོད་པས་མཐོལ་ལོ་བཤགས་སོ་ཞེ་ཐག་པ་ནས་བསམ་ཞིང་། ཧཱུྃ༔ ལྷ་དང་མཁའ་འགྲོ་ཞེས་སོགས་ནས། ཤུདྡྷེ་ཨཱཿའི་བར་བརྗོད་དོ། །འདི་གསར་མའི་ཆོ་ག་རྣམས་ལ་རྡོར་སེམས་སྒོམ་བཟླས་ཡོད་པ་དང་འདྲའོ། །དེ་ནས་དངོས་གཞི་ཐོག་མར་ཏིང་ངེ་འཛིན་


CMR017_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་འདི་ལ་མདོ་སྔགས་ཐམས་ཅད་ཀྱི་གནད་བསྒོམ་བྱ་ཐམས་ཅད་འདུས་པས། ཚིག་ཙམ་དུ་མ་སོང་བར། རབ་རྟོགས་པ་འབྲིང་ཉམས་མྱོང་ཐ་མ་གོ་བ་ཐེབ་པ་གལ་ཆེ་བས་ཆོས་སྐུའི་རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྣམས་ནི། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས་སྟོང་པ་ཉིད་དེ་ལ་མི་ཤིགས་པའི་རྡོ་རྗེ། ཞེ་སྡང་ལ་སོགས་དུག་ལྔའི་རྟོག་པ་ཤར་ནས། ཁྲོས་པ་སྟེ་ཞེ་སྡང་ཆེན་པོ་རང་གི་ངོ་བོ་ལ་བལྟས་པས་མེ་ལོང་ཡེ་ཤེས་སུ་གཅོད་པའི་མཚོན་ཆ་འབར། ངོ་བོ་སྟོང་ཉིད་ནམ་མཁའི་དཀྱིལ་ལྟ་བུ་སྟོང་ཉིད་ཧད་པོར་མ་སོང་རང་གསལ་གྱི་ཐིག་ལེ། སྲོག་གི་སྒོ་རླུང་སེམས་ལ་ཤར་བ། སྙིང་གི་སྒོ་སྟེ་སེམས་ཀྱིས་བསྒོམ་པ་སྟེ། དོན་ཕྱག་ཆེན་དང་རྫོགས་ཆེན་ཁྲེགས་ཆོད་ཀྱི་ངང་དུ་བཞག་ཅིང་། ཧཱུྃ། རྡོ་རྗེ་འཁྲོས་པས་ཞེ་སྡང་གཅོད། ནས། ཧ་ར་ཎ་ཧཱུྃ་གི་བར་དེ་ནས་ལོངས་སྐུ་འབྱུང་བ་ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་སྙིང་རྗེས་སངས་རྒྱས་ཀྱི་སར་བསྒྲལ་བའི་བསམ་པ་སྐྱེས་སྒྲ་ཀཱི་ལ་ཡ་ཡང་བྲག་ཆ་ཙམ་དང་འོད་ཉི་མ་འབུམ་ལྟ་བུ་བྱུང་བས་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་པའི་སྐུར་སངས་རྒྱས་པར་བསྒོམ་ཞིང་། ཧཱུྃ་སྙིང་རྗེས་


CMR017_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་ནས། ཤུདྡྷེ་ཧཱུྃ་བར་བརྗོད། དེ་གཉིས་ནི་སྟོང་ཉིད་སྙིང་རྗེ་གཉིས་ཡིན་པས་ཐམས་ཅད་འདུས་སོ། །དེ་ནས་སྤྲུལ་སྐུ་འབྱུང་བ་རྒྱུའི་ཏིང་ངེ་འཛིན་ནི། རྟེན་འབྲེལ་གྱི་ཆོས་ཐམས་ཅད་འདུས་ཏེ། འོད་ཟེར་དེ་དག་གི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ཚུར་འདུས་པས། རང་གི་རིག་པ་ཧཱུཾ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསྒོམ་མོ། །ཧཱུྃ་དེ་ནམ་མཁའ་སྟོང་པའི་དབྱིངས་སུ་གནས་པ། དེ་ལས་ཨེ་སྔོ་སྐྱ་ཞིག་འོག་ཏུ་ཆད་པས་ནམ་མཁའ་གྲུ་གསུམ་རྩེ་ཐུར་བསྟན་ཀུན་ཏུ་བཟང་མོའི་མཁའ་ཀློང་། ཧཱུྃ་ལས་ཡཾ་སྔོ་སྐྱ་ཆད་པས་ནམ་མཁའ་གྲུ་གསུམ་གྱི་ནང་དུ་རླུང་དཀྱིལ་ཟླ་གམ་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་། དེ་བཞིན་དུ་ར་དམར་ནག་ཚད་པས། རཀྟའི་རྒྱ་མཚོ་མཱ་མ་ཀཱིའི་མཁའ་སུཾ་ཆད་པས་སའི་དཀྱིལ་འཁོར་གྲུ་བཞི་སངས་རྒྱས་སྤྱན་མའི་མཁའ། ཀིཾ་ཆད་པས་རུས་པའི་རི་རབ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་། རཾ་ཆད་པས་ཕྱོགས་མཚམས་མེ་དཔུང་འབར་བ་གོས་དཀར་མོའི་མཁའ་ཀློང་སྟེ། ཡུམ་ལྔའི་རང་བཞིན་དུ་སྒོམ་ཞིང་སྔགས་ཀྱི་བྱིན་རླབས་དང་བཅས་ཏེ། ཧཱུྃ༔ ཆོས་སྐུ་སྐྱེ་བ་ནས། ཧ་ར་ཎ་ཧཱུྃ་གི་བར་བརྗོད་དོ། །དེ་ནས་ཧཱུྃ་ལས་ཧཱུཾ་ཆད་དེ་རི་རབ་ཀྱི་སྟེང་དུ་གནས་པ་ལས། གཞལ་


CMR017_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་བསྐྱེད་པ་ནི་ལས་བྱང་གཞུང་དུ་ཁ་གསལ་བ་ལྟར་བསྒོམ་ཞིང་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཧཱུཾ་ངང་ཉིད་ནས། ཧ་ར་ཎ་ཧཱུྃ་བར་བརྗོད། འདི་དག་དམིགས་པ་བསྒོམ་ལོང་ཡོད་པའི་ཕྱིར་དལ་བུས་གྱེར་བསྒོམ་བྱ་སྟེ། སིལ་འདོན་མི་བྱའོ། །དེ་ཡང་གསར་མ་ལྟར་བདག་མདུན་སོ་སོར་མངོན་རྟོགས་མི་འདོན་པ་ཁྱད་ཆོས་ཏེ་མངོན་རྟོགས་ཚར་གཅིག་དེས། བདག་བསྐྱེད་ཚང་མ་གཅིག་དང་མདུན་དུ་དཀྱིལ་འཁོར་ཚང་མ་དུས་གཅིག་ཏུ་བསྒོམ་པ་ཡིན་པ་ཤེས་པར་བྱའོ། །དེ་ནས་ནམ་མཁའི་རྒྱུའི་ཡི་གེ་དཀྱིལ་འཁོར་གྱི་དབུས་སུ་བབ་པ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཞུ་བ་ལས་རང་ཉིད་དང་མདུན་བསྐྱེད་གཙོ་བོ་ཡབ་ཡུམ་བསྒོམ་པ་ལས་བྱང་དུ་གསལ་ལྟར་རོ། །ཧཱུྃ༔ ཕོ་བྲང་ཨེ་ཡི་དཀྱིལ་འཁོར་ཞེས་པ་ནས་གཡོན་པས་དུང་དམར་གཙོ་ལ་སྟོབ། ཅེས་པའི་བར་བརྗོད། ཁྱད་པར་གས་ཀར་ཉི་མའི་གདན་ཐེབ་ལོང་ཙམ་གྱི་སྟེང་དུ། ཡེ་ཤེས་སེམས་དཔའ་རང་འདྲ་བའམ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ་ཚོན་གང་བའི་ཐུགས་ཀར་ཉི་མའི་གདན་སྲན་མ་བཀས་


CMR017_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱི་སྟེང་དུ་རྡོ་རྗེ་མཐིང་ནག་ནས་འབྲུ་ཙམ་གྱི་ལྟེ་བར། ཉི་ཟླའི་གདན་ཡུངས་འབྲུ་བཀས་པ་ཙམ་གྱི་སྟེང་དུ་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐར། ཀཱི་ལ་ཡ་འབྲུ་དགུས་བསྐོར་བར་བསྒོམ་ཡེ་ཤེས་སེམས་དཔའ་དེའི་སྒོ་སྲུང་སྙིང་གི་མདུན་ངོས་སུ་རྟ་མགྲིན་ཡུངས་འབྲུ་ཙམ་ཞིག་བཞུགས་པར་བསྒོམ། དེ་ལྟར་སྐུའི་ཚད་དེ་ལྷ་རང་ལུས་ཙམ་བསྒོམ་པའི་དབང་དུ་ཡིན་པས། སྐུ་ཆེན་པོ་བསྒོམ་ན་དེ་ལས་དཔག་སྟེ་ཡེ་ཤེས་སེམས་དཔའ་ཡང་ཆེན་པོར་བསྒོམ་མོ། །དེ་ནས་ཡབ་ཡུམ་སྦྱོར་མཚམས་ཐུགས་ཀ་ནས་ཧཱུྃ་མཐིང་ནག་བཅུ་སྤྲོས་ཏེ་ཕྱོགས་བཅུར་བཞུགས་པ་ལས་ཁྲོ་བཅུ་ཡབ་ཡུམ་སྲས་བཅས་བསྐྱེད་དེ། དེ་ཡང་བདག་མདུན་མཉམ་དུ་བསྒོམ་མོ། །འདི་སྐབས་ལྷའི་མིང་ཙམ་ལས་སྐུ་མདོག་ཕྱག་མཚན་ལས་བྱང་དུ་མི་གསལ་བས། པྲ་ཁྲིད་ནང་ལྟར་ཡིན་མོད་ཀྱི། པྲ་ཁྲིད་ལ་ཡང་ཞལ་གསུམ་སོ་སོའི་ཁ་དོག་མི་གསལ་བ། གཏེར་གོང་མ་རྣམས་དང་བསྟུན་ཏེ་བརྗོད་པ་ནི། སྟེང་དུ་ཧཱུྃ་ཀཱ་ར་སྔོན་པོ་སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། གཡས་གཉིས་མདའ་དང་ཕུར་བུ། གཡོན་གཉིས་གཞུ་དང་ལྕགས་ཀྱུའོ། །མཐའ་མ་གཉིས་ཕུར་བུ་འདྲིལ་བ། ཞབས་བཞི་འདོར་ཐབས་ཕྱོགས་སྐྱོང་སོ་སོའི་གདན་


CMR017_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་པད་ཉི་ལ་བཞུགས་པ། ཁྲོ་བོའི་ཆ་ལུགས་རྫོགས་པ་ནི་ཀུན་ལ་འགྲེས་ཏེ། ཡུམ་སྒྲ་འབྱིན་མ་བེ་ཅོན་ཐོད་ཁྲག་འཁྱུད་པའོ། །གཡས་སུ་ཟ་བྱེད་དང་གཡོན་དུ་གསོད་བྱེད་མགོ་བརྙན་ཅན་ལས་བྱང་ནས་གསལ་ལྟར་ལས་གཡས་ཐམས་ཅད་ཕུར་པ་གཡོན་བྷནྡྷ་ལྕགས་ཀྱུ་མདོག་ནི་ཡབ་ཡུམ་ལྟར་རུང་ངོ་། །ཤར་དུ་རྣམ་རྒྱལ་ཡབ་ཡུམ་དཀར་པོ་དཀར་ལྗང་ལྗང་བའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་འཁོར་ལོ། གཡོན་གཉིས་བྷནྡྷ་དྲིལ་བུ། མཐའ་གཉིས་རི་རབ་ཕུར་པ། ཡུམ་རལ་གྲི་ཐོད་ཁྲག །ཤར་ལྷོར་དབྱུག་སྔོན་ཡབ་ཡུམ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་མེ་དཔུང་། གཡོན་གཉིས་བྷན་དབྱུག་ཐོ། མཐའ་གཉིས་རི་རབ་ཕུར་བུ། ཡུམ་ལྕགས་ཀྱུ་ཐོད་ཁྲག་འཁྱུད་པ། ལྷོར་གཤིན་རྗེའི་གཤེད་ཡབ་ཡུམ་སྔོན་པོ་མཐིང་དཀར་དམར་བའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་བེ་ཅོན། གཡོན་གཉིས་བྷན་སྟ་མོ། མཐའ་གཉིས་རི་རབ་ཕུར་བུ། ཡུམ་ཐོད་དབྱུག་དུང་ཁྲག་གོ །ལྷོ་ནུབ་ཏུ་མི་གཡོ་བ་ཡབ་ཡུམ་ལྗང་ཁུ་ལྗང་དཀར་སྨུག་པའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་ཞགས་པ། གཡོན་གཉིས་བྷན་སྤུ་གྲི། མཐའ་གཉིས་རི་རབ་


CMR017_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ། ཡུམ་ཐོ་བ་ཐོད་ཁྲག །ནུབ་ཏུ་རྟ་མགྲིན་ཡབ་ཡུམ་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་དང་རྒྱ་གྲམ། གཡོན་གཉིས་བྷན་དབྱུག་ཐོ། མཐའ་གཉིས་རི་རབ་ཕུར་པ། ཡུམ་སྤུ་གྲི་དང་དུང་དམར། ནུབ་བྱང་དུ་འདོད་རྒྱལ་ཡབ་ཡུམ་དམར་སྐྱ་དམར་སྐྱ་སེར་ལྗང་ཞལ་གསུམ། གཡས་གཉིས་རྡོ་རྗེ་ལྕགས་ཀྱུ། གཡོན་གཉིས་བྷནྡྷ་མདུང་ཐུང་། མཐའ་གཉིས་རི་རབ་ཕུར་པ་འདྲིལ་བ། ཡུམ་ཐོ་བ་ཐོད་ཁྲག་གོ །བྱང་དུ་བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་སེར་ལྗང་དཀར་དམར་བའི་ཞེལ་གསུམ། གཡས་རྫོགཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་བྷནྡྲ་ཞགས་པ། མཐའ་གཉིས་རི་རབ་ཕུར་པ། ཡུམ་དགྲ་སྟ་དུང་དམར། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་སེར་ནག་སེར་དཀར་དམར་བའི་ཞལ་གསུམ། གཡས་གཉིས་རྡོ་རྗེ་སྟ་རེ། གཡོན་གཉིས་བྷན་ཞིགས་པ། མཐའ་གཉིས་རི་རབ་ཕུར་བུ། ཡུམ་གྲི་ཐོད། འོག་ཏུ་སྟོབས་ཆེན་ཡབ་ཡུམ་སྔོན་པོ་རྟོགས་དཀར་དམར་བའི་ཞལ་གསུམ། ཕྱག་གཡས་གཉིས་རྡོ་རྗེ་མདའ། གཡོན་གཉིས་བྷན་གཞུ། མཐའ་གཉིས་རི་རབ་ཕུར་པ། ཡུམ་རྩེ་གསུམ་ཐོད་ཁྲག །ཐམས་ཅད་ཀྱང་རྡོ་རྗེའི་གཤོག་


CMR017_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདེངས་བ་སོགས་ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པ། ཞབས་བཞི་འདོར་ཐབས་མཚམས་གཅོད་དུས་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཚྭ་ཚྭ་འཕྲོ་བའོ། །དེ་ནས་ཁྲོ་བོ་བཅུའི་ནང་གཙོ་བོའི་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་ལ། ཤར་དུ་བཛྲ་ཀཱི་ལ་ཡ་མཐིང་ཁ་མཐིང་དཀར་དམར་བའི་ཞལ་གསུམ། །གཡས་གཉིས་རྡོ་རྗེ་འཁོར་ལོ། གཡོན་གཉིས་ལྕགས་ཀྱུ་ཞགས་པ། མཐའ་གཉིས་རི་རབ་ཕུར་པ། ལྷོར་རཏྣ་ཀཱི་ལ་ཡ་སེར་པོ་སེར་དཀར་དམར་བའི་ཞལ་གསུམ། གཡས་གཉིས་རིན་པོ་ཆེ་དང་སྟ་མོ། གཡོན་གཉིས་ཐོད་ཁྲག་ཞགས་པ། མཐའ་གཉིས་རི་རབ་ཕུར་པ། ནུབ་ཏུ་པདྨ་ཀཱི་ལ་ཡ་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ། གཡས་གཉིས་པདྨ་རལ་གྲི། གཡོན་གཉིས་བྷན་ལྕགས་སྒྲོག་མཐའ་གཉིས་རི་རབ་ཕུར་པ། བྱང་དུ་ཀརྨ་ཀཱི་ལ་ཡ་ལྗང་ཁུ་ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་གཡས་གཉིས་རྒྱ་གྲམ་ཐོད་དབྱུག །གཡོན་གཉིས་མེ་དཔུང་དྲིལ་བུ། མཐའ་བགཉིས་རི་རབ་ཕུར་པ། བཞི་ཁ་རྡོ་རྗེའི་གཤོག་པ་དང་དུར་ཁྲོད་ཀྱི་ཆས་རྫོགས་པ་སྐུ་སྨད་ལྕགས་ཕུར་ཟུར་གསུམ་ཚྭ་ཚྭ་འཕྲོ་བ་གྲུ་གསུམ་པད་ཉི་དགྲ་བགེགས་སྟེང་དུ་གཟིར་བའོ། །དེ་ལ་


CMR017_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མཆོག་རིགས་བཞི་འདི་ལས་བྱང་མངོན་རྟོགས་སུ་མེད་པ་ནི་ཆད་པ་ནི་མ་ཡིན་ཏེ། གསང་སྔགས་ཐམས་ཅད་ལ་སློབ་དཔོན་མི་བསྟེན་པར་སྐྱེ་བོ་སྤྱི་རྟོལ་ཅན་འཇུག་དོགས་པས་ངག་ནས་ཤེས་པ་འགའ་ཞིག་ཡོད་པ་སྟེ། ལས་བྱང་དུ་དངོས་སུ་མེད་ཀྱང་བསྟོད་པ་ནས་རིགས་བཞི་ལ་ཕྱོགས་གཅིག་ཏུ་བསྟོད་པ་ཅུང་ཟད་ཁ་སྦྲམ་པ་ཞིག་དང་། པྲ་ཁྲིད་ནས་ཤིན་ཏུ་གསལ་ཞིང་དཔེའུ་རིས་རྣམས་ནས་འབྱུང་བས་ངེས་པར་བསྒོམ་ནི་དགོས་ཀྱི། མངོན་རྟོགས་ལ་སབ་པ་སོགས་མི་བྱ་སྟེ་བཅོས་སླད་མི་རུང་བས་སོ། །དེ་དག་གསལ་ལམ་ལམ་སྒོམ་ཞིང་སོ་སོའི་སྔགས་ཀྱང་ཐུགས་ཀར་ཧཱུྃ་གི་མཐར་བཀོད་ཅིང་། ཐབས་དང་ཤེས་རབ་སྦྱོར་བ་ལས༔ ཞེས་པ་ནས། སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ༔ ཅེས་པའི་བར་བརྗོད་དོ། །དེ་ནས་ཁྲོ་བོ་བརྒྱད་ཀྱི་ཕྱི་ལ་འཁོར་ལོ་རྩིབས་བཅུ་གཉིས་ལ་ཕུར་སྲུང་བཅུ་གཉིས་ཆ་ལུགས་བསྟོད་པ་ནས་འབྱུང་བ་ལྟར་མོས་པ་ཙམ་དུ་བསྐྱེད། ཤར་སྒོར་ཛལས་པུ་ཤུད་མགོ་ཅན་དཀར་མོ། ལྷོ་སྒོར་ཧཱུྃ་ལས་སྐྱ་ཀའི་མགོ་ཅན་སེར་མོ། ནུབ་སྒོར་པཾ་ལས་སྲིན་བྱའི་མགོ་ཅན་དམར་མོ། བྱང་སྒོར་ཧོལས་ཁྲ་ཡི་མགོ་ཅན་ལྗང་སེར།་གཡས་རྣམས་ཞི་རྒྱས་དབང་དྲག་གི་ཕུར་པ་དང་གཡོན་རྣམས་


CMR017_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་ཅིང་འདོར་ཐབས་སུ་བཞུགས་པ་བསྒོམ་ཞིང་། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ་ཞེས་པ་ནས། པྲ་མརྟ་ན་ཡེ་ཧཱུཾ་ཕཊ༔ ཅེས་པའི་བར་བརྗོད་དོ། །དེ་ནས་དབང་བསྐུར་བ་ནི། བདག་རྡོ་རྗེ་གཞོན་ནུའི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿཿདམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་གནས་གསུམ་ནས་འབྲུ་གསུམ་དཔག་མེད་བྱོན་ནས། བདག་མདུན་དཀྱིལ་འཁོར་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ་པས་འབྲུ་གསུམ་གྱིས་མཚན་ཏེ། སྐུ་གསུང་ཐུགས་བྱིན་བརླབས་ནས་སྲོག་ཡེ་ཤེས་སུ་དབང་བསྐུར། ཡང་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ནས་འབྲུ་གསུམ་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ་པས་རིགས་དྲུག་གི་གནས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ནས་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་བཞག །གནས་གསུམ་འབྲུ་གསུམ་གྱིས་མཚན་པ་སྲོག་ཡེ་ཤེས་སུ་དབང་བསྐུར། སེམས་ཅན་ཐམས་ཅད་ཀྱི་ཉོན་


CMR017_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དྲུག་དང་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད། ཡི་གེ་ཨ་ཀྲྀ་སུ་ཏྲི་པྲ་དུ་དྲུག་ཏུ་གྱུར། དེ་དྲུག་ཡང་འོད་དུ་ཞུ་ནས་ཨོཾ་ཨཱཿཿཧཱུྃ་གསུམ་དུ་གྱུར། འོད་ཟེར་རྣམས་བདག་གི་གནས་གསུམ་དུ་ཐིམ་པར་སྒོམ་པ་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ཞེས་པ་ནས། ཨཱཿ ཨའི་བར་བརྗོད། དེ་ཡང་དབྱིངས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ནི་གཅིག་པས་གཟུགས་ཁ་དོག་མ་མཆིས་ཀྱང་། རང་གི་དད་པས་ཚོགས་བསག་ཕྱིར་སྤྱན་དྲངས་ནས། སྔོན་གྱི་སྨོན་ལམ་དང་ཐུགས་རྗེས་སངས་རྒྱས་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྐུར་བཞེངས་ཏེ་བྱོན་ནས། དཀྱིལ་འཁོར་ཆ་གཉིས་སུ་གྱུར་ཏེ། གཅིག་བདག་དང་གཅིག་མདུན་བསྐྱེད་ཐ་དད་དུ་བྱོན་པར་བསྒོམ་ཞིང་། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་ནས། ས་མ་ཡ་ཛའི་བོར་བརྗོད། དེ་ནས་ཆུ་དང་འོ་མ་ལྟར་དབྱེར་མེད་དུ་གཙོ་འཁོར་སོ་སོ་ལ་སོ་སོར་ཐིམ། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་པར་བསྒོམ་ཞིང་། ཧཱུྃ་ཁྲོ་རྒྱལ་ནས། ཏིཥྛ་ལྷན་བར་བརྗོད། དེ་ནས་བདག་ལྷའི་ཐུགས་


CMR017_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་རང་ཐ་མལ་དུས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། ཧཱུྃ་སྲིད་གསུམ་ནས་ཕྱག་འཚལ་བའི་བར་བརྗོད་དོ། །ཨ་ཏི་པཱུ་ཧོ་ཞེས་མདུན་བསྐྱེད་དཀྱིལ་འཁོར་ལ་ཕྱག་འཚལ། པྲ་ཏི་ཛཿཧོཿ ཞེས་བདག་བསྐྱེད་ལ་ཕྱག་འཚལ་བར་བསྒོམ། སླར་ཡང་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ཏེ། ལ་ལས་བདག་བསྐྱེད་དང་ལ་ལས་མདུན་བསྐྱེད་ལ་མཆོད་ནས། ལྷ་མོ་རྣམས་ལྷ་སོ་སོའི་སྤྱན་སོགས་དབང་པོ་ལྔ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་པར་བསྒོམ་ཞིང་། ཧཱུྃ་འབར་བའི་ནས། ས་མ་ཡ་ཧཱུྃ་བར་བརྗོད། དེ་ནས་རང་གི་ལག་པ་གཡས་མཐེ་བོང་དང་སྲིན་ལག་ལ་ཉི་ཟླའི་དཀྱིལ་འཁོར་བསྒོམས་ལ། བྷནྡྷ་ནས་མཐེབ་སྲིན་གྱིས་བདུད་རྩི་བླངས་བའམ་བླངས་ནས་མཆོད་པར་བསམ་ཞིང་གཏོར་མར་གཏོར་བའི་ཚུལ་བྱས་པས། བདུད་རྩི་མུ་ཏིག་གི་རྡོག་པོ་ལྟར་འཕྲོས་པས་ལྷ་རྣམས་ཀྱི་ལྗགས་ལ་ཐིམ་པས་ཐུགས་དམ་བསྐང་། དགྲ་བགེགས་ལ་ཕོག་པས་ཐོག་གི་ཟེར་མ་ཕོག་པ་ལྟར་ཚར་བཅད། རང་དང་མཆེད་གྲོགས་སོགས་ལ་ཕོག་པས་བ་མོ་ལ་ཉི་ཟེར་ལྟར་དམ་ཚིག་གི་ཆག་ཉམས་དག །དམ་ཅན་ཕུར་སྲུང་རྣམས་ཀྱི་ལྗགས་ལ་ཐིམ་


CMR017_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པས་དམ་ཚིག་རྡོ་རྗེའི་ཆུར་གྱུར་ཏེ། ཕྲིན་ལས་མི་སྒྲུབ་ན་རང་ཉིད་བརླག་པར་ཤེས་ནས་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསྒོམ་ཞིང་། ཧཱུྃ་རང་བྱུང་གདོད་ནས་སོགས་ནས། མཐོལ་ལོ་བཤགས་ཀྱི་བར་བརྗོད་དོ། །དེ་ནས་བྷནྟའི་ནང་དུ་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གསལ་བ། སྲིན་མཛུབ་ཀྱིས་བླངས་ནས་རང་གི་གནས་གསུམ་དུ་ཐིམ་པར་བསྒོམ་ཞིང་། མུ་ཏིག་དཀར་པོ་ནས། ཙིཏྟ་སིདྡྷི་ཧཱུྃ་ཞེས་བརྗོད། བདུད་རྩིའི་གནས་གསུམ་དུ་ཐིག་ལེ་གྲུབ་ན་ལེགས། མ་གྲུབ་ན་བསྒོམས་པས་འཐུས། དེ་ནས་གཏོར་མ་བྱིན་རླབས་སྔར་ནས་བྱས་པ་དེ་ཉིད་བྷནྡྷ་སྟོང་གསུམ་ཙམ་གྱི་ནང་དུ་བདུད་རྩིའི་རྒྱ་མཚོ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ལས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་འཕྲོས་པས། བྷནྡྷའི་སྐྱོགས་ཀྱིས་བདུད་རྩི་བཅུས་ཏེ་ལྷ་ཐམས་ཅད་ལ་དྲངས་བས་མཉེས་ཤིང་ཚིམ་པར་བསྒོམ་ཞིང་། ཧཱུྃ༔ ཁམས་གསུམ་རྣམ་དག་ནས་ཁ་རཾ་ཁཱ་ཧིའི་བར་བརྗོད། རྡོ་རྗེ་གཞོན་ནུ་ཉིད་ཡི་དམ་གཙོ་བོར་བྱེད་ན་སྐབས་འདིར་གཏོར་བསྔོས་བླ་མ་ཡི་དམ་ཆོས་སྐྱོང་གང་དགོས་སྔགས་བསྔོས་སྦྱར་བ་སྟེ། ཡང་གཏོར་བསྔོས་


CMR017_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་རྒྱས་པར་ཡོད་ན་ནི། འདི་སྦྱར་མི་དགོས། ཕུར་པའི་གཏོར་བསྔོས་ནི་ཚིགས་བཅད་དེ་ལ་འཐུས་པས། ཉབ་ཉོབ་མང་པོ་སྦྱར་བ་མི་ལེགས་ཏེ། བཅོས་སླད་དུ་འགྱུར་ཉན་ཡོད་དོ། །གཏེར་གཞུང་ལ་ཅུང་ཟད་བཅོས་པ་དང་བསྲེ་བསླད་བྱས་ན། བྱིན་རླབས་ཆུང་བ་དང་བར་ཆད་འཇུག་པར་གསུངས་སོ། །དེ་ནས་རང་གི་ལག་ཏུ་ཕུར་པ་འདྲིལ་བའམ་འདྲིལ་བར་བསྒོམས་ལ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་རྣམ་ཤེས་བླ་དང་བཅས་ཕུར་པའི་རྩེར་ཧྲིལ་གྱིས་འདུས་པར་བསྒོམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁྲག་གི་བྲོད་པ་ཞིག་ཏུ་གྱུར་པ་ལ་ཕུར་པ་བཏབ་པས།་སྟོང་གསུམ་ཐམས་ཅད་ཁྲག་གིས་མེར་གྱིས་གང་བ་ལ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བྷན་ཐོགས་ཏེ་བཅུས་ནས་ལྷ་རྣམས་ལ་དྲངས་བས་འཁོར་བའི་གནས་སྟོང་པར་བསྒོམ་ཞིང་། ཧཱུྃ་དམ་ཚིག་ཆེན་པོ་ནས། སིདྡྷི་ཕ་ལ་ཧཱུྃ་གི་བར་གྱིས་མཆོད་ཅིང་ཕྲིན་ལས་བཅོལ་དངོས་གྲུབ་ཞུ་བའོ་་།དེ་ལྟར་མཆོད་པས་སྤྲུལ་པའི་ཁྲོ་བོ་གྲངས་མེད་པའི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སྐད་ཅིག་ལ་བཀུག་ནས་བསྒྲལ་ཏེ་དུག་གསུམ་གྱི་ངོ་བོ་ཤ་ཁྲག་རུས་གསུམ་


CMR017_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པས། དུག་གསུམ་རྩད་ནས་བཅད་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསྒོམ་ཞིང་། ཧཱུྃ་དམ་ཚིག་ཆེན་པོ་ནས། སྤ་ར་ཎ་ཕཊ༔ ཅེས་པའི་བར་བརྗོད། དེ་ནས་བདག་གི་ཐུགས་ཀ་ནས་རིག་མ་བཅུ་དྲུག་དཔག་ཏུ་མེད་པ་སྤྲུལ་ནས། ལྷ་སོ་སོའི་ཡབ་ཡུམ་ལ་ཐིམ་པས་ཡབ་ཡུམ་ལ་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་ཐུགས་དགྱེས་པར་བསྒོམ་ཞིང་། ཧཱུྃ་རང་ཉིད་རྡོ་རྗེ་ནས། ཨིན་ཛ་ལི་ཧོའི་བར་བརྗོད། དེ་ནས་བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཡན་ལག་དྲུག་ཅུའི་དབྱངས་ལྡན་དུ་མར་སྤྲུལ་པ་དང་། ཚངས་དང་བརྒྱ་བྱིན་དབང་ཕྱུག་ཆེན་པོ་ལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་བདག་དང་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པས། གཟི་བརྗིད་ཆེར་འབར་ཏེ། སྟོང་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསྒོམ་ཞིང་། བསྟོད་པ་ཟུར་འགེབས་ལྟར་བསྟོད་དེ། དེ་ཡང་རྒྱས་པར་སྤྲོ་ན་ཕུར་སྲུང་ཡན་ཆད་ཐམས་ཅད་འདོན། འབྲིང་དུ་ན་སྲས་མཆོག་ཡན་འདོན། བསྡུ་ན་སྲས་མཆོག་གི་སྒྲུབ་རྟེན་ཕུར་པ་སོགས་མེད་ཕྱིར་འདོན་མི་དགོས་ཏེ། ཁྲོ་བོ་བཅུའི་བསྟོད་པ་


CMR017_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱིས་ཆོག་གོ །དེ་ནས་ཧཱུཾ་ཐུགས་དམ་ཆེན་པོའི་དཀྱིལ་འཁོར་དུ་ནས། ཐཾ་ཧཱུཾ་ཕཊ༔ ཡན་གྱི་འཛབ་བསྐུལ་བརྗོད་ལ། དམིགས་པ་ནི་འདི་རྒྱུན་ཁྱེར་ཡིན་པས་གཙོ་བོར་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་བསྙེན་སྒྲུབ་བྱ་སྟེ། མདུན་བསྐྱེད་ནི་དཀྱིལ་འཁོར་དང་སྒྲུབ་ཕུར་སོགས་མ་འཛོམས་པས། མཆོད་ཡུལ་དུ་བསྐྱེད་པ་ཙམ་ཡིན་ནོ། །བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་མཐིང་ནག་གི་ལྟེ་བའི་ནང་དུ་ཉི་མའི་སྟེང་ཧཱུཾ་མཐིང་ནག་འགྲེང་སྟེ་གནས་པའི་མཐར། འབྲུ་དགུའི་རྩ་སྔགས་མདུན་ནས་བརྩམས་ཏེ་ཡི་གེའི་ངོ་ཕྱིར་བསྟན་ནས་གཡོན་དུ་བསྐོར་ནས་ཡི་གེ་ཐམས་ཅད་ལངས་ནས་ཡོད་པར་བསྒོམ། དང་པོ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་པས་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཏོང་སྐུད་ལྟར་བྱུང་ནས་འོད་ཟེར་དེ་གཡས་སུ་འཁོར་བར་སྒོམས། དེ་ནས་ཡི་གེ་དེ་རྣམས་གཡས་སྐོར་དུ་ཀྱི་ལི་ལི་དཔེར་ན་མཆོད་རྟེན་གཅིག་ལ་མི་མང་པོས་བསྐོར་བ་ལྟར་དལ་བུས་འཁོར། དེ་ནས་ཇེ་མགྱོགས་ལ་སོང་སྟེ་ཤིན་ཏུ་མགྱོགས་པར་འཁོར་བར་བསྒོམ་སྟེ། དབུས་ཀྱི་ཐུགས་སྲོག་ཧཱུྃ་དེ་མཆོད་རྟེན་ལྟར་གཡོ་འགུལ་མེད་པར་གལ་ཆེ། དེ་ནས་


CMR017_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྲེང་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོས་པས། འོད་ཟེར་དེས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་མཉེས་པའི་མཆོད་པར་གྱུར། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། དངོས་གྲུབ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་གྱུར་ནས། འོད་ཟེར་གྱིས་ཚུར་བསྡུས་ནས་ཁ་བ་བུ་ཡུག་ལྟར་བྱོན་ཏེ། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ། ཡང་སྔགས་ཕྲེང་ལས་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་བྱང་ཆུབ་ལ་བཀོད་དེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཕུར་པའི་ལྷ་ཚོགས། ཐམས་ཅད་ཀྱིས་རང་གི་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་ཡོད་པར་བསྒོམས་ལ། ཨོཾ་རིགས་ལྔ་ཁྲག་འཐུང་། བཛྲ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཀི་ཁྲོ་བོ་བཅུ། ལི་ཁྲོ་མོ་བཅུ། ཀྭ་ཟ་བྱེད་ཕ་བཅུ། ལ་གསོད་བྱེད་མ་བཅུ། ཡ་སྲས་མཆོག་ཉེར་གཅིག་སྟེ་སྤྲུལ་པ་ཡང་སྤྲུལ། སརྦ་སུམ་སྤྲུལ་ཁྲོ་ཆུང་། ཐིག་ཤྭ་ན་བཞི་དང་སྲོག་བདག །ནཱན་རེ་ཏི་བཞི་དང་བདག་ཉིད། ཐཾ་ས་བདག་བཞི་


CMR017_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེས་བུ་བཞི། ཧཱུྃ་གིས་དངོས་གྲུབ་སྡུད། ཕཊ་ཀྱིས་དགྲ་བགེགས་དམ་སྲི་བསྒྲལ་བ་ཡིན་པས། རྩ་སྔགས་འདི་བཟླ་བྱའི་རྩ་བ་ཡིན་པས་ཐུན་རེ་ལ་སྟོང་ངམ་ལྔ་བརྒྱའམ༔ ཐ་མ་བརྒྱ་ཙམ་བསྙེན་ནོ། །དེ་ནས་བསྐྱེད་རིམ་དེ་ལ་རྫོགས་རིམ་གྱིས་རྒྱས་གདབ་སྟེ་ཟུང་འཇུག་ཏུ་བསྒོམ་པ་ནི། ཐུགས་རྣམ་དག་ཅིར་མི་དགོངས་ནམ་མཁའི་རང་བཞིན་ལྟ་བུའི་ངང་ལ། རིག་རྩལ་འགགས་མེད་ཙམ་དུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ནམ་མཁའ་ལ་འཇའ་ལྟར་ཤར། ཤར་ཡང་གསལ་བ་དང་སྟོང་པ་ཟུང་འཇུག་བསྟེ། དེ་ལྟ་བུར་རབ་རྟོགས་པའི་ངང་ལས་རང་ཤར། འབྲིང་སྟོང་ཉིད་ངང་ལས་བསྐྱེད་རིམ་གསལ་བའི་ཉམས་འཆར་བ། ཐ་མ་ཡང་གསལ་སྟོང་ཟུང་འཇུག་གི་དཔེ་འཇའ་ཚོན་དང་ཆུ་ཟླ་སོགས་ལ་བཞག་ནས་དེ་ལྟར་བསྒོམ་ཞིང་། འགྲོ་འདུག་སྤྱོད་ལམ་ཀུན་ཏུ་བསྙེན་པ་བྱའོ། །དེ་ནི་ཆོས་ཉིད་འཛིན་མེད་རང་གྲོལ་དགོངས་བཟླས་ཞེས་བྱ་སྟེ། ཤིན་ཏུ་ཟབ་པའི་་མཐར་ཐུག་གི་བཟླས་པ་གསུངས་སོ། །དེ་ལྟར་ལས་བྱང་ཁོ་ན་ལ་བརྟེན་ནས་མཚམས་བྱེད་ན། ལས་བྱང་དུས་བཞིར་གཏོང་ལ་ཐུན་བཞི་བྱ། རྒྱུན་ཁྱེར་བྱེད་ན་རབ་སྔ་དྲོ་དགོང་མོ་


CMR017_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཚར་རེ་འདོན། ཐ་མ་ཡང་ཉིན་ཞག་ཕྲུག་གཅིག་ལ་ལས་བྱང་འཛབ་བསྐུལ་ཡན་ཚར་རེ་མ་ཆག་པ་གལ་ཆེ་སྟེ། འདི་ནི་བསྐྱེད་པ་མ་ཧཱ་ཡོ་ག་གཙོ་ཆེ་བས་ལས་བྱང་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་དག་གི་ཐུན་མཚམས་སོགས་ལ་ཉམས་ལེན་སེམས་ངོ་སྐྱོང་བདེ་ཡོད་ན། སེམས་ལ་བལྟས་པས་བསྐྱེད་རིམ་རང་བཞིན་མི་དམིགས་པར་སོང་ཚར་ནས། བློས་བྱས་ཀྱི་རྫོགས་རིམ་སོགས་མི་དགོས་ལ། མདུན་བསྐྱེད་ཀྱི་ལྷ་ནི་རྟེན་གསུམ་ཡོད་ན་དེ་ལ་ཐིམ་པའམ། ཕུགས་གཏོར་སོགས་ཀྱི་སྟེང་དུ་མཆོད་ཡུལ་དུ་བཞུགས་ཆོག །བདག་བསྐྱེད་ཡེ་ཤེས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་སྟེ་ནམ་ཡང་མི་གཤེགས་པ་ལེགས་ཤིང་ཟབ་བོ། །དེ་ལ་གྲངས་ནི་རབ་འབྲུ་འབུམ། འབྲིང་བདུན་འབུམ་ཉི་ཁྲི། ཐ་མ་འབུམ་ཕྲག་ལྔའམ། སུམ་འབུམ་ནི་གྲངས་ཡིན་ལ། དེ་ཡང་མཚམས་དང་སྨྲ་བཅད་མ་གྲུབ་ན། གྲངས་དེ་དག་གི་བཞི་འགྱུར་དགོས་པར་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དུས་ནི་མཚམས་བྱེད་པའི་དབང་དུ་ཡིན་ཏེ། ཟླ་བ་དྲུག་གམ་གསུམ་མམ་གཅིག །ཞག་ནི་བདུན་གསུམ་མམ་གཉིས་སམ་སྒྲུབ་ཆེན་ཐུན་པ་མང་ན་དངོས་གཞི་ཞག་བདུན་གྱིས་ཆོག་ལ། །


CMR017_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་གང་ཟག་ལས་འཕྲོ་དང་དབང་པོ་དང་ཏིང་ངེ་འཛིན་གསལ་མི་གསལ་གྱི་ཁྱད་པར་གྱིས་དུས་དང་གྲངས་ལ་མ་ངེས་ཏེ། མཚན་མའི་བསྙེན་པ་གཅེས་པ་ནི། མཚན་མ་ཐོན་ནས་དུས་གྲངས་བསྙེན་པ་ཚད་དུ་མ་སོང་ཡང་མི་སྐྱོན་ཏེ། ཞག་གཅིག་ལ་མཚན་མ་རྫོགས་ཀྱང་བསྙེན་སྒྲུབ་རྫོགས་པ་སྟེ། གང་དགོས་ལས་ལ་སྦྱར་བས་འགྲུབ་བོ། །ཞེས་གསུངས་སོ། །དེ་ལ་མཚན་མའི་རྟགས་ནི་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་ཤིང་གསལ་བ་དང་། བླ་མ་ལ་མོས་གུས་དང་། ཡི་དམ་ལ་དག་སྣང་དང་། སྒྲུབ་ལ་སྤྲོ་ཞིང་བློ་ཤུལ་དཔའ་ངར་གདེང་ཡོད་པ། རྨི་ལམ་དུ་མཆོད་རྟེན་དང་རི་བོའི་རྩེར་འདུག་པ་རྔ་རྡུང་དར་ཕྱར་དུང་འབུད་ཉི་ཟླའི་སྟེང་དུ་འདུག་པ། ལྷའི་ཞལ་མཇལ། ལྷ་མོའི་གཟུགས་སྟོན་པ། དབང་བསྐུར་ཆོས་བཤད། ཁྲི་ཆེན་ལ་འདུག་པ། གྲུ་པ་མཉན་པ། ཁྲོམ་གྱི་ཁ་ལོ་བསྒྱུར་བ་གནས་དང་རི་སོགས་ལ་མེ་འབར་བ། རྡོ་རྗེ་ཕུར་པ་ཁཊ་ལ་སོགས་ཕྱག་མཚན་རྙེད་པ། མེ་ཏོག་སྔོན་པོ་ཐུ་བ། ནམ་མཁའ་ལ་འཕུར་བ། ཆུ་བོ་ལས་བརྒལ་བ། མཚོ་ཆེན་གཤགས་པ། གླང་གཡག་ཞོན་པ། འབག་སེང་ལྷང་བཅོམ། ཁྱི་ནག་བུད་མེད་བརྡུང་བ།


CMR017_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་རྣམས་ཀྱིས་བཀའ་ཉན་སྲོག་སྙིང་འབུལ་བ། གོ་བཟང་གྱོན་ཞིང་མཚོན་རྣོན་ཐོགས་པ་ལ་སོགས་རྨིས་ལྟས་དང་། རབ་ནི་དངོས་སུ་ཡི་དམ་ཞལ་མཐོང་གསུང་ཐོས་ལུང་སྟོན་པ་བྱུང་ཡང་ཧ་ཅང་རློམ་སེམས་དགའ་བྲོད་མི་བྱ། བསྙེན་སྒྲུབ་བྱས་པས་ནད་གདོན་སོགས་འཚེ་བ་བྱུང་ན་ཚེ་སྔོན་ངན་སོང་སོགས་མུ་མེད་དུ་འཁྱམས་པའི་ལས་སྒྲིབ། བསྙེན་སྒྲུབ་ཟབ་མོས་བྱང་ནས་ད་ལམ་སྡུག་བསྔལ་ཅུང་ཟད་རེས་ངན་སོང་གི་གོ་ཆོད་པའི་སླད་དུ་ཤེས་པར་བྱས་ལ་ལོག་ལྟ་མི་བྱའོ། །དེ་ཡང་སྒྲིབ་པ་འཐུག་ཅིང་བར་ཆད་ཆེན་པོ་ཡོད་ན་དང་པོ་རྟགས་དང་སློང་སོགས་ངན་པ་འབྱུང་ཞིང་ཇེ་ལེགས་འགྲོ་སྒྲིབ་པ་དང་རྐྱེན་ཆགས་འབྲིང་ན་བཟང་ངན་འདྲེས་མར་འོང་ཞིང་ལེགས་སུ་འགྲོ། སྒྲིབ་པ་སྲབ་ཅིང་རྐྱེན་ཆགས་ཆུང་ན་བཟང་རྟགས་ལས་ངན་པ་མི་འབྱུང་བའོ། །བཟང་ངན་གྱི་རྟགས་མཚན་མེད་ཀྱང་ལུས་བདེ་བསམ་པ་འགྲུབ། བློ་ལས་སུ་རུང་ཉམས་རྟོགས་ལ་བོགས་བྱུང་ན་མཆོག་གི་རྟགས་སོ། །ཡང་ལས་དང་པོ་པ། རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ་བློ་ཁ་ཡེ་མ་ཕྱོགས་པ་ཡིན་ན། བསྐྱེད་རིམ་མ་བསྡུས་པར་ཞག་གཅིག་སོང་ན་ཡང་ཨ་འཐས་རྟག་པའི་མཐར་ལྷུང་བའི་ཉེས་པ་ཡོད། ཕྱི་རོལ་སྣོད་བཅུད་སྲུང་


CMR017_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ། གཞལ་ཡས་ཁང་འཁོར་ལ། འཁོར་གཙོ་བོ་ལ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་གྱེན་རྫོགས་སུ་ཡལ་ནས་ནམ་མཁའ་ལྟར་སྟོང་པ་ཉིད་དུ་གྱུར་པར་བསྒོམས་ལ་དར་ཅིག་བསྡད། སླར་ནམ་མཁའ་ལ་འཇའ་ཤར་བ་ལྟར་སྟོང་པའི་ངང་ལས་སྒྱུ་མའི་སྐུ། རང་ཉིད་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པར་རྒྱན་དང་ཕྱག་མཚན་མེད་པར་བསྒོམས་ལ། སྤྱོད་ལམ་ལ་འཇུག་གོ །དངོས་གྲུབ་ལེན་ཆོག་ནི་རྒྱུན་ཁྱེར་ལ་མི་དགོས་ལ། གལ་ཏེ་རྟགས་བཟང་པོ་བྱུང་ན། ཧཱུཾ་རྡོ་རྗེ་གཞོན་ནུ་སོགས་ནས། སརྦ་སིདྡྷི་ཧྲཱིཿའི་བར་བརྗོད་ལ་བདུད་རྩི་ཐིགས་པ་སྲིན་ལག་གིས་ལྕེ་ལ་མྱོང་བ་དང་། གནས་གསུམ་དུ་ཐིག་ལེ་བྱའོ། །ཡང་ཚེས་བཅུ་དགུ་གཏོར་ཡོ་བྱད་འཛོམ་དུས་ཚོགས་བྱ་བར་འདོད་ན། གཞུང་ལྟར་ལས། ཚོགས་ཕུད་ཕུལ་མཚམས་ནས། ཚོགས་ཕུད་ཀྱིས་གཏོར་མ་གསོ་བྲན་བྱས་ལ་zགཏོར་བསྔོས་རྒྱས་པར་སྦྱར་ན་ལེགས། མ་བྱས་ཀྱང་མི་འགལ། བར་པ་བཤགས་པས་བསྐང་གཏོར་མེད་ན་ཕུགས་གཏོར་གསོས་ནས། སྒྲུབ་ཆེན་ན་ཡོད་པའི་བསྐང་ཐུང་དེ་འདོན།།


CMR017_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦྱར་ཀྱང་མི་འགལ། དེ་ནས་གཞུང་གི་བཤགས་ཚིག་འདོན། ཚོགས་ཟན་ལ་ལིངྒ་བཙའམ་མ་གྲུབ་ན། ཤ་དུམ་སྦྱར་ལ་བཀུག་གཞུག་བསྒྲལ་ལས་གཞུང་ལྟར་བྱ། གཏོར་ཟློག་རྒྱས་བསྡུས་འདྲ་བཅས་ཡོད་ན་དེ་ནང་དུ་བསྟབ། མེད་ན་ཡི་དམ་ཆོས་སྐྱོང་གི་གཏོར་མར་འབུལ། ཚོགས་རོལ། ལྷག་མ་བཏང་། དེ་ནས་དཀར་གཏོར་གཅིག་སྤྱི་ལྟར་བསྔོ། དམར་གཏོར་གཅིག་ལ་བཀུག་གཞུག་བསྡུས་པ་ཙམ་བྱས་ལ། སྤྲོ་ན་བསྐུལ་དུག་མདའ་ནག་པོའམ། བསྟོད་པ་མཇུག་གི་ཕུར་སྲུང་བསྐུལ་དང་། ཆད་མདོ་བརྟན་སྐྱོང་བཏོན་ལ། སྒྲུབ་ཆེན་ནང་ནས་འབྱུང་བའི་ཟློག་ཐུང་ལྟ་བུ་སྦྱར་ན་ལེགས། མེད་ཀྱང་རུང་སྟེ་ཕྱི་རོལ་ཕྱོགས་གཙང་སར་ཕུལ། གཏོར་གཞོང་སྒྲུབ་སར་རྟ་བྲོ་ཐུགས་སྒྲུབ་ལྟར་ཐོན་ན་ལེགས། གཞུང་གི་ཚིག་དང་སྔགས་དང་དབྱངས་གསལ་ཡིག་བརྒྱ་སོགས་བརྗོད། ཚེ་འགུགས་གང་དུ་སབ་པར་གསུངས་པ་སབ་ན་སྒྲུབ་ཆེན་ནས་ལེན། མེད་ཀྱང་རུང་ངོ་། །དེ་ལྟར་དང་པོ་དབང་ཐོབ་པ། བར་དུ་མཚམས་བྱེད་དེ། མ་འཕྲོད་ན་ཡང་རྒྱུན་ཁྱེར་ལ་བརྟེན་ནས། གྲངས་སམ་རྟགས་ཀྱི་བསྙེན་པ་མ་ཐེབ་བར་དུ་ལས་ཚོགས་མི་བྱ། བྱས་ཀྱང་མི་འགྲུབ་པའི་སྟེང་དུ་ལྷ་


CMR017_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འགྱང་དུ་འགྲོ། བསྙེན་སྒྲུབ་རྟགས་ཐོན་ནས། པོད་གཞུང་གི་ལས་ཚོགས་གང་སྒྲུབ་ཀྱང་འགྲུབ་པས། གང་འདོད་ལས་ཚོགས་བྱའོ། །དེ་ལ་མང་དུ་ཡོད་ནའང་རྒྱུན་ཁྱེར་ཉེ་བར་མཁོ་བ་ལ། རང་ཉིད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་སྔར་བཤད་པ་ལྟ་བུའི་ཐུགས་ཀར་ཧཱུྃ་ཡིག་དེ་ཉིད་ལྕགས་སྦུབ་བཀུག་པ་ལྟར་ནང་སྟོང་པར་ཡོད་པར་བསྒོམ་སྟེ། དེའི་ཐིག་ལེའི་ནང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞུགས་པ་ལ། བསྲུང་བྱའི་ཡུལ་མཐོ་བའི་བླ་མ་རྣམས་ཀྱིས་བསྐོར། ཧཱུྃ་གི་ཟླ་ཚེས་ནང་དུ་རང་གི་ཡི་དམ་གཞན་གང་ཡོད། འ་ཆུང་ནང་དུ་རང་གི་ཆོས་སྐྱོང་རྣམས་བསྒོམས་པས་ལྷ་དབྱེ་སོགས་ཀྱིས་མི་ཚུགས། ཞབས་ཀྱུས་ནང་དུ་ཨ་ཡ་མ་དུ་རུ་ཙ་ཤ་ན་སྟེ། སྡེ་བརྒྱད་ཀྱི་ས་བོན་མགོ་ཐུར་བསྟན་སྤྱས་བྲིས་པ་ཙམ་བསྒོམས་པས། སྡེ་བརྒྱད་ཀྱི་སྲོག་བཙོན་དུ་བཟུང་ནས་འཁུ་ལྡོག་གནོད་པ་མི་ནུས་སོ། །ཧའི་ཁོག་པའི་དབུས་དེར་རང་གི་བླ་ཚེ་བསོད་ནམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ནི་ཡིག་ལྗང་ཁུ་བཀྲག་མདངས་དང་ལྡན་པས་མཚན་པར་བསྒོམས་པས། རང་ཉིད་བསྲུང་སྟེ་བླ་སྲོག་བྱེད་མ་དང་། ལྷ་འདྲེས་ཁྱེར་དུ་མེད། དེའི་མཐའ་ལ་གལ་ཆེ་བསྲུང་བྱ་གཡས་སུ་ཕོ་རིགས།


CMR017_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་མོ་རིགས། རྒྱབ་ཏུ་སྨྲ་ཞིང་ཁང་། མདུན་དུ་ནོར་རྫས་ཐམས་ཅད་ཚུད་པར་བསྒོམས་པས་སྲུང་བའི་མཆོག་དམ་པའོ། །བསྲུང་བྱའི་དམ་ཚིག་མི་གཙང་བ་དང་། དེ་ཙམ་གལ་ཆེ་མེད་ན། རང་རྡོ་རྗེ་གཞོན་ནུའི་མཐར། སྲས་མཆོག་བཞིའི་ནང་དེར་བསྒོམ། དེ་ཙམ་ཡང་མིན་ན་ཕྱི་ཡི་སྲུང་འཁོར་ནང་དུ་ཚུད་ཙམ་བྱའོ། །ལྷ་འདྲེའི་གནོད་ཚབས་ཆེ་བ་དང་། བྱད་ཁ་ཆེན་པོ་ཡོད་པ་ལ་སྲུང་འཁོར་དམ་པོར་བསྒོམས་ན། གོ་ཆ་མ་ཕིག་བར་དུ་མི་སྨྲས་པ་ལྟར། རང་ཉིད་ལ་ཤིན་ཏུ་རྩུབ་པར་ངེས་པས། ཕ་རོལ་ལ་ནི་ཕན་ཆེ་ནའང་། གལ་ཆེ་ཆུང་བློ་གཏད་ཆེ་ཆུང་ལ་ལེགས་པར་བཏགས་པ་གལ་ཆེ་བར་སྣང་ངོ་། །ཟློག་པའི་དམིགས་རིམ་ནི་སྔོན་མཚམས་གཅོད་དུས་ལྟར། རང་དང་ཁྲོ་བཅུ་ལས་ཁྲོ་ཆུང་མེ་དཔུང་དང་བཅས་པ་རླུང་འཚུབ་སེར་རྒོད་ལྟར་སྤྲོས་པས། བྱད་ཁ་དང་གདོན་རྒོད་ལ་སོགས་རྒྱ་མཚོའི་མཐར་བསྐྲད་ནས། བར་ཆད་སྲུང་འཁོར་དགུ་རིམ་གྱིས་ཆོད། ཁྲོ་ཆུང་རྣམས་ཚུར་འདུས་པ་སྲུང་འཁོར་ལ་ཐིམ་པས་སྲ་ཞིང་བརྟན་པར་གྱུར། ལ་ལ་རང་གི་བ་སྤུའི་བུ་གར་གཏམས་པར་བསྒོམས་ལ། སྤྲོ་ན་རྡོ་ཟློག་གི་སྔགས་རིང་ཅུང་ཟད་བཟླས་ཤིང་སྡོང་དམིགས་དང་སྡིགས་


CMR017_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་དང་ཐལ་རྡེབ་བྱ། སྔགས་རིང་མེད་ཀྱང་ཆོག །རྩ་སྔགས་ལ་བདག་དང་བསྲུང་བྱ་ཐམས་ཅད་ལ་བཛྲ་རཀྵ་རཀྟ་ཞེས་ཧཱུྃ་ཕཊ་ཀྱི་གོང་དུ་སྦྱར་ལ་ཅུང་ཟད་བཟླས་པ་སྲུང་སྔགས། རྩ་སྔགས་མཇུག་ཏུ་གནོད་བྱེད་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་སྦྱར་ལ་ཟློག་པའོ། །གོང་དུ་བསྙེན་པ་ཐེམས་པས་ཕུར་སྲུང་དམ་ཅན་རྣམས་བསྙེན་པ་ནི། དམར་གཏོར་གཅིག་བཤམས་ལ། རང་ཉིད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསལ་བཏབ། རང་གི་ཐུགས་ཀ་ནས་འོད་ཟེར་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས་པས། ཕུར་སྲུང་དམ་ཅན་ཚོ་རྣམས་རང་དབང་མེད་པར་འདུས་ནས། དཔའ་བོ་ཆེན་པོ་བདག་ཅིག་གི་ལས་ཅི་བགྱིས་བཀའ་སྩོལ་ཅིག་ཅེས་ཕྲིན་ལས་གང་འདོད་སྒྲུབ་པར་ཁས་བླངས། དམ་བཅས་བསམས་ལ་ཡིད་བཞིན་དུ་སྒྲུབ་པར་བསྒོམ་ཞིང་། ལས་བྱང་ནང་གི་ཛ་ཡེ་བི་ཛ་ཡེ་སོགས་སྔགས་རིང་དེ་བསྙེན་པར་བྱ་བ་ཡིན་ཏེ། དེ་ཡང་རྩ་སྔགས་ལ་བཏགས་ཏེ་སྦྲེལ་མར་བཟླའོ། །དེས་ཕུར་སྲུང་གི་རྟགས་དང་ཆོ་འཕྲུལ་སྣ་ཚོགས་འབྱུང་སྟེ་སྐག་པར་མི་བྱ། གང་འདོད་ཕྲིན་ལས་བཅོལ། བསྟོད་བསྐུལ་བྱ་ཞིང་གཏོར་མ་སྦྱིན་ནོ། །དེ་ལྟར་རྟོགས་བྱུང་ན་སྨད་ལས་དུག་ཕུར་ནག་པོ


CMR017_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དྲག་པོའི་ལས་གང་སྒྲུབ་འགྲུབ་ཅིང་བསྙེན་སྒྲུབ་ཚན་ཆེ་ན་ལས་སྦྱོར་མ་བྱས་ཀྱང་། རང་བཞིན་གྱིས་དགྲ་བགེགས་ཚར་གཅོད་པར་འགྱུར་རོ། །ཞེས་པ་ཆམ་ཕུ་དབུ་མཛད་པས་རིང་ནས་བསྐུལ་ཀྱང་མ་སྐབས་གཡེང་བས་ཁྱེར། ད་ལམ་འགྲིམ་བྱུང་བས་འཕྲལ་དུ་བྲིས་པ་ལ། འགལ་འཁྲུལ་བྱུང་ན་ཕུར་སྲུང་ཚོགས་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་ལས་བྱང་ཕྲིན་ལས་ཀྱི་སྤུ་གྲི་ཞེས་བྱ་བའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ཟིན་བྲིས་བསྡུས་པ།next