Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་གསང་སྒྲུབ་ཀྱི་ཟིན་བྲིས་འདོན་སྒོམ་བལྟས་ཆོག་གི་ངག་ཁྲིད་རྒྱས་པར་བཀོད་པ།
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་གསང་སྒྲུབ་ཀྱི་ཟིན་བྲིས་འདོན་སྒོམ་བལྟས་ཆོག་གི་ངག་ཁྲིད་རྒྱས་པར་བཀོད་པ།next

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་གསང་སྒྲུབ་ཀྱི་ཟིན་བྲིས་འདོན་སྒོམ་བལྟས་ཆོག་གི་ངག་ཁྲིད་རྒྱས་པར་བཀོད་པ།


CMR017_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་གསང་སྒྲུབ་ཀྱི་ཟིན་བྲིས་འདོན་སྒོམ་བལྟས་ཆོག་གི་ངག་ཁྲིད་རྒྱས་པར་བཀོད་པ་བཞུགས་སོ༔


CMR017_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་རཱ་ལ་ན་མོ༔ འདི་ལ་སྒྲུབ་ལུགས་མི་འདྲ་བ་ལྔ་ཡོད་དེ༔ སྒྲུབ་ཆེན་ཚོམ་བུ་འབུམ་སྒྲུབ་ནི༔ སྔགས་པ་བཅུ་དྲུག་ལས་མི་ཉུང་བས་སྒྲུབ་ཆེན་ཇི་ལྟ་བ་གཞུང་ལྟར་བྱས་ལ༔ མངོན་རྟོགས་དང་ལས་བྱང་དམིགས་པའི་གཞུང་གསང་སྒྲུབ་ལ་བྱེད་པའོ༔ བྱ་ཚུལ་སྒྲུབ་ཆེན་ཕུར་པ་ལྷ་གྲངས་ཕུར་སྒྲུབ་ཆེན་མོ་གཞུང་ལྟར་རོ༔ ༈ དཔའ་བོ་གཅིག་སྒྲུབ་ནི༔ རྣལ་འབྱོར་པ་གཅིག་གིས་སྒྲུབ་ཆེན་ཇི་ལྟ་བ་བྱས་ལ༔ སྔགས་རྒྱུན་མ་ཆད་པ་མི་ཐུབ་པ་མ་གཏོགས་ཐམས་ཅད་བྱའོ༔ ༈ སྒྲུབ་ཕྲིན་ལྟར་སྒྲུབ་པ༔ སྤྲོས་བཅས་ནི༔ རྡུལ་ཚོན་ནམ་རས་བྲིས་དཀྱིལ་འཁོར་ཕུར་པ་ཞལ་ཕྱག་གཤོག་པ་ཅན་གཅིག་ལ་བརྟེན༔ གཏོར་མཆོད་གཞུང་ལྟར་བཅའ༔ སྒྲུབ་ཆེན་དང་གབ་སྤྲད་མི་དགོས་པར༔ གསང་སྒྲུབ་གཞུང་ལྟར་བསྒྲུབ་


CMR017_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བོ༔ སྒྲུབ་ཕྲན་སྤྲོས་མེད་ལྟར་བསྒྲུབས་ན༔ དཀྱིལ་འཁོར་མི་དགོས་གཞིའི་སྟེང་འབྲུའི་ཚོམ་བུ་ལྷ་གྲངས་བཀོད༔ ཡོད་ན་ཕུར་པ་ཁྲོ་ཞལ་ཅན༔ མེད་ན་རབ་གྲི་ལྕགས༔ མ་རྙེད་ནའང་ལྕགས་ཕུར་སོར་བཞི་ལ༔ གྲི་ཁྲག་གིས་བྱུག༔ ཡུངས་ཀར་གྱིས་བྲབ༔ སུམ་བྷ་ནི་བརྗོད༔ གུ་གུལ་གྱིས་བདུག་ལ༔ ཚོམ་བུ་དབུས་སུ་བཅུག་གོ༔ དེའི་སྟེང་དུ་མཉྫིའི་སྟེང་ངམ་ཤིང་ཚོམ་སྟེང་དུ་གཏོར་མ་རིན་ཆེན་འབར་བ་དབང་གཏོར་འདྲ་བ་ཡོད་ན་སྐུ་ཙཀ་བཙུགས༔ མེད་ཀྱང་རུང་དེའི་གཡས་སུ་བདུད་རྩི༔ གཡོན་དུ་རཀྟ༔ མཐའ་བསྐོར་ཤར་དུ་མཆོད་ཡོན༔ ཤར་ལྷོར་ཞབས་བསིལ༔ ལྷོར་མེ་ཏོག༔ ལྷོ་ནུབ་ཏུ་བདུག་སྤོས༔ ནུབ་ཏུ་མར་མེ༔ ནུབ་བྱང་དུ་དྲི་ཆབ༔ བྱང་དུ་ལྷ་བཤོས༔ བྱང་ཤར་དུ་རོལ་མོའི་རིགས་ཤིག་བཤམས༔


CMR017_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་མཚམས་འཛིན་མེ་ཏོག་སྟེ་ནས་ཏིང་གང་བཤམས༔ དེ་རྣམས་དམའ་ན་ཁ་གསོ་བ་མ་གཏོགས་མི་བརྗེ༔ གཏོར་མ་དང་པོ་བྲན་ནས་རྒྱུན་དུ་གསོ་བྲན་མི་དགོས༔ མི་འགུལ་ལྷ་བསྐྱེད་ཡིན༔ ༈ དེ་ནས་འབྱོར་པ་ཆེ་ཞིང་ཁྱིམ་ལེགས་ན༔ སྨན་རཀ་གཏོར་གསུམ་ཕྱིའི་མཆོད་པ་སྣ་བདུན་གྱི་ནང་དེའི་ཤར་དུ་བླ་མ༔ ལྷོར་ཡི་དམ༔ ནུབ་ཏུ་མཁའ་འགྲོ༔ བྱང་དུ་ཆོས་སྐྱོང་སྤྱི༔ མཚམས་བཞིར་དམ་ཅན་སྤུན་ལྔ༔ ལྡང་ལྷ༔ བཙན་སྙིང་དྲུང་སོགས་བཀའ་སྲུང་བཤོས་བུ་དང་༔ རང་གི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་མ་བཤམས་རྒྱུ་ཡིན་ན་ཡང་༔ མི་འབྱོར་པའམ་ཁྱིམ་ཞན་ན༔ ལོགས་སུ་གཏོར་སྒམ་དུ་ཕུགས་གཏོར་རང་གི་གཞུང་མ་དེ་བཅའ་བའི་གསོ་བྲན་དང་༔ དམ་ཅན་སྤུན་ལྔ་སོགས་བཀའ་སྲུང་ཚོ་ལ་ཡང་ཆད་མདོའི་དཀར་གཏོར་དམར་གཏོར་ལ་ཁ་བསྔོས་ཀྱིས་ཆོག་གི་ལོགས་སུ་བཅའ་མི་དགོས༔ ཕུར་པ་ཡང་ཞལ་ཕྱག་ཅན་མེད་ན༔ ཤིང་ཕུར་ལྕགས་ཕུར་གང་རྙེད་རུང་བ་སྟེ༔ ལྕགས་ཕུར་སོར་བཞི་སྒྲུབ་བརྟེན་བྱས་ལ་མགུལ་དུ་འབྲལ་མེད་དུ་འཆང་བ་འདི་གཏེར་ཁ་མང་པོ་ནས༔ ཟབ་གནད་སྙན་བརྒྱུད་ལྟ་བུར་གསུངས་པས་ལེགས་ཤིང་སྟབས་བདེའོ༔ དེ་ལྟར་སྒྲུབ་ལུགས་གང་བྱེད་ཀྱང་ལས་བྱང་གི་ཁོག་དབུབ་མངོན་རྟོགས་སྒྲུབ་གཞུང་དང་བསྟུན་ལ་པྲ་ཁྲིད་ནས་ཁ་སབ་དགོས་པ་ཡིན་ལ༔ ཐོག་མར་དཀར་གཏོར་ཡུལ་ལྷ་ལ་ཕུལ༔ མ་འཇིགས་མ་སྒྲུག་པར་སྡོང་གྲོགས་གྱིས་བརྗོད༔ བགེགས་གཏོར་བཏང་ནས་སམ་ཐུན་གཏོར་བགེགས་བསྐྲད༔ དེ་ནས་རྒྱུན་དུ་དཀར་བགེགས་མི་


CMR017_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དགོས༔ སྐྱབས་སེམས་སྤྱི་འགྲོའམ༔ རྙིང་མའི་སྐྱབས་སེམས་སྔོན་འགྲོ་ཉུང་བསྡུས་བྱས་ན་ལེགས༔ དེ་ནས་ལས་བྱང་ཏིང་འཛིན་རྣམས་གསུམ༔ ཙིཏྟ་བཛྲ་ས་མ་ཏི་ཛཿ ཧཱུྃ་བཾ་ཧོས་བར༔ འདི་གཞུང་ལྟར་འདོན་ལ༔ རྙིང་མ་གཞན་ལ་མངོན་རྟོགས་ཚར་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་པ་ཡིན་ཀྱང་༔ འདིའི་བདག་མདུན་གཉིས་བསྐྱེད་ལུགས་མི་གཅིག་པས་སོ་སོར་བསྐྱེད༔ དང་པོ་བདག་བསྐྱེད་ནི་སྒྲུབ་གཞུང་ལྟར་སྤྲ་ཁྲིད་ནས་གབ་སྤྲད་དགོས་པས༔ ནང་འཛིན་པར་བྱེད་པའི་སེམས་དང་༔ ཕྱི་གཟུང་བར་བྱེད་པའི་ཡུལ་གཉིས་མི་དམིགས་པ་སྟོང་པ་ཉིད༔ སྟོང་པ་ཉིད་དེའི་ངང་ལས་སྒྲ་བྲག་ཆ་ཙམ་ཞིག་སད་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཉི་མ་འབུམ་དུས་གཅིག་ལ་ཤར་བ་ཙམ་གྱིས་འོད་ཀྱིས་གང་༔ འོད་ཟེར་དེ་དག་ཚུར་འདུས་པ་ལས༔ རང་གི་རིག་པ་ཧཱུཾ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ༔ ཧཱུྃ་དེ་ལས་འོད་ཟེར་ཕར་འཕྲོས་པས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ལ་ཕོག་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱང་ཚུར་འདུས་ཧཱུྃ་ལ་ཐིམ༔ སྔར་བས་ཀྱང་གཟི་བརྗིད་ཆེ་བར་གྱུར༔ ཧཱུྃ་དེ་ལས་ཨེ་མཐིང་སྐྱ་ཞིག་འོག་ཏུ་ཆད་པ་ལས༔ གོང་ལྟར་འོད་ཟེར་འཕྲོ་འདུ་མཛད་པས༔ ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་༔ ནམ་མཁའ་


CMR017_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་གྲུ་གསུམ༔ རྩེ་མོ་ཐུར་ལ་བསྟན་པ༔ ཧཱུྃ་དེ་ལས་ཡཾ་སྔོ་སྐྱ་ཞིག་ཆད་པས༔ ཡང་དེའི་འོད་ཟེར་འཕྲོ་འདུ་ལས༔ ནམ་མཁའ་གྲུ་གསུམ་གྱི་སྟེང་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་༔ རླུང་གི་དཀྱིལ་འཁོར་ཟླ་གམ་དབལ་ཚ་ཞིང་བསྟན་པ༔ ཧཱུྃ་དེ་ལས་ར་དམར་ནག་ཞིག་འོག་ཕྱོགས་སུ་ཆད་པས༔ དེའི་འཕྲོ་འདུ་ལས༔ རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཡུམ་མཱ་མ་ཀཱིའི་མཁའ་ཀློང་རཀྟའི་རྒྱ་མཚོ་རྒྱ་ཁྱོན་དཔག་ཏུ་མེད་པ༔ དེའི་སྟེང་དུ་ཧཱུྃ་ལས་སུ་སེར་ནག་ཅིག་ཆད་པ་ལས༔ དེའི་འོད་ཟེར་འཕྲོ་འདུ་ལས༔ ཡུམ་སངས་རྒྱས་སྤྱན་མའི་མཁའ་ཀློང་༔ སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྒྱ་ཁྱོན་དཔག་ཏུ་མེད་པ༔ ཧཱུྃ་དེ་ལས་སའི་སྟེང་དུ་ཀཾ་དཀར་པོ་ཞིག་ཆད་པས༔ དེའི་འོད་ཟེར་འཕྲོ་འདུ་ལས༔ ཀེང་རུས་ཀྱི་རི་རབ་དཔག་ཚད་བརྒྱད་ཁྲི་དང་ལྡན་པ༔ ཧཱུྃ་དེ་ལས་རཾ་དམར་ནག་གཅིག་ཆད་པས༔ དེའི་འོད་ཟེར་འཕྲོ་འདུ་ལས༔ ཡུམ་གོས་དཀར་མོའི་མཁའ་ཀློང་༔ ཕྱོགས་མཚམས་ཐམས་ཅད་མེའི་དཀྱིལ་འཁོར་གྲུ་གསུམ་དམར་ནག་འབར་ཞིང་འཁྲུགས་པའི་ཀློང་༔ རྒྱུའི་ཧཱུྃ་ལས་ཡི་གེ་ཧཱུཾ་གཅིག་རི་རབ་ཀྱི་སྟེང་དུ་ཆད་པ་ལས༔ དེ་ལས་འོད་ཟེར་འཕྲོ་འདུས་འོད་དུ་ཞུ་བ་ལས༔ དཔལ་


CMR017_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གཞལ་ཡས་ཁང་འོག་གཞི་རྡོ་རྗེའི་བྲག་ལས་བྱས་པ༔ བྷརྨ་ཀཾ་རློན་གྱིས་ཕག་ཐབས་སུ་བརྩེགས་པ༔ རཀྟ་རློན་པས་སྤྲིན་ཐབས་སུ་སྦྱར་བ༔ མི་མགོ་རློན་པས་ཁ་བད་བྱས་པ༔ སྤྲུལ་སྔོ་དམར་གྱི་ཆུན་འཕྱངས་ཡོད་པ༔ ཐོད་སྐམ་གྱི་དྲྭ་བ༔ ཐོད་ཚལ་གྱི་དྲྭ་ཕྱེད༔ ཞིང་གི་རྒྱལ་མཚན་ཕྱར་བ༔ ཞིང་ཕྲན་གྱི་འཕན་གདུགས༔ རཀྟའི་ཞམ་ཆུ་འབབས་པ༔ ལྷ་བརྒྱད་ཀ་བ༔ ཀླུ་བརྒྱད་ཀ་གདན་དུ་བྱས་པ༔ གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་ཀ་ཞུ༔ རྒྱུ་སྐར་གྱི་དྲལ་ཕྱམ་ཞིང་ལྤགས་ཀྱི་ཐོག་ཕུབ་པ་ཟླའི་སྐར་ཁུང་༔ རུས་སྦལ་གྱི་མ་ཐེམ༔ སྦྲུལ་ནག་གི་སྐྱེས་བུ༔ མཁའ་ལྡིང་གི་ཡ་ཐེམ༔ ཆུ་སྲིན་གྱི་ཡ་ཕུབ༔ ག་རུ་ཎའི་ལྡིང་ཁང་༔ ཞིང་ལྤགས་ཀྱི་སྒོ་ཁེབས༔ ཐམས་ཅད་དུ་གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ སྟག་སྤྱང་དོན་དྲེད་མང་པོ་རྒྱུ་བ༔ ཀང་ཀ་དུར་བྱ་མང་པོ་ལྡིང་བ༔ ཕྱི་ལྕགས་རི་ནག་པོ་ལ་བསྐལ་པའི་མེ་འབར་བ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ༔ རང་སྣང་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་༔


CMR017_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་དུ༔ རང་བྱུང་ཆོས་ཀྱི་དབྱིངས་ལས༔ རང་བྱུང་ཡེ་ཤེས་ཀྱི་རང་རྩལ༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ནག་ནམ་མཁའ་ལ་ལྡིང་བ་དེ་ཉིད་ཁྲ་ཐབས་སུ་བབ་སྟེ༔ འཕྲོ་འདུའི་འོད་ཟེར་གྱིས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་བསྡུས༔ ཧཱུཾ་ལ་ཐིམ༔ དེ་ལས་ཀྱང་འཕྲོ་འདུའི་འོད་ཟེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར༔ ཡོངས་སུ་གྱུར་པ་ལས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཞེས་བརྗོད་སྔགས་པས༔ བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་ནག༔ དབུ་ལ་ཧེ་རུ་ཀ་ལྔ་དང་ཐོད་སྐམ་ལྔས་མཚན་པ༔ དབུ་སྐྲ་ཁམ་ནག་སྤྱི་བོར་སྦྲུལ་ཆུན་གྱིས་བཅིངས་བ༔ སྤྱན་དགུ་དམར་ཞིང་ཟླུམ་པ༔ མཆེ་བ་ཟླ་ཚེས་སུ་གཙིགས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ སྨ་ར་སེར་པོ་ལས་མེ་དང་ཛའི་འོད་ཟེར་དུ་འཕྲོ་བ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ༔ ཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཨོག་སྒོ་ལ་ཞག་གི་ཟོ་རིས༔ ཉི་མ་དང་ཟླ་བས་སྙན་གོང་བརྒྱན་པ༔ སྦྲུལ་རྒྱལ་རིགས་དཀར་པོས་དབུ་བརྒྱན་པ༔ རྗེའུ་རིགས་སེར་པོས་སྙན་བརྒྱན་པ༔ བྲམ་ཟེ་དམར་པོས་ཕྱག་གདུབ་ཞབས་གདུབ༔ གདོལ་


CMR017_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནག་པོས་སེ་རལ་ཁ༔ སྦྲུལ་རིགས་ལྔའི་ཆུན་པོས་སྐ་རགས་བཅིངས་བ༔ ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་ནམ་མཁའ་ལ་འཕྱར་བ༔ བར་པས་རྡོ་རྗེ་རྩེ་ལྔ་གདེངས་བ༔ གཡོན་དང་པོའི་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ བར་པ་ན་ཁཊཾ་རྩེ་གསུམ་འཛིན་པ༔ མཐའ་མ་གཉིས་ཀྱི་རི་རབ་ཕུར་པ་འདྲིལ་བའོ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས༔ བ་སུ་ཏའི་ཞགས་པ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པས་ནམ་མཁའ་ཁེབས་པ༔ གཡས་ཀྱི་དང་རུ་ལ་རྡོ་རྗེ་རྩེ་དགུ་པ་ལ་མེ་འབར་བ༔ གཡོན་གྱི་དང་རུ་ལ་རིན་པོ་ཆེ་ལ་མེ་འབར་བ༔ མཇུག་མ་ལ་རྡོ་རྗེ་རྩེ་ལྔ་པ༔ ཐེའུ་ཆུང་སྤུ་བྲན་དང་བཅས་པ་ལ་རྡོ་རྗེ་ཕྱེད་པའི་ཚྭ་ཚྭ་འཕྲོ་བ༔ ཞབས་བཞི་གཡས་བསྐུམ་གཡོན་པའི༔ བརྐྱང་གྱད་ཀྱི་འདོར་ཐབས་སུ་བསྒད་པ༔ ཐོད་པ་སྐམ་པོ་རློན་པ་ར་རི་ཚར་གསུམ་གྱིས་དོ་ཤལ་བྱས་པ༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སོར་བཞི་ཐེབ་ལོང་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ༔ དེའི་ཐུགས་ཀར་ཉི་མའི་དལ་སྲན་མའི་གའུ་ཙམ་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་ནས་ཙམ༔ དེའི་ལྟེ་བ་ལ་ཉི་ཟླའི་དལ་


CMR017_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཉུངས་འབྲུ་གླེབས་པ་ཙམ་གྱི་སྟེང་དུ༔ ཧཱུྃ་སྤྱས་བྲིས་པ་ཙམ་གྱི་མཐར་ཀཱི་ལ་ཡ་འབྲུ་བཅུ་གསུམ་གྱིས་བསྐོར་བ༔ འདིར་སྤུའི་བྲིས་པ་ཙམ་ཟེར་བ་སོགས༔ ལྷ་རང་རང་གི་ལུས་ཚད་བསྒོམ་ན་ཡིན་གྱི། ཆེན་པོར་བསྒོམ་ན་དེའི་རིག་པས་དཔག་ཤེས་པར་བྱའོ།། ཡེ་ཤེས་སེམས་དཔའི་སྒོ་སྲུང་དཔལ་རྟ་མགྲིན་གྱིས་བྱེད་པར་གྱུར༔ དེ་ཡང་སྙིང་གི་རྩ་སྦུབས་སུ་ཡུངས་ཀར་ཙམ་བསྒོམ་མོ༔ དེའི་མདུན་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཨུཏྤལ་ལམ་དྲིལ་བུ་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་པས་དུང་དམར་གཙོ་ལ་སྟོབ་པ༔ གཟིག་གི་ཤམ་ཐབས་དང་རྒྱན་དྲུག་སེ་རལ་ཁར་སྤྲས་པ༔ གཉིས་མེད་དུ་འཁྲིལ་བ་མེ་དཔུང་གི་ཀློང་དུ་བཞུགས་པར་གྱུར༔ བདག་ཉིད་རྩ་བའི་ལྷ་དེའི་དཔྲལ་བར་ཧཱུྃ་ཀཱ་ར་ཡབ་ཡུམ་སྔོན་པོ༔ གཡས་པའི༔ གཉིས་མདའ་དང་ཕུར་བུ༔ གཡོན་གཉིས་གཞུ་དང་ལྕགས་ཀྱུ༔ མཐའ་གཉིས་ཐུགས་ཀར་ཕུར་བུ་འདྲིལ་བ༔ ཞབས་བཞི་འདོར་ཐབས་སུ་བསྒྲད་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བའོ༔ དཔུང་པ་གཡས་སུ་རྣམ་རྒྱལ་ཡབ་ཡུམ་དཀར་པོ༔ གཡས་གཉིས་རྡོ་རྗེ་འཁོར་ལོ༔ གཡོན་གཉིས་བྷན་དྲིལ་བུ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ དཔུང་པ་


CMR017_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་དབྱུག་སྔོན་ཡབ་ཡུམ་སྔོན་པོ༔ གཡས་གཉིས་རྡོ་རྗེ་མེ་དཔུང་༔ གཡོན་གཉིས་བྷན་དབྱུག་ཏོ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར་པོ༔ གཡས་གཉིས་རྡོ་རྗེ་དང་རྒྱ་གྲམ༔ གཡོན་གཉིས་བྷནྡྷ་ཐོད་དབྱུག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ ཐུགས་ཀའི་ཆ་སྨད་དུ་གཤིན་རྗེའི་གཤེད་ཡབ་ཡུམ་སྔོན་པོ༔ བ་ཡས་གཉིས་རྡོ་རྗེ་བེ་ཅོན༔ གཡོན་གཉིས་བྷནྡྲ་སྟ་མོ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ སྲིད་ལྟའི་གོང་དུ་བདུད་རྩི་འཁྱིལ་བ་ཡབ་ཡུམ་ལྗང་སེར༔ གཡས་གཉིས་རྡོ་རྗེ་རལ་གྲི༔ གཡོན་གཉིས་བྷནྡྲ་ཞགས་པ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ ལྟེ་བར་མི་གཡོ་མགོན་པོ་ཡབ་ཡུམ་ལྗང་ནག༔ གཡས་གཉིས་རྡོ་རྗེ་ཞགས་པ༔ གཡོན་གཉིས་བྷནྡ་སྤུ་གྲི༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ བརླ་གཡས་འདོད་རྒྱལ་ཡབ་ཡུམ་དམར་སྐྱ༔ གཡས་གཉིས་རྡོ་རྗེ་ལྕགས་ཀྱུ༔ གཡོན་གཉིས་བྷན་མདུང་ཐུང་༔ མཐ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ བརླ་གཡོན་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་སེར་ནག༔ གཡས་གཉིས་རྡོ་རྗེ་སྟ་རེ༔ གཡོན་གཉིས་བྷན་ཞགས་པ༔ མཐའ་གཉིས་རི་རབ་


CMR017_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་འདྲིལ་བ༔ གསང་གནས་སུ་སྟོབས་ཆེན་ཡབ་ཡུམ་སྔོན་པོ༔ གཡས་གཉིས་རྡོ་རྗེ་དང་མདའ༔ གཡོན་གཉིས་བྷན་དང་གཞུ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ ཀུན་ཀྱང་ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བསྒད་པ༔ རྡོ་རྗེའི་གཤོག་པ་ཕྱོགས་བཅུར་གདེངས་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ སྐུ་གཟི་བརྗིད་དུ་འབར་བ༔ སྤྱན་གསུམ་དམར་ལ་ཟླུམ་པ༔ ཞལ་གདངས་ལྗགས་འདྲིལ་བ༔ རྣོ་དབལ་གྱི་མཆེ་བ་གཙིགས་པ༔ ཀུན་ཀྱང་འབར་བའི་གར་དང་ལྡན་པ༔ ནང་ཁང་གཙོ་བོའི་ཕྱོགས་བཞིར་རྩིབས་བཞིར་ཞིང་གི་གདན་ལ༔ ཤར་རྩིབས་སུ་བཛྲ་ཀཱི་ལ་ཡོ༔ ཞལ་གསུམ་ཕྱག་དྲུག༔ གཡས་གཉིས་རྡོ་རྗེ་འཁོར་ལོ༔ གཡོན་གཉིས་ལྕགས་ཀྱུ་ཞགས་པ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ ཞལ་གཡས་དཀར་གཡོན་དམར་དབུས་མཐིང་༔ དབུ་སྐྲ་ཁམ་ནག་ཐོར་ཚུགས་དང་རིགས་ལྔས་དབུ་བརྒྱན་པ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ལྷོའི་རྩིབས་སྟེང་དུ་རཏྣ་ཀཱི་ལ་ཡ༔ ཞལ་གཡས་དམར་གཡོན་སྔོ་དབུས་སེར༔ གཡས་གཉིས་རིན་པོ་ཆེ་དང་སྟ་མོ༔ གཡོན་གཉིས་ཐོད་ཁྲག་ཞགས་པ༔ མཐའ་གཉིས་རི་རབ་ཕུར་བུ་


CMR017_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་བ༔ དབུ་སྐྲ་ཁམ་ནག་ཐོར་ཚུགས་དང་རིགས་ལྔས་དབུ་བརྒྱན་པ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེའི་ཚྭ་ཚྭ་འཕྲོ་བ༔ ནུབ་རྩིབས་སུ་པདྨ་ཀཱི་ལ་ཡ༔ ཞལ་གཡས་དཀར་གཡོན་སྔོ་དབུས་དམར༔ གཡས་གཉིས་པདྨ་རལ་གྲི༔ གཡོན་གཉིས་བྷནྡ་ལྕགས་སྒྲོག་མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ དབུ་སྐྲ་ཁམ་ནག་ཐོར་ཚུགས་དང་རིགས་ལྔས་དབུ་བརྒྱན་པ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེའི་ཚྭ་ཚྭ་འཕྲོ་བ༔ བྱང་རྩིབས་སུ་ཀརྨ་ཀཱི་ལ་ཡ༔ ཞལ་གཡས་དཀར་གཡོན་དམར་དབུས་ལྗང་༔ གཡས་གཉིས་རྒྱ་གྲམ་ཐོད་དབྱུག༔ གཡོན་གཉིས་མེ་དཔུང་དྲིལ་བུ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ༔ དབུ་སྐྲ་ཁམ་ནག་ཐོར་ཚུགས་དང་རིགས་ལྔས་དབུ་བརྒྱན་པ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེའི་ཚྭ་ཚྭ་འཕྲོ་བ༔ ཀུན་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ ཞེས་བདག་བསྐྱེད་ལུས་དཀྱིལ་སྒྲུབ་གཞུང་ན་མི་གསལ༔ པྲ་ཁྲིད་ནས་ཁ་བཀང་གབ་སྤྱད་པ་ཡིན་ཏེ༔ ཁྲོ་བཅུའི་ཞལ་གཡས་གཡོན་ཁ་དོག་པོད་གཞུང་དུ་མིང་མི་གསལ་བས༔ ཞལ་གསུམ་སྐུ་གསུམ་མཚོན་པ་ཡིན་པས༔ དབུས་མཐིང་གཡས་དཀར་གཡོན་དམར༔ དབུས་དམར་གཡས་དཀར་གཡོན་སྔོ་སོགས་རིགས་པས་དཔག་སྟེ༔ རྒྱས་པར་འདོད་ན་གཏེར་ཁ་གཞན་ནམ་


CMR017_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕུར་ལ་བལྟའོ༔ ༈ དེ་ནས་མདུན་བསྐྱེད་གཞུང་གི་ལས་བྱང་མངོན་རྟོགས་འདོན་ཏེ་དེ་ལ་སྲས་མཆོག་བཞི་མ་གསུངས་ཀྱང་༔ གསང་སྒྲུབ་དཀྱིལ་འཁོར་དཔེའུ་རིས་ལ༔ རིགས་བཞི་ཁྲོ་བཅུ་སྒོ་བ་དང་བཅས་པ་ཐམས་ཅད་ཡོད་པས༔ མདུན་བསྐྱེད་ལ་རིགས་བཞིའི་ཚིག་མི་སབ་ཀྱང་ཡིད་ཀྱིས་བདག་བསྐྱེད་ལྟར་བསྒོམ་པ་དང་༔ བདག་བསྐྱེད་འཁོར་ཡང་མདུན་བསྐྱེད་ལྟར་ཡིད་ཀྱིས་བསྒོམ་པ་ལེགས་ཀྱི༔ མི་གསལ་ནའང་བདག་བསྐྱེད་ལྷ་ལྔ་རང་བྱས་ཀྱང་ཆོག༔ དེ་ནས་མདུན་བསྐྱེད་དཀྱིལ་འཁོར་དང་༔ ཕུར་པ་དང་༔ གཏོར་མ་གསུམ་དབྱེར་མེད་དུ་བསྒོམ་སྟེ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ཀློང་༔ ཞེས་པ་ནས༔ མངོན་རྟོགས་རྫོགས་ནས༔ པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ གྱི་བར་དེ་ནས༔ དེ་ལྟར་ལྷ་དེ་དག་རང་རང་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ་གསུམ་གསལ་བར་གྱུར༔ ཨོཾ་ཨཱཿཿཧཱུྃ༔ བདུན་བརྗོད་ནས། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐྱ༔ ནས་ས་པ་ཤྭ་རི་ཧཱུྃ་བཾ་ཧོཿ ཞེས་པའི་བར་གྱིས་གནས་གསུམ་བྱིན་གྱིས་བརླབསསོ༔ བདག་དཔལ་ཆེན་པོར་གསལ་བའི་གནས་གསུམ་ལས༔ ཨོཾ་ཨཱཿཿཧཱུྃ་གསུམ་འོད་དུ་འཕྲོས་པ་ལས༔ བདེ་བར་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བྱིན་གྱིས་རློབས་ཏེ༔ དབང་རྟགས་སུ་ལྷ་རང་རང་གི་སྤྱི་


CMR017_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར༔ དཀྱིལ་འཁོར་གཉིས་ཀྱི་ལྷ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་འཕྲོས་པ་ལས༔ སྲོག་ཡེ་ཤེས་སུ་དབང་བསྐུར༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས་པར་གྱུར༔ ཧཱུྃ༔ ཐབས་ཀྱི་སྤྱོད་པའི་སོགས་ནས༔ ཚྭ་ཚྭ་མཱི་པཾ་ཏཱཾ༔ ཞེས་པའི་བར་ལས་བྱང་ལྟར་རོ༔ ལྷ་རང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འོག་མིན་དང་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ གཙོ་བོ་དང་འཁོར་དང་བཅས་པ་རང་རང་གི་ཡེ་ཤེས་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟི༔ དཀྱིལ་འཁོར་དབུས་ཀྱི་གཙོ་བོ་དང་ཕུར་པ་ཡང་གོང་བཞིན་བསྟིམ༔ ཨོཾ་བཛྲ་ནས་ཨཱཿ་ཝེ་ཤ་ཡ་ཨ་ཨཱཿ༔ ཧཱུྃ༔ སྐྱེ་མེད་ནས་ལས་བྱང་གཞུང་ལྟར་སྦྱོར་མཆོད་ཡན་ཆད་འདོན༔ བསྟོད་པ་ཟུར་འགེབས་བཀའ་སྲུང་བསྐུལ་ཡན་འདོན༔ ཧཱུྃ༔ ཐུགས་དམ་ཆེན་པོ་དུས་ལ་ཞེས་སོགས་འཛབ་བསྐུལ་འདོན་ནས་བསྙེན་པ་བྱ་སྟེ༔ དམིགས་པ་ནི་གསང་སྒྲུབ་གཞུང་ལྟར་རོ༔ དེ་ལྟར་གབ་སྤྲོད་པའི་ལས་བྱང་དེ༔ སྔ་དྲོ་ཉིན་ཕྱེད་དགོང་ཀ༔ མཚན་དང་ཐུན་བཞི་ལ་ཚར་རེ༔ ཐ་ན་ཉིན་གཅིག་མཚན་གཅིག་དང་ཚར་གཉིས༔ འབྲིང་སྔ་དྲོ་དགོང་མོ་མཚན་དང་ཐུན་གསུམ་མོ༔ ཚོགས་དང་ཚད་མདོ་ནི་དང་པོ་ནུབ༔ ཚེས་བཅུ་དགུ་གཏོར་དུས༔ གྲོལ་ཁ་དང་དེ་གསུམ་ལ་དགོས་རྒྱུན་དུ་མི་དགོས་སོ༔ ཤ་ཆང་བཟའ་ན་


CMR017_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་རུང་ཚོགས་བྱས་ལ་བཟའི༔ བྱིན་བརླབས་མ་བྱས་པ་མི་རུང་༔ གཞན་ཟས་ལ་བཅད་ཁྲིག་མེད་དོ༔ དུས་དང་རྟགས་དང་གྲངས་ཀྱི་བསྙེན་པ་དང་༔ སྔགས་དང་དམིགས་རིམ་ཐམས་ཅད་གསང་སྒྲུབ་གཞུང་ཁ་གསལ་བས་དེ་ལྟར་བྱས་པས་འཐུས་ལ༔ ནུབ་བམ་དགོང་ཁ་རབ་བཀའ་སྲུང་གསོལ་ཁ་བཤོས་བུ་རྣམས་དཔེའུ་རིས་ལྟར་བཅའ་ལ་གསོ༔ མ་འཛོམས་ན་དམར་གཏོར་གཅིག་གིས་ཀྱང་ཆོག་སྟེ༔ བཀའ་སྲུང་སྤྱི་མཚམས་ལ་གཅིག་བྱས༔ ཕུར་སྲུང་གི་བསྟོད་བསྐུལ་དེ་སྒྲུབ་ཚེ་རྒྱུན་དུ་བྱའོ༔ སྒྲུབ་པ་ཚར་ནས་ཚོགས་དང་བཀའ་སྲུང་གསོལ་ཁ་ཆད་མདོ་བརྟན་སྐྱོང་རྣམས་གཞུང་ལྟར་བྱས་ནས༔ ལས་བྱང་གི་དངོས་གྲུབ་ལེན་ཆོག་དེ་ལན་གསུམ་དབྱངས་དང་བཅས་པས་བྱས་ལ༔ གཏོར་མ་ཕུར་པ་དང་བཅས་པ་རང་གི་གནས་གསུམ་དུ་གཏུག་ཅིང་༔ ཀཱ་ཡ་སིདྡྷི་སོགས་བརྗོད༔ མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཕུར་པ་ལ་བསྟིམ༔ དེ་ཉིད་མིས་མ་རིག་པ་རང་ལ་མི་ཟུག་པའི་ཤུབསལེགས་པར་བྱས༔ རྡོ་རྗེ་གཞོན་ནུ་དངོས་སུ་མོས་པ་བྱས་ལ་མགུལ་དུ་འཆང་༔ གལ་ཆེ་བའི་བསྒྲལ་ལས་ཀྱི་ལིང་གའམ་གནོད་པའི་ཕྱོགས་གདོན་རྒོད་དམ་སེར་བ་ལ་གདེངས་ཤིང་ཚད་ཙམ་བྱ་ཞིང་སྦས་སོ༔ རྗེས་སུ་ཆོས་ཉིད་ཀྱི་བདེན་པའོ༔ ཞེས་པ་མན་ཆད་ལས་བྱང་ལྟར༔ བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ༔ རྗེས་ཀྱང་ཞག་བདུན་སོགས་སྒྲུབ་པ་ཁ་གསོ་ཐོན་ན་ཤིན་ཏུ་ལེགས་སོ༔ དེ་ཡན་ཆད་ནི་སྒྲུབ་པ་ཅི་ལྟ་བ་སྟེ་མཚམས་བྱེད་ནས་སྒྲུབ་པའི་ལུགས། ༈ སྤྲོས་བཅས་བསྡུས་


CMR017_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབ་ཕྲན་ལུགས་སོ༔ ཡང་ཤིན་ཏུ་སྤྲོས་མེད་ལྟར་གསང་སྒྲུབ་འདི་ཉམས་སུ་ལེན་པར་འདོད་ན༔ རྫས་དང་མཆོད་གཏོར་ཕུར་པ་ཅི་ཡང་མི་དགོས་ཏེ༔ རང་ལུས་ཡེ་ནས་ལྷའི་དཀྱིལ་འཁོར༔ བཟའ་བཏུང་ནི་མཆོད་གཏོར་དང་༔ སེམས་ཉིད་ཀྱིས་ཀྱང་གཞོམ་དུ་མེད་པ་རྡོ་རྗེ་དེ་ལ་སྐྱེ་ཤི་དང་བསྒྲེས་རྒུད་མེད་པ་གཞོན་ནུའོ༔ དེའི་དོན་རྟོགས་པས་འཁོར་བ་མྱང་འདས་སུ་སྒྲོལ་བའི་དོན་ནི་རྟོགས་པས་བདག་གྲོལ་བ༔ དེ་དོན་མ་གཏོགས་པའི་སེམས་ཅན་ལ་བཅོས་མིན་གྱི་སྙིང་རྗེ་ཤུགས་ལ་སྐྱེས་ནས་འགྲོ་བའི་དོན་བྱེད་པ་ནི༔ ཐུགས་རྗེའི་གཞན་སྒྲོལ་བ་སྟེ༔ དོན་གྱི་ཕུར་པ་ནི་རང་གི་སེམས་ཉིད་ཡིན་པས་ཤེས་པར་བྱ་སྟེ༔ རྒྱུན་དུ་སྐྱབས་སེམས་གང་རུང་བསྡུས་པ་ཙམ་སྔོན་དུ་སོང་ནས༔ གསང་སྒྲུབ་ཀྱི་མངོན་རྟོགས་གོང་གི་དེ་ལ༔ ལས་བྱང་དང་ཚིགས་བཅད་ཁ་མི་སབ་པར༔ ཚིག་ལྷུག་དེ་ཆག་མེད་བྱ༔ དེ་ནི་བདག་བསྐྱེད་ལྷ་ལྔ་རྐྱང་པ་དེ༔ མདུན་བསྐྱེད་མེད་པའི་ཕྱིར་དམིགས་པ་ནི་བདག་གི་ཐུགས་ཀའི་ཧཱུཾ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུར་དུ་རང་གི་གནས་གསུམ་དུ་བར་མ་ཆད་པར་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་བྱིན་


CMR017_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་བྱོན་སིབ་སིབ་བདག་ལ་ཐིམ༔ གསུངས་པ་འདི་དམིགས་པ་གཉིས་པ་ཡིན་ཏེ༔ གཉའ་དེ་ཡིག་འབྲུའམ་ཕྱག་མཚན་གྱི་རྣམ་པར་ཐི་མ་པ་དང་༔ འོག་དེ་ཕུར་པ་ཁྲོ་བོ་བཅུ་སོགས་ལྷའི་སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཐིམ་པར་བསྒོམ་ཞིང་བཟླས་པ་བརྒྱའམ་སྟོང་སོགས་ཅི་ནུས་བཟླའོ༔ དེ་ནི་ཡེ་ཤེས་གཞུག་པ་དང་བྱིན་འབེབས་ཀྱང་ཡིན་ཏེ་བྱིན་རླབས་ཤིན་ཏུ་ཆེའོ༔ རང་དང་གོ་ཆའི་ལྷ་ཐམས་ཅད་མདོར་ན་ལུས་ཀྱི་རྩ་གནས་ན་ལྷ་ཐབས་ཤེས་ཡབ་ཡུམ་ནི་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་པ་ཐམས་ཅད་ཀཱི་ལ་ཡའི་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་དི་རི་རི་བཟླ་བར་དམིགས་ལ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་དུ་འབྲུ་བཅུ་གསུམ་པ་བཟླ་བར་གསུངས་པ་ནི༔ གོ་ཆའི་ལྷ་ནི་ཁྲོ་བཅུའོ༔ རྩ་གནས་ལྷ་ཐབས་ཤེས་ནི༔ ལུས་སྟོད་སྨད་ཁྲོ་བཅུ་རང་རང་བཞུགས་པའི་གནས་ཐམས་ཅད་ཀྱི་རྩ་བ་སྤུའི་བུ་ག་དང་བཅས་པ་ཁྲོ་བོ་ཡབ་ཡུམ་སྐུ་ཡུངས་འབྲུ་ཙམ་ཏིལ་གྱི་གོང་བུ་ལྟར་གང་ནས་ཀྱང་སྔགས་བཟླ་བ་མོས་པ་ཙམ་གྱིས་ཆོག་གི༔ གཙོ་བོའི་ཐུགས་ཀར་ཧཱུྃ་འགྲེང་ཐབས་ལ་སྔགས་ཕྲེང་ཡིག་འབྲུ་ཐམས་ཅད་ལང་སྟེ་གཡས་སུ་ཀྱི་ལི་ལི་བསྐོར་བ་ལ་རྩེ་གཅིག་ཏུ་དམིགས་ནས་བཟླས་པ་བསྙེན་པ་དངོས་སོ༔ དེ་ལ་བརྒྱའམ་སྟོང་ཅི་ནུས་བཟླ༔ དེ་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་དང་སྔགས་ཕྲེང་བྱུང་༔ བདག་ལྷར་གསལ་བའི་ཞལ་ནས་སྔགས་


CMR017_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲེང་བ་ཡུམ་གྱི་ཞལ་དུ་ཞུགས༔ ཡུམ་གྱི་རྩ་འཁོར་བཞི་ལ་བརྒྱུད་རྩ་གནས་རྣམས་སུ་རིགས་ལྔའི་ཌཱཀྐིའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་མོས་པ་ཙམ་གྱིས་ཆོག༔ དེ་རྣམས་སྔགས་ཀྱི་རང་སྒྲ་བསྒྲོགས་པས་རྒྱུད་བསྐུལ་ཏེ༔ ཡུམ་གྱི་བྷ་ག་ནས་རང་གི་རྡོ་རྗེའི་སྦུབས་སུ་ཞུགས༔ རང་གི་ཡང་རྩ་འཁོར་རྒྱུད་ཐུགས་ཀར་ཐིམ་སླར་ཡང་འཕྲོས་ཡུམ་ཞལ་དུ་ཞུགས་པ་སོགས་མགལ་མེའི་འཁོར་ལོ་ལྟར་ཀྱི་ལི་ལི་འཁོར་བར་བསྒོམ༔ གཞི་སྙིང་གཅིག་དྲིལ་སྔགས་དེ་བརྒྱའམ་སྟོང་སོགས་ཅི་ནུས་བཟླ་བ་སྒྲུབ་པའོ༔ སྔགས་དང་དམིགས་པ་དེ་ཉིད་ལས༔ སྔགས་ཕྲེང་ཁ་དོག་དཀར་པོ་ལ༔ ཡུམ་ཞལ་དུ་བརྒྱུད་སྐབས་འོད་ཟེར་ཟླ་བའི་འོད་ལྟར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རང་དང་བསྲུང་བྱའི་ནད་གདོན་བར་ཆོད་ཐམས་ཅད་མུན་པ་ལ་ཉི་ཟླ་ཤར་བའམ༔ བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཞི་བའི་དམིགས་པ་སྔ་དྲོ་ལ་བྱ༔ སྔགས་ཕྲེང་སེར་པོ་ལས་འོད་ཟེར་གསེར་བཙོ་མའི་མདོག་ལྟར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཡོན་ཏན་རྒྱས་པ་བདག་དང་བསྲུང་བྱའི་ཚེ་དང་དབང་ཐང་རྒྱས་པར་བྱས༔ སྔགས་ཕྲེང་འོད་ཟེར་དམར་པོས་སེམས་ཅན་ཐམས་ཅད་ཀྱི་རང་སེམས་རང་དབང་ཐོབ་པ་དང་༔ ལྷ་འདྲེ་མི་གསུམ་སྣང་སྲིད་བདག་གི་དབང་དུ་བསྡུས༔ སྔགས་ཕྲེང་དང་འོད་ཟེར་ལྗང་ནག་རེག་བྱ་ཤིན་ཏུ་ཚ་བས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་༔ བདག་དང་བསྲུང་བྱའི་བདུད་


CMR017_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དགྲ་བགེགས་ཐམས་ཅད་ཚར་བཅད་དེ༔ འོད་ཟེར་ཚ་བས་གཞོབ་ཐུལ་གྱིས་བསྲེགས་པར་བསྒོམས་ལ་བརྒྱ་རྩ་ཙམ་བཟླ་བ་ལས་སྦྱོར་ཡིན་ནོ༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཡུད་ཙམ་རེ་ལ་ཚང་བའམ༔ རེ་རེ་ལ་ཟླ་རེ་ཙམ་རྒྱུན་བསྙེན་བྱའོ༔ ཞག་བདུན་ཙམ་རེ་ཡང་ཆོག༔ དེ་ལ་མཚམས་དང་མཆོད་གཏོར་མི་དགོས་པར་ཟས་དེ་བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས༔ བདག་བསྐྱེད་མཆོད་པའོ༔ དེ་ལ་ཡང་ཡུན་རིང་ན་སྒྲུབ་གཞུང་གི་རྟགས་རྣམས་འབྱུང་སྟེ༔ རྟགས་རྣམས་བྱུང་ན་བསྙེན་པ་ཐེམ་པར་རྩི་བར་དབང་ཆོག་ནས་གསུངས་སོ༔ འདི་ལ་ཐུན་མཚམས་རྫོགས་རིམ་མཐའ་ནས་དབུས་ཡལ་སྟོང་པ་སོགས་མི་དགོས༔ སྒོམ་མཁན་སེམས་ལ་བལྟ་བས་སྟོང་ཉིད་ལ་ལྟ་བ་དེ་ཟབ༔ ཉམས་ལེན་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བར་ལུས་ལྷར་གསལ་བ་ནམ་མཁའ་སྟོང་པ་ལ་འཇའ་ཚོན་ཤར་བ་ལྟར་ཐམས་ཅད་སྒོམ་ཐུབ་ན་བསྐྱེད་རྫོགས་ཟུང་འཇུག་མཆོག་ཡིན་པས༔ ཐུན་གྱི་ངེས་པ་མེད་པར་སྤྱོད་ལམ་ཐམས་ཅད་དུ་ལུས་རྡོ་རྗེ་གཞོན་ནུའི་གོ་ཆ་ཁྲོ་བཅུ་དང་བཅས་པ་གསལ་ལམ་མེར༔ ངག་ཀཱི་ལ་ཡའི་ཆུ་བོའི་རྒྱུན་ལྟར༔ སེམས་སྟོང་པ་ཉིད་ཀྱི་རྩི་དང་མ་བྲལ་བར་བྱུང་ན་ཕུར་པའི་རྣལ་འབྱོར་པ་ཡིན་ནོ༔ དེ་ལ་བཟླ་བྱའི་སྔགས་ནི༔ ཨོཾ་རིགས་ལྔ་ཁྲག་འཐུང་༔ བཛྲ་རྡོ་རྗེ་གཞོན་ནུས་ཡབ་ཡུབ༔ ཀཱི་ཁྲོ་བོ་བཅུ༔ ལི་ཁྲོ་མོ་བཅུ༔ ཀཱི་ཟ་བྱེད་ཕ་བཅུ༔ ལ་གསོད་བྱེད་མ་བཅུ༔ ཡ་སྲས་མཆོག་ཉེར་གཅིག༔ སརྦ་སུམ་སྤྲུལ་ཁྲོ་ཆུང་༔ བིག་ཤོན་བཞི་དང་སྲོག་བདག༔ ནཱ་ན་རེ་ཏི་བཞི་མཆེད་


CMR017_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བདག་ཉིད༔ ཐཾ་ས་བདག་བཞི་དང་སྐྱེས་བུ་བཞི༔ ཧཱུྃ་གིས་དངོས་གྲུབ་སྡུད༔ ཕཊ་ཀྱིས་དགྲ་བགེགས་དམ་སྲི་སྒྲོལ་བ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་ཁཾ་ཧཱུྃ་ཕཊ༔ འབྲུ་བཅུ་གསུམ་པ་འདི་རྒྱུན་དུ་བཟླའོ༔ སྒྲུབ་པ་དང་ལས་སྦྱོར་གཉིས་ཀ་ལ་གཞི་སྙིང་གཅིག་ཏུ་དྲིལ་བ་ཁྲོ་རྒྱལ་སྟོབས་འདུས་ཀྱི་དྲག་སྔགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན༔ པྲ་མརྟ་ན་ཡེ་སརྦ་བིག་ནཱན་བི་ཧཱུྃ་ཕཊ༔ ཅེས་སྔགས་ཤུབ་བུར་བཟླ་གསུངས་པས་སྐད་ཆེ་དྲག་པ་དང་འབྲུ་མི་གསལ་བ་མ་ཡིན་པར་སིལ་བུར་བཟླའོ༔ སྔགས་དེ་གཉིས་དཔེ་་མང་བསྡུར་ནས་དག་པར་ཡོད་དོ༔ འདི་ལ་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་འདི་སྒྲུབ་སྙམ་པའི་སེམས་བསྐྱེད་བརྟན་པོར་བྱ༔ དངོས་གཞིའི་ཚེ་བསྐྱེད་རྫོགས་ཟུང་འཇུག༔ རྗེས་བསྔོ་བ་སྨོན་ལམ་གོ་མ་ལོག་པར་བྱས་ན་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་ཞིང་༔ ནུས་མཐུ་ལ་བསམ་གྱིས་མི་ཁྱབ་ཀྱང་ཞོར་ལ་འབྱུང་བ་ཤེས་པར་བྱ་སྟེ༔ ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུངས་ལས༔ ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུ༔ ཞེས་དང་༔ ཕུར་པ་མཁན་པོ་བཀྲ་ཤིས༔ ཕུར་པ་མཁན་པོ་དཔལ་ཆེ༔ ཕུར་པ་མཁན་པོ་ཚེ་རིང་༔ ཕུར་པ་


CMR017_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ནོར་ཕྱུག༔ ཕུར་པ་མཁན་པོ་འཁོར་རྒྱས༔ ཕུར་པ་མཁན་པོ་སྲིད་འཕེལ༔ ཕུར་པ་མཁན་པོ་མཐུ་ཆེ༔ ཕུར་པ་མཁན་པོ་མཐའ་བཙན༔ ཕུར་པ་མཁན་པོ་ཡོན་ཏན་བརྒྱད་དང་ལྡན༔ ཞེས་གསུངས་སོ༔ གཞུང་ལས༔ ཐེག་ཆེན་བླ་མེད་སྒྲུབ་པའི་བར་ཆད་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་བསྲུང་བར་འགྱུར་ཏེ༔ ཡི་དམ་གཞན་སྒྲུབ་ཀྱང་རྡོ་རྗེ་གཞོན་ནུས་བསྲུང་བའི་ཚུལ་དུ་སྒྲུབས༔ བྱང་ཆུབ་ནར་མའི་སྒྲུབ་པ་ཞེས་གསུངས་པའི་རྒྱུན་བསྙེན་བྱ་ཚུལ་སྤྲོས་མེད་ལུགས་འདི་ཡིན་ནོ༔ ཞེས་པ་འདི་ནི་མཆོད་གནས་ཀློག་པའི་རྒྱལ་པོ་རིས་ལུས་ལྷ་འདི་ལ་དད་འདུན་ཆེ་བར་འདུག་པས་བསྐུལ་བ་ལ་བརྟེན་ནས༔ ལག་པ་ན་བའི་སྐབས་སུ་ཡོད་ཀྱང་ཕྱི་རབས་ལ་ཕན་པའི་བསམས་པས་རྒྱས་པར་བཀོད་པ་ལ་འཁྲུལ་པའི་ཆ་དང་སྦ་འོས་གསལ་བཀོད་ཀྱི་ཉེས་པ་ཕུར་སྲུང་རྣམས་ལ་བཤགས་ཤིང་༔ ཕྱོགས་འདིར་ཕུར་པའི་བསྟན་པ་ཉེར་དགུའི་སྨག་ལྟར་གྱུར་པ་ལ༔ ཞུན་མར་ཆུང་ངུ་བསྟན་པ་ཙམ་དུ་གྱུར་ནས༔ ཨོ་རྒྱན་རིན་པོ་ཆེའི་དགོངས་པ་རྫོགས་ཤིང་འདི་ཉིད་ཉམས་སུ་བླངས་ན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་གྱུར་ཅིག༔ ཅེས་སྔགས་འཆང་ཕུར་པའི་རྣལ་འབྱོར་པ༔ རཱ་ག་ཨ་སྱས་བྲིས་ཏེ༔ བདུད་འདུལ་རྡོ་རྗེས་ལུང་བྱང་ལས་ཀྱང་ཁོ་བོ་ཕུར་པའི་ཆོས་བདག་ཏུ་ལུང་གིས་ཟིན་ཅིང་ཕུར་པ་བྱས་ན་ལེགས་གསུངས་པའི་རྟེན་འབྲེལ་དུ་ཡང་གྱུར་ཅིག༔ སརྦ་མངྒ་ལཾ།། །།


previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་གསང་སྒྲུབ་ཀྱི་ཟིན་བྲིས་འདོན་སྒོམ་བལྟས་ཆོག་གི་ངག་ཁྲིད་རྒྱས་པར་བཀོད་པ།next