Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་གསང་སྒྲུབ་སྤྲོས་མེད་ཀྱི་ཞལ་གདམས་ངག་ཁྲིད་ཁྱེར་བདེ།
   
   
   
   
   


 
previousརྡོ་རྗེ་ཕུར་པའི་གསང་སྒྲུབ་སྤྲོས་མེད་ཀྱི་ཞལ་གདམས་ངག་ཁྲིད་ཁྱེར་བདེ།next

རྡོ་རྗེ་ཕུར་པའི་གསང་སྒྲུབ་སྤྲོས་མེད་ཀྱི་ཞལ་གདམས་ངག་ཁྲིད་ཁྱེར་བདེ།


CMR017_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་གསང་སྒྲུབ་སྤྲོས་མེད་ཀྱི་ཞལ་གདམས་ངག་ཁྲིད་ཁྱེར་བདེ་བཞུགས་སོ། །


CMR017_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་བཛྲ་ཀུ་མཱ་རཱ་ཡེ། ཕུར་པའི་གསང་སྒྲུབ་སྤྲོས་མེད་ཁྱེར་བདེ་བ་ནི། ཕུགས་གཏོར་དང་མཆོད་གཏོར་གང་འཛོམ་སྤྱི་ལྟར་གཏོར་ཁང་ངམ་གཏོར་སྒམ་སོགས་ལོགས་སུ་བཅའ། དཀྱིལ་འཁོར་ནི་སྟེགས་བུའམ་གཞི་གཙང་མའི་སྟེང་དུ། ནས་ཀྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་དེ་བས་ཆུང་བ་བཞི། དེ་རྒྱབ་དེ་བས་ཆུང་བ་བཅུ། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད། དེའི་དབུས་སུ་བུམ་པར་བུམ་རྫས་བཏབ་པའི་ཆུ་གཙང་གིས་སུམ་གཉིས་བཀང་བ་ཁ་རྒྱན་དང་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམས། དེའི་སྟེང་དུ་མཉྫིའམ་ཁྲིའུ་སྟེང་དུ་ཕུར་པ་ཁྲོ་ཞལ་གསུམ་པ་


CMR017_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོད་ན་རབ། མེད་ན་ལྕགས་སམ་སེང་ལྡེང་ངམ་ཐ་ན་ཚེར་ནག་སོགས་དྲག་པོའི་ཤིང་གང་རུང་ལ་ཁྲོ་ཞལ་མེད་པའི་ཕུར་པ་སོར་བཞི་པས་ཆོག་སྟེ། དེ་ལ་གྲི་ཁྲག་རབ། མེད་ན་ཡང་ཁྲག་གང་རུང་དང་བཙན་དུག་བྱུག །གུ་གུལ་བདུག་ལ་སུམ་བྷ་ནིས་སྔགས་ཀྱིས་བགེགས་བསྐྲད། ཡུངས་ཀར་གྱིས་བྲབ། ཕུར་པའི་སྔགས་ཀྱིས་རབ་གནས་བྱས་ལ་དར་རམ་རས་སྐུད་ནག་པོས་སྐེད་པ་ལ་བརྒྱན་པ་བཞག །སྒྲུབ་རྟེན་དངོས་ཡིན། གལ་ཏེ་བུམ་པ་མེད་ན་ཡང་ཕུར་པ་དེས་ཆོག །དེའི་མདུན་དུ་ཟངས་ལྕགས་སམ་ཐོད་པའམ་མེད་ན་ཤིང་སྡེར་དུ་གཏོར་མ་རིན་ཆེན་


CMR017_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་དབང་གཏོར་འདྲ་བ་དང་། གཡས་སུ་བྷན་བདུད་རྩིས་རིལ་བུ་བཏབ་པ་དང་། གཡོན་དུ་རཀྟ་ལ་རུ་རྩི་བཏབ་པ་བཤམ། དེ་རྒྱབ་ཏིང་ངམ་ཐེབ་ཙེ་ཐོད་ཏིང་གང་རྙེད་ནང་དུ། ཤར་དུ་ཡོན་ཆབ་ཁྲག་ཆུ། ཤར་ལྷོར་ཞབས་བསིལ་ཆུ་ལ་ལྡུམ་བུ་དུན་ཏིང་བཏབ། ལྷོར་མེ་ཏོག་མེད་ན་ནས། ལྷོ་ནུབ་ཏུ་བདུག་སྤོས་མེད་ན་ཚིལ་དུམ། ནུབ་ཏུ་མར་མེ་མེད་ན་རྐང་ཚིལ་བཏབ་པ། ནུབ་བྱང་དུ་དྲི་ཆབ་སྟེ་སྤོས་ཆུའི་ཞག་གམ་ཇ་ཕུད་རུང་། བྱང་དུ་ལྷ་བཤོས་ཟུར་གསུམ། བྱང་ཤར་དུ་ཐོད་པའི་ཌ་མ་རུའམ་རྐང་དུང་ཏིང་ཤག་གང་རྙེད་གཅིག་བཤམས། དེ་རྣམས་སྒྲུབ་པའི་རྫས་ཡིན་པས་སྐབས་རེ་ཁ་གསོ་བ་མ་གཏོགས་མི་བརྗེ། གཏོར་མ་རིན་ཆེན་འབར་བ་ཡང་སྒྲུབ་རྟེན་དང་པོ་བྲན་ནས་གསོ་མི་དགོས་སོ། །འབྲོག་ཡུལ་དུ་ཡང་ཁྱི་དང་བྱི་བས་མི་གནོད་ཕྱིར་ཕྱིང་བ་འདྲའི་གཏོར་ཁང་བྱས་ལ་བཞག །ཕྱེ་མི་དགོས་དེ་རང་གི་མདུན་དུ་བྱང་དང་ངོས་དེ་ཤར་དུ་རྩི། རང་གི་གཡས་ངོས་ནས། གཏོར་སྒམ་མམ་གཏོར་ཁང་བཟོས་པ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཕྱི་རྒྱུད་པ་དང་བཅས་པའི་ཕུགས་གཏོར་དང་ནང་མཆོད་བདུད་རྩི་བཤམས། དེའི་མདུན་དུ་ཉིན་རེ་བཞིན་བརྗེ་


CMR017_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་མཆོད་པ་རྣམ་ལྔ་ཇ་ཕུད་སོགས་དང་། རྒྱུན་དུ་གསོ་རྒྱུའི་མཐེབ་སྐྱུ་མང་པོ་ཐུན་གཏོར། ལྡང་ལྷ་སོགས་ལ་ཟུར་གསུམ་གཏོར་ཆུང་མང་པོ་ལྷ་བཤོས་དང་ཚོགས་ཆུང་། སྔོན་འགྲོ་ལྕོག་རྡོག་མང་པོ་བཅས་ཏེ་གཞོང་པ་སོགས་ནང་དུ་བཀབ་ལ་བཞག་སྟེ་མཆོད་གཡོག་མེད་ན་རང་གི་ལག་པ་བཀྲུ་མི་རུང་བས། མཚམས་མ་གྲོལ་བར་འཁྱོལ་བ་བཅའ་ནས་བཞག་དགོས། དེ་ནས་གནས་ཁང་ཕྱགས་བརྡར་བྱ། གདན་ལེགས་པར་བཏིང་ནས་། དེ་རྗེས་ཕྱགས་མ་མི་རྒྱོབ། གདན་མི་བསྒུལ། གཟུངས་ཆུའམ་ཆུ་གཙང་གིས་ཁྲུས་བྱ། །གནས་དང་གོས་རྣམས་སྤོས་རུམ་བྱ། དེ་ནས་ཆབ་དང་ཁྲུས་མི་རུང་། ཤ་ཚང་བྱུང་ན་ཚོགས་བྱེད་ནས་བཟའ། ཚོགས་མ་བྱས་པའི་ཤ་ཆང་མི་ཟ། མེ་དང་ཉི་མ་མི་འདེ། གཞན་ཟས་ལ་བཅད་ཁྲིག་མི་དགོས་ནམ་འདོད་རུང་ཆབ་བསིལ་དུས་གོས་དང་ཕྲེང་བ་མལ་དུ་བཞག་ལ་གདན་དྲོད་མ་ཡལ་བར་བྱ། ཡོལ་བ་སོགས་བྱས་ལ་མཚམས་གཡོག་སོགས་ལ་ངོ་མི་གཏུག ། མཚམས་མ་གྲོལ་བར་ངག་མི་བཏང་། མཚམས་གཡོག་པས་ཡི་གེ་མི་ཤེས་ན་ངག་གཏམ་ཞེས་ཁ་བཙུམ་ནས་རླངས་པ་མ་ཤོར་བར་ཚིག་སྨྲས་པ་འདྲེས་ནས་གོ་བ་སྟེ། མ་གོ་ཨུ་ཐུག་ན་


CMR017_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ངག་ཟེར་བ་སོ་བསྒྲིགས་ནས་སྨྲས་པ་གོ་ཞིང་ངག་ཕྱེད་མ་བཏང་བར་བརྩི། ལྕེའི་ཤ་ནམ་ཡང་མི་ཟ། ཁ་ལ་མཚོན་གྱི་རྩེ་མི་ཚད། མཆིལ་མ་རྡོག་ལམ་དུ་མི་འཕོ། དམ་ཉམས་མཛེ་ཕོ་ཡུགས་ས་སྡིག་ཅན་གྱི་ཟས་ནོར་འཛེམ། ཟས་ཟ་དགོས་བྱུང་ན། ནང་མཆོད་ཀྱིས་བྲན། བདུད་རྩི་བྱིན་རླབས་ལས་བྱང་ལྟར་བྱས་ལ་ཟ། དུས་ནི་དང་པོ་ཡར་ངོ་སྐུར་སྐྱོན་མེད་པའམ། གཟའ་ཕུར་བུ་དར་བ་འགྲིགས་ན་བཟང་བས་ཐོན་ན་བསངས་བྱས་མ་ཐོན་ཀྱང་རུང་། སྒོ་ཡི་རྩ་ན་ཐོ་དཀར་པོ་གཅིག་བརྩེགས། དེ་ལ་དཀར་གཏོར་འབུལ་ཞིང་གནས་བདག་དེ་ལ་ཡང་ཁ་བསྔོས་བྱས་ལ། ང་ཡི་སྒྲུབ་པ་འདི་མ་ཐོན་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་གཏོང་ཞིག །ནང་གི་དངོས་གྲུབ་ཕྱི་ལ་མ་གཏོང་ཞིག་བརྗོད། དེ་ནས་སྔོན་འགྲོ་དཀར་གཏོར་དང་། བགེགས་གཏོར་གཉིས་ཆེ་ལེ་རེ་རེ་བཏང་། སུམ་བྷ་ནིའི་སྔགས་བརྗོད་ཅིང་སྒྲུབ་ཁང་ཡུངས་ཀར་རྡོ་ཐུན་ནམ་ནས་གཏོར། ཡོད་ན་གུ་གུལ་བདུག །དེ་དུས་མཚམས་གཡོག་ཡོད་ན་དེར་འདུག །ངོ་མི་གཏུག་ཁ་མེད་ན་དེ་དུས་ནས་བཞག །མ་ཕྱིན་པ་རྗེས་ནས་མི་གཏུག་ཁ་མེད་ན་མི་དེའི་མིང་བྲིས་པའི་རྡེལ་བུ་བཏུམ་མམ། རྡོ་ལ་བྲིས་པ་མདུན་དུ་


CMR017_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་དེ་ཡིན་པར་བསྒོམ་པ་མཚམས་རྡེལ་བཞག་ཟེར་བ་དེ་ཡིན། གང་ཡང་སྣ་གཅིག་མེད་པར་བཞག་ཐབས་ནི་མེད། ཡུན་རིང་འདུག་པའི་དམ་བཅའ་ནི་མི་བྱ། །དེ་ནས་ཡུན་ཇེ་བསྲིངས་བྱས་པས་བར་ཆད་མི་འོང་། ལངས་དགོས་བྱུང་ཡང་བར་ཆད་དུ་མི་འགྱུར། དམ་བཅའ་རིང་ན་བར་ཆད་འོང་། དམ་བཅའ་མ་རྫོགས་པར་ལངས་ན་བར་ཆད་ཆེའོ། །ཉིན་དང་པོར་དཀར་གཏོར་གསེར་སྐྱེམས་བཀའ་བསྒོ་བཏང་ནས་རྒྱུན་དུ་མི་དགོས་སོ། །རང་དོན་ཤས་ཆེ་ན་ཉིན་རེ་བཞིན་བཏང་ན་ལེགས། ཐུན་ལ། རབ་ཀྱིས་ཞོགས་པ། ཉིན་ཕྱེད། དགོང་ཀ །མུན་རུབ། ཉལ་ཁ། ཐོ་རངས་དང་ཐུན་དྲུག །འབྲིང་ཞོགས་པ། ཉིང་གུང་། དགོང་ཀ །མཚན་མོ་དང་ཐུན་བཞི། ཡང་ན་སྔ་དྲོ། དགོང་ཀ །མཚན་དང་ཐུན་གསུམ། ཤིན་ཏུ་བསྡུ་ན་སྔ་དྲོ་ནས་ཉིན་ཐུན་གཅིག །མཚན་ཐུན་གཅིག་སྟེ་ཐུན་གཉིས་བས་ཉུང་ཐབས་མེད། ཐུན་ཟེར་བ་ཅི་ཡིན་ན། ལས་བྱང་ཆོ་ག་ཚར་རེ་འདོན་པ་ཡིན་ལ། མང་ཆེད་ཅི་ཡིན་ན། བསྐྱེད་རིམ་མི་གསལ་ན་གསལ་འདེབས་ཤིག་དགོས་ཕྱིར་ཐུན་མང་དགོས། བསྐྱེད་རིམ་བརྟན་ན་ཐུན་ཇེ་ཉུང་ཆོག །དེ་ཡང་རང་ཤེས་


CMR017_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆུང་ན་ལས་བྱུང་ཡོད་ཚུགས་འདོན་ཏེ་བདག་དཀྱིལ་འཁོར་ཚང་མ་བསྐྱེད་པ་དང་། བུམ་པ་གཏོར་མ་རིན་ཆེན་འབར་བ་ནས་ཚོམ་དཀྱིལ་འཁོར་གྱི་རྣམ་པ་དང་གསུམ་ཀ་དབྱེར་མེད་དུ་། མདུན་བསྐྱེད་སྒོམ་པ་དུས་གཅིག་མངོན་རྟོགས་གཅིག་གིས་བྱ། བསྟོད་པ་གཙོ་བོ་མན་ཆད་ནས་སྲས་མཆོག་ཡན་འདོན། དེ་ནས་འཛབ་བསྐུལ་བཏོན་ནས་བསྙེན་པ་བྱ་སྟེ། གསང་སྒྲུབ་ནང་གི་ལུས་ལྷ་ཁྲོ་བཅུ་དང་སྔགས་འཁོར་རྣམས་གསང་སྒྲུབ་ལ་ལྟ་ཞིང་བསྒོམས་ནས་ཐུན་བྱ་ཞིང་བསྙེན་པ་སྟོང་ཕྲག་ལས་མི་ཉུང་བ་ཅི་ཐོན་འདོན། དེ་ནས་ཐུན་མཚམས་སུ་དམར་གཏོར་ཆུང་ངུ་ཞིག་བྲན། དགྲ་བགེགས་སྒྲུབ་པའི་བར་ཆད་རྣམས་བཀུག་གཞུག་གང་འོས་ཤིག་བྱས་ལ། ཤ་ཁྲག་བདུད་རྩིར་བསྒོམས་ནས། བསྟོད་པའི་མཇུག་གི་ཕུར་སྲུང་བསྟོད་བསྐུལ་རྣམས་ཚར་གཅིག་འདོན། དེ་ནས་ཐུན་ཐམས་ཅད་ལ་བྱ། ལྡང་ལྷ་ལ་ཡང་གཏོར་ཆུང་ཉིན་རེ་ལན་རེ་ཕུལ། གཏོར་མ་དེ་རྣམས་ཕྱིར་མི་ཕུལ་བས་ཡར་དཀྱིལ་འཁོར་དྲུང་དུ་ཕུལ་ལ་བཞག་གམ་བསྒྲིགས་ནས་བཞག །དེ་ལྟར་དུས་ཀྱི་བསྙེན་པ་ཞག་བདུན་ལས་ཉུང་ཐབས་མེད། གྲངས་ཀྱི་བསྙེན་པ་འབྲུ་བཅུ་གསུམ་པ་དེ་ཁྲི་ཚོ་སུམ་ཅུ་བས་ཉུང་ཐབས་མེད། རྟགས་


CMR017_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ན་དེ་བས་ཉུང་ཡང་རུང་སྟེ་རྟགས་གསང་སྒྲུབ་གཞུང་དུ་གསལ། དེ་ནས་བསྙེན་པ་ཞག་བདུན་ཡིན་ན་ལས་སྦྱོར་ཞག་གཉིས་ཏེ་ཞག་དགུ་བྱ། གྲངས་ཁྲི་ཚོ་གསུམ་ལས་ཉུང་ཐབས་མེད། དེ་ཡང་རྟགས་བྱུང་ནས་ཉུང་ཡང་རུང་གསུངས་སོ། །དེ་ཡན་སྤྱིར་བསྙེན་པ་ཇི་ལྟར་བྱས་པའི་བཅུ་ཆ་གཅིག་ལས་སྦྱོར་སྔགས་འདོན་པ་ཡིན། དུས་རིང་ཐུང་གྲངས་མང་ཉུང་སོགས་དེ་ཡན་ཅི་མང་དང་ཅི་རིགས་བཟང་ན་གང་འདོད་ཆོག །རང་ཤེས་རབ་ཆེ་ན་ལས་བྱང་ཏིང་འཛིན་རྣམ་གསུམ་ཚར་ནས་བདག་བསྐྱེད་ནི། པྲ་ཁྲིད་ནང་གི་གཞལ་ཡས་ཁང་བསྐྱེད་འདོན། དེ་ནས་གསང་སྒྲུབ་མངོན་རྟོགས་དང་། པྲ་ཁྲིད་གབ་སྤྱད་ལ་ལྷ་བདག་བསྐྱེད་བྱ། ལས་བྱང་གི་གཞལ་ཡང་ཁང་བསྐྱེད་ནས་ལྷ་བསྐྱེད་ཡན་དེ་མདུན་བསྐྱེད་བྱ། སྤྱན་འདྲེན་མཆོད་བསྟོད་གཅིག་གིས་དུས་གཅིག་གོ་ཆོད་བྱ་རྒྱུ་ཡིན་ཀྱང་དེ་འགྲིགས་དཀའ་བས་གོང་གི་དེས་ཆོག །ཅི་ལྟར་བསྒྲིགས་ཚོད་མི་ཟིན་བར་བསྒྲིགས་ན་བཅོས་སླད་བྱས་པར་འགྲོ་བས་བྱིན་རླབས་ཆུང་། རྟགས་མི་གསལ་ལོ། །སྔགས་འཁོར་ལུགས་དང་བསྒོམ་བྱ་གསང་སྒྲུབ་དང་ནང་སྒྲུབ་ཁ་མི་གསལ་བ་རྣམས་རྩ་བའི་སྒྲུབ་པ་ནས་ཚུར་ཁ་སབ་ནས་སྒོམ་


CMR017_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །ཚིག་མི་བསྲེ་ལས་བྱང་དང་གསང་སྒྲུབ་བསྲེ་བ་དེ་དང་འདྲ། པྲ་ཁྲིད་བསྲེ་བ་ཡང་གསང་སྒྲུབ་བྱེད་ཚེ་མ་ཡིན་གྱི། རྒྱུན་དུ་ལས་བྱང་ལ་བཅོས་སླད་མི་རུང་། དེ་ཡང་ཚོགས་དང་ཆད་ཐོ་ནི་དང་པོའི་ནུབ་དང་གྲོལ་ཁ་དང་། ཚེས་བཅུ་དགུ་གཏོར་དུས་བྱ། རྒྱུན་དུ་མི་དགོས་ཚོགས་ནི་ཤ་ཆང་བླངས་དུས་མ་ཡིན་པར་ཡང་རུང་། དེ་ནས་གྲོལ་ཁ་དཀྱིལ་འཁོར་གྱི་གཏོར་ཁང་བཤུས་ནས་ཕུར་པའི་དཀྱིལ་འཁོར་དངོས་སུ་མོས་གུས་དད་པ་དྲག་པོ་བྱས་ལ། ལས་བྱང་ནང་གི་དངོས་གྲུབ་ལེན་ཆོག་དེ་ཚར་གསུམ་གྱེར་མོ་བྱས། ཕུར་པ་བུམ་པ་གཏོར་མ་གསུམ་ཁ་མཉམ་དུ་བཟུང་ལ་གནས་གསུམ་ལྟེ་བ་དང་བཞིར་གཏུགས་ལ། ཀཱ་ཡ་སིདྡྷི་སོགས་སྔགས་ལན་བདུན་རེ་བརྗོད། བྱིན་རླབས་དངོས་གྲུབ་ཐོབ་པའི་ངེས་ཤེས་བྱས་ལ་ཕུར་པ་དེ་ནམ་ཡང་མི་འབྲལ་བར་མགུལ་དུ་འཆང་། བུམ་པ་ཡོད་ན་བུམ་ཆུ་འཐུང་ཁྲུས་བྱ། གཏོར་མ་ཅུང་ཟད་དངོས་གྲུབ་ཏུ་བཟའ་འོ། །བུམ་ཆུ་གཏོར་མ་སོགས་ཕྱི་མི་ལ་མི་སྦྱིན། མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཕུར་པ་དེ་ལ་ཐིམ་པར་བསྒོམ་པ་ཡིན། བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་རང་ལ་བསྟིམས། རང་སྟོང་ཉིད་དུ་གནས་པ་ཕྱག་རྒྱ་སྒོ་བཅད་སྒྲུབ་པ་བླ་


CMR017_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྙིང་མའི་ཁྱད་ཆོས་སོ། །རྗེས་ཐམས་ཅད་ལས་བྱང་ལྟར་ཡིན་ལ། དེ་མ་གོ་བ་རྣམས་རང་ལས་བྱང་གི་ནང་དུ་གོ་བ་གང་བྱུང་ཚད་ཐམས་ཅད་པྲ་ཁྲིད་ལ་ལྟོས་དང་གོ་བ་ལོངས། ཚིག་བསྲེ་རྒྱུ་ནི་མིན་ཡང་གོང་དུ་ཐུན་དྲུག་གམ་བཞི་སོགས་འདོན་ཡང་ལས་བྱུང་མང་བས་བསྙེན་པ་མི་འགྲོ་བ་དང་མ་ཐུབ་ན་ཁོ་བོས་བསྒྲིགས་པའི་གསང་སྒྲུབ་རྒྱུན་ཁྱེར་དེ་བཏོན་པས་ཆོག་ལ། ལས་བྱང་ཉིན་ཚར་མཚན་ཚར་རེ་ནི་གཞུང་བསྲང་བ་ཡིན་པས་གལ་ཆེ། ཐུན་མཚམས་གཏོར་ཆུང་སྤྱི་འབུལ་ཡང་ཁོ་བོས་བྱས་པའི་རྒྱུན་ཁྱེར་མཇུག་གི་དེ་ཡོད་ན་འཐུས་པར་ཡོད། དེ་ཡན་ནི་གསང་སྒྲུབ་ངག་ཁྲིད་བསྡུས་པ་ཐལ་ལོ།། ༈་དེ་ནས་རྒྱུན་གྱི་ཉམས་ལེན་ནི། ཕུགས་གཏོར་ཁྱིམ་དུ་རྒྱུན་དུ་བཞག་ལ་གསོ་བྲན་བྱས། ཕྱོགས་སུ་འགྲོ་ཚེ་ཁྱིམ་པ་ལ་དུས་མ་ཡོལ་བར་གསོ་བྲན་བཅུག །དེ་བྱེད་མི་མེད་ན་ཞག་དུ་ཐོག་གི་གྲངས་གསོ་བྲན་བྱེད་པ་ཕོག་རྒྱགས་ཡིན། འབྲོག་པ་ལ་སྦྲ་ཡི་ཟུར་ཕུག་ཏུ་ཕྱིང་པ་ཉག་ལྟེབ་འདྲ་བ་བཏགས་ནས་དེར་ཉིན་རེ་བཞིན་མར་ཕུད་པུ་ལུ་བྲན་ནས་འདོན་ཆོག །གནས་ངེས་མེད་ཡིན་པས་ཐེབ་ཙེའམ་ཐོད་ཏིང་དུ་རྩམ་པ་མེ་ཤེལ་བྱས་སམ། མར་རམ། ཤའམ། ཐུད་


CMR017_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་མམ། ཐེབ་ཀྱིས་བྲན་ནས་ལས་བྱང་འདོན་ཆོག །ཡེ་ཤེས་པ་ལ་གཏོར་མ་མེད་ཀྱང་ཡིད་ཀྱིས་སྤྲུལ་པ་དང་འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་བློས་བླངས་ཏེ་ཕུལ་ཆོག་ཀྱང་། ཕུར་སྲུང་རྣམས་འཇིག་རྟེན་པའི་གདུག་པ་ཅན་ཤས་ཆེ་བས་གཏོར་མ་དམིགས་རྟེན་ཙམ་མེད་མི་རུང་། ཡེ་ཤེས་པ་རྣམས་ལ་ཚོགས་དང་གཏོར་མ། ཇི་ལྟར་ཆེ་ཞིང་བཟང་བས་བསོད་ནམས་ཆེ་༔ ལོངས་སྤྱོད་ཆེ་བ་ཡིན། མེད་ན་ཅུང་ཟད་ཙམ་ཡང་བསམ་པ་རྣམ་པར་དག་ན། རྒན་མོས་ཨ་ཁྲོད་ཕྱི་རྟིང་ནང་དུ་མར་མེ་ཕུལ་བའི་བསོད་ནམས་རྒྱལ་པོའི་མར་ཁུ་མཚོ་ལྟར་འཁྱིལ་ཡང་མ་དོ་བའི་ལོ་རྒྱུས་ལྟར་ཡིན། དེས་ན་ཤ་མར་ཐུད་ཇ་སོགས་ཉ་ར་རྒྱུ་མང་པོ་དང་ཆེན་པོ་བྱུང་ན་ཚོགས་ལ་བསྔོས་བསོད་ནམས་ཚོགས་རྫོགས་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་ཟབ་བོ། །ཕུར་པའི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཡིན་པས། རབ་ཉིན་ནུབ་གཉིས་ཐ་མ་ཡང་ཞག་རེ་ལ་ལས་བྱང་བསྟོད་པ་ཡིན། བཀའ་སྲུང་བསྟོད་པ་ཡི་ཤུལ་ཚར་རེ་མ་ཆག་པ་གལ་ཆེ། གསང་སྒྲུབ་རྒྱུན་ཁྱེར་འདོད་ན། བདག་གིས་བསྒྲིགས་པའི་གསང་སྒྲུབ་རྒྱུན་ཁྱེར་ནི། རྒྱུན་དུ་འདོན་ཞིང་བདག་བསྐྱེད་ཁོ་ན་ལ་བསྙེན་ནས་འགྲོ་འདུག་སྤྱོད་ལམ་ཀུན་ཏུ་བསྙེན་པ་བྱས་ན་


CMR017_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཟབ་པར་ཡོད་དོ། །གཏོར་ཟློག་གི་ཞལ་གདམས་ཁོ་བོས་བསྒྲིགས་གྲུབ་པས་བལྟས་ཆོག་ཡིན། དེ་ལས་ཞལ་གདམས་གཞན་དགོས་པ་མེད་དོ། ༈ །གཞན་ལ་རྐྱེན་སེལ་བྱེད་ན་ཕུར་པའི་མཚམས་གཅོད་འདོན་ཞིང་ནས་ལྕག་གམ་ཕྲེང་བ་བརྡེག །སྤུ་གྲིའི་སྔགས་བརྗོད། དེ་ནས་ཚོགས་ནང་གི་གཏོར་བསྔོས་བླ་མ་བརྒྱུད་པ་དེ་སོགས་བགྲངས་ནས་སྲུང་སྐྱོབ་གང་ཤེས་བརྗོད་དོ། །ཁྱིམ་དུ་ཐུན་གཏོར་བ་དང་ནད་པའི་བགེགས་བསྐྲད་ལ་ཡང་ཕུར་པའི་མཚམས་གཅོད་དེ་བྱའོ། །མི་ཤི་བའི་མགོ་བརྡུང་ལ་ཕུར་ཟློག་བཅའ་ན་ཧོམ་ཁུང་དུ་ཟ་འདྲེའི་ལིང་ག་བཅུག་པས་ཟབ། གཞན་ལྕགས་འདུལ་སོགས་ནི་ཤེས་མི་དགོས་སོ། །བྱིས་པའི་ཆུང་བརྡུང་ལ་ཡང་དེ་དང་འདྲ། གོད་གཅོད་ལ་ཡང་གོད་འདྲེ་བཀུག་གཞུག་དུས་བརྗོད་ཅིང་དམིགས་པས་གཟིར། སྨོན་པ་འདུལ་བ་སྨྱོ་འདྲེ་གཟིར་ཆུང་བརྡུང་ལ་བུ་ཤི་བའི་ཕ་མ་ལ་སྲོག་རླུང་ཅན་དང་། སྨོན་པ་སོགས་ཁོ་རང་ལ་གཏོར་ཟློག་སྟེང་དུ་བརྫོག་པ་གཏོར་ཁ་བཏོན་པ་གཏོར་ཟློག་ནང་དུ་གསལ་ལྟར་བྱ། ལོ་དུས་སྐུ་རིམ་བདེ་རིམ་ལ་གཏོར་སྐྱོང་ལུགས་སུ་རང་གར་ཕུལ་ན་ལེགས། ལར་ཁྱེད་སྔགས་པ་བྱེད་པ་ལ་དབང་ལུང་ཐོབ་ནས།


CMR017_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྒྱ་ལུང་རྒྱ་གལ་ཆུང་། ནུས་པ་ཐོན་པ་གལ་ཆེ། ནུས་པ་འོང་བ་ལ་ཕྲེང་བ་འགའ་ཟུང་འཇམ་པོར་ཐོན་དགོས། བཀྲ་ཤིས་སྒབ་གྲོ་འདོད་ན་དམ་ཚིག་བསྲུང་དགོས། གདུལ་བྱ་ལོངས་སྤྱོད་ཆེ་འདོད་ན་ཚོགས་གཏོར་ལ་བརྩོན་དགོས། ཕྲིན་ལས་གང་བརྩམ་འགྲུབ་འདོད་ན་ཡི་དམ་གསལ་བར་བསྒོམས་ལ་ང་རྒྱལ་བརྟན་དགོས། བྱིན་རླབས་མྱུར་འདོད་ན་བླ་མ་དང་ཡི་དམ་དབྱེར་མེད་མོས་པ་དང་དད་གུས་བསྐྱེད་དགོས། མཐུ་རྩལ་ནུས་པ་ཤུགས་ལ་འོང་འདོད་ན་ཕུར་སྲུང་ལ་གཏོར་མ་དང་མཆོད་བསྟོད་ལ་བརྩོན་དགོས། རྟགས་མཚན་གསལ་འདོད་ན་ངག་འཁོར་ཡུག་ཏུ་བཅད་ལ་མཚམས་དམ་དགོས། མཆོག་གི་དངོས་གྲུབ་ཐོབ་འདོད་ན་བསྐྱེད་རྫོགས་ཟུང་འཇུག་གི་ལྟ་བ་རྒྱུན་དུ་རྐྱང་དགོས། དེ་ལ་ལྟ་བ་གང་ཞེ་ན། རང་ཟོགི་སེམས་ཉིད་རྡོ་རྗེ་གཞོན་ནུར་རྟོགས་དགོས། དེ་ཇི་ལྟར་ཞེ་ན། སེམས་གཞོམ་ཞིག་བྲལ་བ་རྡོ་རྗེ། བསྒྲེས་རྒུད་མེད་པ་གཞོན་ནུ་ཞེས་གསུངས་པའི་དོན་རྟོགས་དགོས། འོ་ན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཕྱག་རྡོར་རྡོ་རྗེ་གཞོན་ནུ་རྣམས་གཅིག་པར་གསུངས་ན། ང་ནི་ཐ་མལ་སྙམ་པའོ་མ་གཏོགས་པ་ནི། དོན་ལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་དང་


CMR017_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མིན་སྲིད་ཚད་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་རོལ་པ་ལས་གཞན་མ་ཡིན་བར་གོ་དགོས། འོ་ན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཅི་ལ་བྱུང་སྙམ་ན་དེ་ལྟར་མ་གོ་མ་རྟོགས་པས་འཁོར་བར་འཁྱམས་ཏེ། དབུལ་པོའི་སྒྱེད་པུ་གསེར་ཡིན་པས། མ་ཤེས་ནས་ལྟོགས་ཀྱང་མུག་པ་ལྟར་རོ། །དང་པོ་གོ །དེ་ནས་རྟོགས་ན་དེ་འབྲས་བུ་གོ་ཞིང་རྟོགས་ན་སངས་རྒྱས་ཡིན། །ཞེས་གསུངས་པའི་དོན་གོ་བར་མཛོད། ཅེས་སྔགས་ཆུང་པུཎྱ་ཤ་ས་ན་དྷ་རས་བསྐུལ་ནས། ༧ སྔགས་འཆང་རཱ་ག་ཨ་སྱས་གང་དྲན་དུ་བྲིས་པས་གསར་བུ་ཐུགས་རབ་ཆུང་བ་འགའ་ལ་ཕན་པར་གྱུར་ཅིག །རྟ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་ལ་འགྲུབ་བོ།། །།དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་གསང་སྒྲུབ་སྤྲོས་མེད་ཀྱི་ཞལ་གདམས་ངག་ཁྲིད་ཁྱེར་བདེ།next