Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་སྒྲུབ་པ་དང་ཟློག་མདོས་བཅའ་ཐབས་ཀྱི་ཟིན་བྲིས།
   
   
   


 
previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་སྒྲུབ་པ་དང་ཟློག་མདོས་བཅའ་ཐབས་ཀྱི་ཟིན་བྲིས།next

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་སྒྲུབ་པ་དང་ཟློག་མདོས་བཅའ་ཐབས་ཀྱི་ཟིན་བྲིས།


CMR017_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་སྒྲུབ་པ་དང་ཟློག་མདོས་བཅའ་ཐབས་ཀྱི་ཟིན་བྲིས་བཞུགས་སོ།།


CMR017_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདི་ཡི་བཅས་ཀྱི་རིམ་པ་ལ། འགྲུབ་ན་དཀྱིལ་འཁོར་རྡུལ་ཚོན། འབྲིང་རས་བྲིས། ཐ་ན་འབྲུ་ཚོམ་ལྷ་གྲངས་བྱའོ། །དཀྱིལ་འཁོར་དབུས་སུ་སྒྲུབ་རྟེན་དུ་ཕུར་པ་ཁྲོ་ཞལ་ཅན། ཡང་ན་གྲི་ལྕགས་ཀྱི་ཕུར་པ། དེ་ལྟར་མ་གྲུབ་ན་ལྕགས་ཕུར་སོར་བཞི་པ་གྲི་ཁྲག་གིས་བྱུག །ཐ་ནའང་ཤིང་ཕུར་སོར་བཞི་པས་ཆོག །ཞལ་གསུམ་ཡོད་པ་གྲུབ་ན་རབ་སྟེ་མེད་ཀྱང་རྒྱ་མདུད་ཅན་གྱིས་ཆོག །གྲི་ཁྲག་གིས་བྱུགས། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་སྒྲུབ་ཁོག་ལྟར་བྱས་ལ་ཚོམ་བུས་དབུས་སུ་འཛུགས། དེའི་


CMR017_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་མཉྫིའི་སྟེང་དུ་གཏོར་མ་རིན་ཆེན་འབར་བ་དབང་གཏོར་འདྲ་བར་ཙཀ་ལི་བཙུགས། ཙཀ་ལི་མེད་ཀྱང་རུང་། གཡས་སུ་བདུད་རྩི། གཡོན་དུ་རཀྟ། མཐའ་བསྐོར་དུ་ཤར་དུ་མཆོད་ཡོན་ནས་བཟུང་སྟེ་རིམ་བཞིན་བསྐོར་མཆོད་བྱ། དེ་ལྟར་མ་གྲུབ་ཀྱང་མཚམས་འཛིན་མེ་ཏོག་ནས་བཟུང་སྟེ་རྣམ་ལྔའང་བཤམས་ཆོག༔ ༈ རྒྱས་པར་བྱས་ན་ཤར་དུ་བླ་མ། ལྷོར་ཡི་དམ། ནུབ་ཏུ་མཁའ་འགྲོ། བྱང་དུ་ཆོས་སྐྱོང་སྤྱི་དང་། མཚམས་བཞིར་དམ་ཅན་སྤུན་ལྔ་ལྡང་ལྷ་སྙིང་དྲུང་སོགས་བཀའ་སྲུང་བཤོས་བུ་བཤམས། བསྡུ་ན་ཕུགས་གཏོར་གཞུང་མ་དེ་བཅའ་ནས་


CMR017_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྲན་བྱ། དམ་ཅན་སྤྱན་ལྔ་སོགས་བཀའ་སྲུང་སྤྱི་ལ་ཚད་མདོའི་དཀར་གཏོར་དམར་གཏོར་ལ་ཁ་བསྔོས་བྱ་བས་ཆོག །སོ་སོར་བཅའ་མི་དགོས། ༈ གཏོར་མའི་བཅའ་དངོས་ནི༔ རྒྱས་པར་བང་རིམ་གྲུ་བཞི་བརྩེགས་པའི་སྟེང་དུ་གཏོར་མ་སྟོད་ཟུར་ཅན་རིན་ཆེན་འབར་བའི་དབྱིབས་ཅན་པད་འདབ་བཞི་དང་ལྡན་པ། བང་རིམ་སྟེང་དུ་ཁྲོ་བཅུ་ལ་དབྱིབས་གཙོ་བོ་འདྲ་བ་བཅུས་བསྐོར། །མེ་རི་དཀར་རྒྱན་སོགས་མཛེས་པར་བྱའོ། །བསྡུ་ན་གཏོར་མ་རིན་ཆེན་འབར་བ་པད་འདབ་བརྒྱན་པ་བཤམས། ཁྲོ་བཅུ་དང་རི་རབ་བང་རིམ་རྣམས་མི་དགོས་སོ། །ཕུར་པའི་དབལ་མདོས་མདོས་ཐབས་སུ་རྒྱས་པར་བཅའ་ན། ཕུབ་བམ་གཞི་མའི་སྟེང་དུ་རི་རབ་བང་རིམ་བཞི་པ་བྱ། གླིང་བཞི་གླིང་ཕྲན་བརྒྱད་རྣམས་རིམ་པར་བཀོད་། རི་རབ་དབུས་སུ་དཔལ་བཤེས་ཕུར་བུ་གྱེན་དུ་བསླང་བ་འདྲ་བ་ནག་པོ་བཤམས། དེའི་འཁོར་དུ་སྲས་མཆོག་བཞི་ལ་དཔལ་གཏོར་བཞི། དེ་འོག་ཁྲོ་བཅུ་ལ་དམར་གཏོར་བཅུ་བཤམས་ལ་ཕྲ་མེན་མ་དང་ཕུར་སྲུང་རྣམས་བག་ཟན་ལ་གཟུགས་བྱས་བཀོད། དེ་འོག་བང་རིམ་གསུམ་པ་ལ། ཤར་དུ་ཤྭ་ན་མུ་ཁ་ལྕགས་ཀྱི་སྤྱང་མོ་ཞོན་པ་དང་། རེ་མ་ཏི་དྲེལ་རྟ་


CMR017_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གསུམ་ཞོན་པ་བཀོད། ལྷོ་རུ་ཤྭ་ན་མུ་ཁ་འཕར་བ་ལ་ཞོན་པ། རེ་མ་ཏི་སྨན་ཤ་ཡུ་མོ་ཞོན་པ་བཀོད། ནུབ་ཏུ་ཤྭ་ན་མུ་ཁ་ཝ་མོ་ཞོན་པ། རེ་མ་ཛ་ཆུ་གླང་ཞོན་པ་བཀོད་༔ བྱང་དུ་སྲི་ལ་མུ་ཁ་ཁྱི་མོ་ཞོན་པ། རེ་མ་ཛུ་རྔ་མོང་ཞོན་པ་བཀོད། དེ་འོག་བང་རིམ་ལ་ཚ་བའི་མ་མོ་བཅུ་གཉིས་ནི། ཤར་དུ་རྡོ་རྗེ་བསྲེ་བྱིན་འབྲུག་ལ་ཆིབས་པ། བདུད་ཀྱི་བུ་མོ་རྟ་ནག་ཆིབས་པ། མོན་མོ་སྤྲེལ་གྱི་མགོ་ཅན་བཀོད། ལྷོ་རུ་རྡོ་རྗེ་དེ་བྱིན་ཆུ་སྲིན་ཆིབས་པ། གཟའ་ཡི་བུ་མོ་གཟའ་རྟ་ཞོན་པ། མོན་མོ་སྦྲུལ་གྱི་མགོ་ཅན་བཀོད། །ནུབ་ཏུ་རྡོ་རྗེ་བསྲེ་བྱིན་གློག་དམར་ཆིབས་པ། བཙན་གྱི་བུ་མོ་བཙན་རྟ་ཞོན་པ། མོན་མོ་སྦལ་པའི་མགོ་ཅན་བཀོད། བྱང་དུ་རྡོ་རྗེ་ཕག་བྱིན་ཀླུ་རྟ་ཆིབས་པ། ཀླུ་ཡི་བུ་མོ་ཆུ་རྟ་སྔོན་པོ་ཆིབས་པ། མོན་མོ་འུག་པའི་མགོ་ཅན་བཀོད། བང་རིམ་ཐ་མ་ལ། ཤར་དུ་སྲིན་མོ་གསེར་གྱི་གྱི་ལིང་ཆིབས་པ། བསྲེ་ཡི་སྤྲེལ་མོ་ངོས་བཞིར་བཀོད། ལྷོ་རུ་གཤིན་རྗེ་བསྲེ་ཡི་ཁྱུང་ཆེན་༄༅ཞོན་པ། མོན་མོ་ལག་རིང་བཀོད། ནུབ་ཏུ་མ་བདུད་རྒྱལ་མོ་བསྲེ་ཡི་བྱ་གླག་ཆིབས་པ། བསྲེ་ཡི་བྱ་ཁྲ་དང་བཅས་པ་བཀོད། བྱང་དུ་གནོད་སྦྱིན་རྒྱལ་པོ་བསྲེ་གཡག་ཁམ་པ་ཆིབས་


CMR017_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ། བསྲེ་ཡི་སྤྱང་མོ་དང་བཅས་པ་བཀོད། ཟོར་དང་ཐུན་རྫས་ཐམས་ཅད་བཤམས། བ་ལིང་དང་ཤ་ཁྲག་གིས་བརྒྱན། མཐར་རྩང་གྲུ་ཚད་ཀྱིས་བསྐོར། ནམ་མཁའ་ཉི་ཤུ་རྩ་བརྒྱད་ནི། དབུས་ཀྱི་དཔལ་གཏོར་ནག་པོ་ལ། དཔལ་གྱི་ནམ་མཁའ་ནག་པོ་བཙུགས། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བྱ། ཕུར་སྲུང་རེ་ལ་རེ་རེ་བཙུགས་། གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། ངར་གྱི་མི་ཆུང་བཅུ་གསུམ། ཕོ་གླུད་མདའ་བཀྲ། མོ་གླུད་འཕང་བཀྲ། དཔལ་འབར་ཀོང་བུ་དེ་རྣམས་བཅུ་གསུམ་རེ་བྱའོ། །མདོས་ཀྱི་མཐའ་བསྐོར་གཟུགས་རྣམས་ཁ་ཡི་བལྟ་ཕྱོགས། ཟློག་མདོས་ཁ་ཕྱིར་བསྟན། བསྐང་མདོས་ནང་བསྟན། བསད་ན་འཁོར་ལོ་བཅའ་བ་མན་ངག་བཞིན་བྱ། ༈ བསྡུ་ན་ཀ་ཏོ་རའམ་སྣོད་སྡེར་དབུས་སུ་དཔལ་གཏོར་གྲུ་གང་། ཐ་མར་གཏོར་མ་ཉི་ཤུ་རྩ་གཅིག་གིས་བསྐོར། ཤ་ཁྲག་དང་འཕན་བཟང་པོའི་རྒྱུན་པར་བྱའོ།། ༈ གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་བཅས་ནི། འབྲུ་ནག་གི་ཕྱེ་མ་ལ་དཔལ་གཏོར་ཕུར་རྩེ་གྱེན་བསླང་འདྲ་བ་གྲུ་གང་པ། གཏོར་བྲན་བཅུ་དང་བཅུ་དགུའི་བསྐོར། རྩེ་ལ་ཁྱུང་བཙུགས། མ་ཏྲ་སྔོ་


CMR017_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་ཡན་ལག་བསྐུམ་པའི་དཀྱིལ་དུ་ཨེ་མཐིང་ནག་ཟླ་གམ་དམར་པོ་འཁོར་ལོ་རྩིབས་བཅུ་སྔོན་པོ་བྲིས་པའི་སྟེང་དུ་བཞག་གོ །གཏོར་མའི་འོག་ཏུ་དགྲ་བགེགས་ལིངྒ་ཟག་རྫས་བཀོད།། ༈ གཏོར་ཟློག་དང་དབལ་མདོས་གཉིས་སྦྲགས་མར་བྱས་ན་ལྕགས་སྣོད་སོགས་གང་རུང་དུ། འཁོར་ལོ་རྩིབས་བཅུ་ལྟེ་བ་གྲུ་གསུམ་དང་རྩིབས་ནག་པོ། ཟླ་གམ་དམར་པོ་བྱས་ལ་རྡུལ་ཚོན་གྱིས་རི་མོ་བྲི། གྲུ་གསུམ་དབུས་མར་ཧོམ་ཁུང་བྲུས་པར་ཟན་ལིང་ངམ་ཤོག་ལིང་བཅུག །དེ་སྟེང་གཏོར་མ་ཟུར་གསུམ་རབ་གྲུ་གང་ཐ་མ་མཐོ་གང་བས་མ་དམན་པ་རྩེ་ལ་མེ་རི་དང་ཁྱུང་གིས་རྒྱན་པ། དར་གདུགས་མཐིང་ནག་ཕུབ། དེ་ནི་གཙོ་བོ་དང་སྲས་བཞིའོ། །དེ་རྒྱབ་དེ་བས་སུམ་ཆའི་ཆུང་བ་གཏོར་མ་ཟུར་གསུམ་བཅུ་ནི་ཁྲོ་བོ་བཅུ་ཡབ་ཡུམ་ཁྲི་ཐབས་དང་བཅས་པའོ། །དེ་རྣམས་ལ་མར་གྱི་མེ་ལྕེ་རེ་དང་ཤ་ཡིས་བརྒྱན། དེ་རྒྱབ་དེ་བས་ཆུང་བའི་ཟུར་གསུམ་རྩེ་གཅིག་ལ་རྒྱུན་མེད་པར་ཅུང་བདུན་རེའམ་གསུམ་རེ་བཙུགས་པ་ནི་ཕུར་སྲུང་བཅུ་དྲུག་དང་ཕྱོགས་བཞིས་དབང་ཕྱུག་བདུན་རེ་ལ་རེ་རེ་བྱས་པའི་ཉི་ཤུ། མ་མོ་བཅུ་གཉིས་ལ་གཅིག་སྟེ་གཏོར་མ་ཉེར་གཅིག་གོ །དེའི་མཚམས་སུ་མཐེབ་སྐྱུ་


CMR017_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་དུམ་ནི་འཁོར་སྤྲུལ་པ་ཡང་སྤྲུལ་མཆོད་པའོ། །དེ་རྒྱབ་རྩང་མེད་ཀྱང་རུང་། ཡང་ན་རྩང་ཉེར་བརྒྱད་དབང་ཕྱུག་ཉེར་བརྒྱད་དོ། །དེ་རྒྱབ་སྒོ་མ་བཞི་ལ་རྩང་བཞི་བསླང་སྟེ་བཙུགས། བ་སུ་ཏའམ་སྔོ་དམར་སྐུད་པས་དཀྲིས། རང་བདག་བསྐྱེད་ཀྱི་སྙིང་ཁ་བས་མི་མཐོ་བར་མདུན་དུ་དམའ་བར་བཤམས། ཞབས་སུ་གཡང་གཞི་གང་རུང་བཏིང་ཡོད་ན་ཧོམ་ཁུང་དུ་ཤོག་ལིང་བཅུག་པ་ཕུར་པས་གཟིར་ལ་མདོས་འོག་ཏུ་བཞག །མེད་ཀྱང་ཟན་ལིང་བསྒྲལ་བས་འཐུས་སོ།། ༈ ཟོར་རྫས་ནི་མདའ་རྒོད་སྒྲོ་མ། འུག་པའི་སྒྲོ་ཅན། ཁྲ་ཡི་སྒྲོ་ཚེཅན། བྱ་རོག་སྒྲོ་ཅན་སོགས་མདའ་དྲུག་གཞུ་དང་བཅས་པ། ཀོང་ཟོར་གཅིག །ཐོད་ཟོར་གཅིག །ཟོར་ཆེན་རུ་ཏྲའི་སྙིང་ཟོར་དང་བཅས་དགུ་བཅའོ། །རས་སམ་དར་ནག་གིས་ཟོར་རྣམས་བཀབ་ལ་བཞག །ཟོར་གཞུའི་མཆོག་གཉིས་ལ་དར་རམ་རས་བཏགས་སོ།། ༈ ཕུར་སྲུང་གི་བཅས་ལ། ཤྭ་ན་མ་བཞི་ལ་མི་རོ་བཞི། བདག་ཉིད་མ་བཞི་ལ་སྙིང་བཞི། བསྲེ་མོ་བཞི་ལ་ཞག་དང་འོ་མ་མར་ཁུ་ཁྲག་གི་མཚོ་བཞི། གྲི་ཐོགས་གིང་བཞི་ལ་མཁར་ཐབས་སྟེང་དུ་བཤོས་ཟླུམ་དང་། བཙན་བཤོས་གཡོན་དཀྱུས། བདུད་བཤོས་


CMR017_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དཀྱུས། ཟུར་གསུམ་རྩེ་རིང་དང་བཞི་བྱའོ། །དབང་ཕྱུག་ཉེར་བརྒྱད་ལ་སྤང་ཆངས་ཉེར་བརྒྱད་དམ་བདུན་ནམ་བཞི་བྱའོ། །དམ་ཅན་སྤུན་ལྔ་ལ་མཁར་ཐབས་སྟེང་དུ་དམར་གཏོར་ལྔའམ། རྩེ་ལྔ་ར་མགོས་མཚན་པ་བྱ། ལྡང་ལྷ་ལ་བཙན་བཤོས་ཟུར་གསུམ་རྩེ་གསུམ་པའམ། ཡང་ན་མཁར་ཐབས་སྟེང་དུ་བཤོས་ཟླུམ་དཀར། ཟུར་གསུམ་ནག་པོ་དང་དམར་པོ་བྱས་ལ་ཞལ་བྱས། སྙིང་དྲུང་བཙན་པོ་ལ་ཟུར་གསུམ་གཡོན་དཀྱུས། ཡང་ན་མཁར་ཐབས་སྟེང་དུ་ཟུར་གསུམ་གཡོན་དཀྱུས་བྱ། དགེ་བསྙེན་ཉེར་གཅིག་ལ་མཐེབ་སྐྱ་ཉེར་གཅིག་གིས་བསྐོར། ཡང་ན་མཁར་ཐབས་སྟེང་དུ་དམར་གཏོར་ཟུར་གསུམ་ར་མགོ་ཅན་བྱའོ། །དེ་རྣམས་ཐམས་ཅད་ལ་མཆོད་གསོལ་དུས་དར་ཟབ་དར་སྣ་འབྲུ་སྣ་སྨན་སྣ་སྤོས་རིན་ཆེན་ཕྱེ་མ་སོགས་ཀྱིས་བརྒྱན། རྦད་བསད་ཀྱི་དུས་སུ་ཤ་ཁྲག་དགྲ་ལིང་སྙིང་དེང་དམར་གྱིས་བརྒྱན་པར་བྱའོ། །ཆད་ཐོ་ལ་དམར་གཏོར་ལེབ་མོ་གསུམ་བྱའོ། །ཡང་ན་དམར་གཏོར་གཅིག་གིས་ཆོག་གོ །བརྟན་མ་ལ་བཤོས་བུ་སྟོད་ཟུར་གསུམ་པ་མདུན་དུ་རིལ་བུ་བཅུ་གཅིག་བརྩེགས་པར་བྱ། བསྡུ་ན་དམར་གཏོར་གཅིག་གིས་ཆོག །གཞན་ཡང་


CMR017_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ཡོ་བྱད་བཟའ་བཏུང་དང་། གཞི་བདག་ལ་དཀར་གཏོར་སྤྱི་འཚམས། གླུད་གཏོར་བཤོས་བུ་ལ་མར་མེ་ཏིང་ལོ་མཐེབ་སྐྱུ་ཆངས་བུ་བཅས་ཀྱིས་བསྐོར་བ་བྱ། ཕུར་སྲུང་གི་གཏོར་མ་རྣམས་སོ་སོར་མ་གྲུབ་ན་དམར་གཏོར་སྤྱི་འཚམས་བཅས་ཤ་ཁྲག་བ་ལི་ཏ་སྙིང་བཅས་ཀྱིས་བརྒྱན་པ་མཐེབ་ཀྱུའི་བསྐོར་བར་རྒྱུན་དུ་འདོན་ཡང་ཆོག །དེ་ལྟར་མ་གྲུབ་ན་སྤྲོས་བཅས་རྒྱས་པ་སྒྲུབ་ཆེན་ལུགས་དང་། འབྲིང་པོ་སྒྲུབ་ཕྲན་ལུགས་དང་། བསྡུ་ན་སྤྲོས་མེད་ཚིག་ལྷུག་ཁོ་ན་འདོན་ཞིང་ཆོག །ཤིན་ཏུ་སྤྲོས་མེད་ནི། རྫས་དང་མཆོད་གཏོར་ཕུར་པ་ཅི་ཡང་མི་དགོས་རང་ལུས་ལྷ་ཡི་དཀྱིལ་འཁོར། བཟའ་ལྟུང་མཆོད་ཚོགས། སེམས་ཉིད་ཀྱིས་ཀྱང་གཞོམ་དུ་མེད་པའི་རྡོ་རྗེ། དེ་ལ་སྐྱེ་འཆི་བསྒྲེས་རྒུད་མི་མངའ་བ་རྡོ་རྗེ་གཞོན་ནུའོ། །འདི་ཡི་དོན་རྟོགས་པ་ནི། འཁོར་བ་མྱང་འདས་སུ་བསྒྲལ་བ་ནི་རྟོགས་པས་བདག་གྲོལ་ལོ། །དེ་དོན་མ་རྟོགས་པའི་སེམས་ཅན་ལ་བཅོས་མའི་སྙིང་རྗེ་ཤུགས་ལས་སྐྱེས་ནས་འགྲོ་བའི་དོན་བྱེད་པ་ཐུགས་རྗེས་གཞན་བསྒྲལ་བ་སྟེ། དོན་གྱི་ཕུར་པ་ནི་རང་གི་སེམས་ཉིད་ཡིན་པས་ཤེས་པར་བྱས་ལ་སྐྱབས་སེམས་གང་རུང་དང་ཚིག་ལྷུག་གི་མངོན་རྟོགས་གསལ་བའི་ངང་དུ་


CMR017_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཁོར་ཡབ་ཀྱི་ཐུགས་ཀ་ནས་འཁོར་ཞལ་དུ་ཐོན་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་གསང་གནས་ནས་ཡབ་ཀྱི་གསང་བར་ཐིམ་པ་སོགས་དམིགས་ལ། ཨོཾ་རིགས་ལྔ་ཁྲག་འཐུང་། བཛྲ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཀཱི་ཁྲོ་བཅུ། ལི་ཁྲོ་མོ་བཅུ། ཀྭ་ཟ་བྱེད་ཕ་བཅུ། ལ་གསོད་བྱེད་མ་བཅུ། ཡ་སྲས་མཆོག་ཉེར་གཅིག །སརྦ་སུམ་སྤྲུལ་ཁྲོ་ཆུང་། བྷིག་ཤྭ་ན་མ་བཞི་དང་སྲོག་བདག་མ་བཞི། ནཱན་རེ་ཏི་བཞི་དང་བདག་ཉིད། ཐཾ་ས་བདག་བཞི་དང་སྐྱེས་བུ་བཞི། ཧཱུྃ་གིས་དངོས་གྲུབ་སྡུད། ཕཊཀྱིས་དགྲ་བགེགས་དམ་སྲི་བསྒྲལ་བའོ། །འབྲུ་བཅུ་གསུམ་པ་རྒྱུན་དུ་བགྲངས། ལས་སྦྱོར་གྱི་སོ་སོའི་དམིགས་པས་གཞི་སྙིང་གཅིག་དྲིལ་སྔགས་ཀྱང་བཟླ། མཐར་བསྔོ་སྨོན་གང་ཤེས་དམིགས་མེད་ལ་བརྡའ་བ་སོགས་ལ་འབད་པ་བསྐྱེད་རྫོགས་ཟུང་འཇུག་གོ །ཐེག་ཆེན་བླ་མེད་སྒྲུབ་པའི་བར་ཆད་ཐམས་ཅད་རྡོ་རྗེ་གཞོན་ནུས་བསྲུང་བར་འགྱུར་བས་ཡི་དམ་གཞན་སྒྲུབ་ཀྱང་འདི་ཉིད་རྒྱུན་དུ་སྲུང་མའི་ཚུལ་དུ་སྒྲུབ་པ་གལ་ཆེའོ། །མཆོད་གནས་ཀློག་པའི་རྒྱལ་པོ་རིས་ལུའི་བསྐུལ་ངོར་སྔགས་འཆང་༧རཱ་ག་ཨ་སྱས་བྲིས་པ་ཏེ་བསྟན་པ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་


CMR017_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་སྒྲུབ་པ་དང་ཟློག་མདོས་བཅའ་ཐབས་ཀྱི་ཟིན་བྲིས།next