Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་མོའི་ཟིན་བྲིས་རབ་ཏུ་གསལ་བ།
   


 
previousརྡོ་རྗེ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་མོའི་ཟིན་བྲིས་རབ་ཏུ་གསལ་བ།next

རྡོ་རྗེ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་མོའི་ཟིན་བྲིས་རབ་ཏུ་གསལ་བ།


CMR017_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་མོའི་ཟིན་བྲིས་རབ་ཏུ་གསལ་བ་བཞུགས་སོ།།


CMR017_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རྡོ་རྗེ་ཕུར་པའི་ལས་མཐའ་དབལ་མདོས་ཀྱི་ཟློག་པ་ཆེན་པོ་དང་། འབྲིང་པོ་གཏོར་ཟློག་དབལ་མདོས་སྦྲགས་མ་དང་། བསྡུས་པ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་གསུམ་དུ་ཕྱེ་ན་ཡང་། འདིར་དབལ་མདོས་ཀྱི་ཟློག་པ་ཆེན་མོ་བསྟན་ཏེ། ཕུར་པའི་རྒྱུད་ལུང་མན་ངག་ལས། །དུས་འཁྲུག་མཐའ་དམག་བཙའ་སད་སེར། །མི་ཕྱུགས་ནད་དང་ཤི་སྲི་གཅོད། །ནང་རྒྱས་དྲོད་གཏོང་བཟློག་པའི་ཕྱིར། །དབལ་མདོས་ཟློག་པ་ཆེན་པོ་ནི། །མདའ་འཕང་ཤིང་


CMR017_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ནམ་རྒྱང་དང་། །སྐུ་གཟུགས་ཟློག་འཁོར་སྔགས་བྱང་བཅས། །གཞུང་ལྟར་སྟ་གོན་ལེགས་གྲུབ་ནས། །དྲོད་རྟགས་དམ་ཚིག་ལྡན་པ་ཡིས། །གཟའ་སྐར་དྲག་པོའི་ཉི་མ་ལ། །དམར་ནག་དུར་ཁྲོད་རི་བྲག་གམ། །ལྷ་ཀླུ་གཉན་པོ་གནས་པའི་སར། །རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས། །མདོས་དང་གཏོར་ཟློག་ལེགས་པར་བཅའ། །ཞེས་པས། དབལ་མདོས་ཀྱི་ཟིན་ཐོ་དང་། མདོས་འཕྱངས་སོགས། གཏེར་གཞུང་འགའ་དང་། མཛད་ཆོས་ཕལ་ཆེར་ནས་བྱུང་བ་རྣམས་ཀྱི་དོན་བསྡུས་གོ་བསྟུན་ནས་གཞན་དང་ཡང་མི་འགལ་ཞིང་ལག་བླང་ཁྱེར་བདེ་བར་བཀོད་


CMR017_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལྟར་རོ། །དང་པོ་ནི་ཁྱུང་བཅའ་བའམ་བྲིས་སྐུ། ཙཀ་ལི་ཐམས་ཅད་ཤིང་རིས་རྣམས། ཟློག་འཁོར་སྔགས་བྱང་རྣམས། རི་རབ་ཀྱང་རབ་ཤིང་བྲེ་ལྟ་བུ། སྟེང་མ་རྒྱ་ཆེ་བ། དེ་འོག་གཉིས་ཅུང་ཡང་བ། དེ་རྒྱབ་གཉིས་རྒྱུ་ཆུང་བ། རྩག་རྣམས་མཐོ་བ། འཇིམ་པ་ལ་བྱས་ཀྱང་རུང་སྟེ། དེ་ལྟར་གང་བྱེད་ཀྱང་། ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར། མདོས་ཁྲི་སྒོ་ཁྲི་ཁྱེར་བདེ་བ་ཕྱོགས་སོ་སོར་མདའ་ཚད་རེའི་དྲག་ཙམ། འབུལ་དུས་དུད་ཆེ་འབྲིང་གི་སྒོ་ལ་ཐར་བའི་ཚད་བྱས་པ། གཞན་རྩང་རིང་ཐུང་། རྒྱལ་མཚན་བཞི༔ འཕན། མདའ་དར་བརྒྱད། ནམ་མཁའ་ཕྱོགས་མདོག་ཉེར་བརྒྱད་རྩིབས་བརྒྱད་གུར་ནམ། བྲུབ་ཁུང་བཅས་པ་སྔ་ཚེ་ནས་འཛོམ་པར་བྱ་དགོས་སོ།། ༈ ནས་བཅའ་གཞི་གཤམ་བཀོད་ཀྱི་རིམ་པ་ནི། རི་རབ་ཤིང་ཡིན་ན་འབྲུ་ཡིས་བཀང་། ས་ལ་འཆོས་པ་ཡིན་ན་ཐང་ལུད་ཕུབ་མ་སོགས་ཀྱིས་བཀང་། ནང་དུ་གསེར་སྐྱེམས་བརྡར། འབྲུ་སྣ་བཏབ། རི་རབ་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་གཏོར་མ་ཁྲུ་གང་། ཁྱུང་སྐུ་མར་རྒྱན་སོགས་ཀྱིས་བརྒྱན་པ་བྱས། ཕྱོགས་བཞིར་གཏོར་མ་མཐོ་རེ་བ་བཞི་སྲས་བཞི། དེ་རྒྱབ་བཅུ་ནི་


CMR017_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་བཅུ་ཁྲ་ཐབས་དང་བཅས་པའོ། །བང་རིམ་གཉིས་པ་ལ། ཕྲ་མེན་མ་ལ་དམར་གཏོར་འཁྱུད་རེ་ཙམ་པ་བཅུ། བང་རིམ་གསུམ་པ་ཤྭ་ན་བཞི་ལ་མི་རོ་བཞི། བདག་ཉིད་མ་བཞི་ལ་སྙིང་བཞི། བང་རིམ་བཞི་པ་ལ། བསེ་མོ་བཞི་ལ། ཞག །འོ་མ། ཁྲག་དང་། མར་ཆུའི་མཚོ་ཆུང་བཞི། གིང་བཞི་ལ་བཤོས་བུ་མཁར་ཐབས་བཞི། །བང་རིམ་ཐ་མ་ནི་མདོས་གཞིའི་སྟེང་དེར། བསྲེ་ཡི་གིང་བཞི་ལ་བཤོས་བུ་རྩེ་རིང་བཞི། ཤན་པ་བཞི་ལ་དམར་གཏོར་བཞི། དེ་མཐར་དབང་ཕྱུག་མ་ཉེར་བརྒྱད་ལ་ཀོང་ཟོར་ཉེར་བརྒྱད་།་སྡོམ་ཆངས་ཉེར་བརྒྱད། དམ་ཅན་སྤྱན་ལྔ་ལ་མཁར་ཐབ་རྩེ་ལྔ་ར་མགོ་ཅན། མཐར་ངར་མི་བཅུ་གསུམ། མར་མེ་བཅུ་གསུམ། དེ་རྣམས་ཀྱི་བར་དུ་མཐེབ་སྐྱུ་ཤ་དུམ་གྲངས་མེད་བསྐོར།་ལྕགས་རིའི་ནང་དུ་རས་སམ་ཤོག་གུར་བྲིས་པའམ། མེད་ན་འཇིམ་པ་ལ་གླིང་བཞིའི་གཟུགས་བྱ། ༈ དེ་ནས་རི་རབ་བང་རིམ་དང་པོ་ལ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བྱ་རིགས་སྣ་ཚོགས།་དེ་འོག་གཅན་གཟན། རི་དྭགས། དེ་འོག་གཡག་ལུག་ར་གསུམ་སོགས་གཡུང་དྭགས། དེ་འོག་ཆུ་གནས་


CMR017_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བར་བར་དུ་ཕྱག་མཚན་སོགས་སྐོང་འབྲས་ཚང་བར་བཙུགས། ༈ གཙོ་བོ་ལ་ཅུང་ཉེར་གཅིག་ཁྲོ་བཅུ་དང་སྲས་བཞི་ལ་བདུན་རེ། འཁོར་གཏོར་ཆུང་ཐམས་ཅད་དང་ཀོང་ཟོར་ཉེར་བརྒྱད་ལ་རྩང་གསུམ་རེ་བཙུགས། གཙོ་བོ་དང་། ཁྲོ་བཅུ་ལ་ཤིང་རིས་དཔེའུ་རིས་ལྟར་བྲིས་པ་རེ། ཙཀླུ་བཅས། ཟློག་འཁོར་དཔེ་རིས་ལྟར་བྲིས་པ་ལྔ་དབུས་དང་ཕྱོགས་བཞིར་བཙུགས། ནམ་མཁའ་ཉེར་བརྒྱད་སོ་སོར་བཙུགས། མཐར་ཤིང་རིས་ཉི་ཤུ་མདའ་འཕང་། རྒྱང་བུ་རྣམས་རབ་བཅུ་གསུམ། འབྲིང་བརྒྱད་རེ། ཐ་མ་བཞི་རེས་བསྐོར་བཅུ་བློ་གསུམ་སོགས་དང་། བརྒྱད་སོགས། བཞི་སོགས། ཟེར། དེ་རྒྱབ་རྩང་བརྒྱ་རྩའམ། དྲུག་ཅུ་རེ་གཅིག་རྩང་ལྷས་བྱས་ནས་བཙུགས། ཕྱོགས་བཞིར་སྒོ་རྩང་བཞི་ཐད་ཀར་བཙུགས་། ཟུར་བཞིར་བྱ་ནག་བཞི་བཙུགས་པ་མདོས་ཀྱི་བསྙབས་པའི་ལག་བཞི། ཕྱོགས་བཞིར་མེ་ལོང་བཞི་བཏགས་པའམ། ཟུར་བཞིར་མར་མེ་བཞི་བཞག་པ་ནི་མདོས་ཀྱི་ལྟ་བའི་མིག་བཞི། ཟུར་བཞིར་རྒྱལ་མཚན་བཞི། ཕྱོགས་བཞིར་མདའ་དར་བཞི། ནམ་གདུགས་སོགས་དང་། དཔལ་བེ་ཉི་ཟླ་ནོར་བུས་བརྒྱན། མདོས་ཁྲིའི་ཟུར་བཞིར་རྡོ་ཆུང་


CMR017_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བཏེག་པ་མདོས་ཀྱི་འགྲོ་བའི་རྐང་བ་བཞི་ཟེར་རོ། །མདོས་གདན་གོད་ལྤགས་སོགས་གཡང་གཞི་ཆེ་ཆུང་གང་རིགས་བཏིང་བ་དེ་ནི། ཡོན་བདག་ཚང་ན་བཞག་མི་རུང་བ་གཏོར་སྒབ་དྲོ་བའི་གནད་ཟབ་བོ། །ཕུར་སྲུང་གསོལ་ཁ་གཡས་སུ་བཤམ། ཟོར་གཞུང་ལྟར་བཅས་ལ། ཟློག་འཁོར་ཟིན་བྲིས་ནང་ལྟར་སྔགས་བྱང་གིས་ཟོར་མདའ་དྲུག་གཞུ་དང་བཅས་པར་དཀྲིས་ལ། ཟོར་ཁེབས་ཀྱིས་བཀབ་ལ་མདུན་དུ་བཞག །སྣོད་གཞན་གཙང་མི་དགོས་པའི་ནང་དུ། ངར་མི་ཁྲུ་གང་། མར་མེ་གསུམ། ཆངས་བུ། སྦྲང་རམ་སོགས་བླུགས་ལ་བཞག །ཡར་མཆོད་གཞིའི་སྟེང་དུ་ཕུགས་གཏོར་ཆ་ཚང་སྨན་རཀ །མཆོད་པ་སྣ་བདུན། ཚོགས་འབུལ་གཏོར། ༈ མར་མདོས་མདུན་དུ་ཁྲག་གི་ཡོན་ཆབ། དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། རྐང་གི་མར་མེ། དུག་གི་དྲི་ཆབ། གཏོར་མ་ཟུར་གསུམ་ཤས་བརྒྱན་པའི་ཞལ་ཟས། རྐང་གླིང་གི་རོལ་མོ། སྨན་རཀ་སོགས་གཏོར་ཆུང་སུམ་ཅུ། ལིང་ག་བཅུ། བསྒྲལ་ཆས་སོགས་བཤམས་པ་དེས་ནི། དབལ་མདོས་ཀྱི་ཟློག་པ་ཆེན་མོ་ལེགས་པར་འགྲུབ་བོ།། ༈ གཉིས་པ་འདོན་


CMR017_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་ནི། དང་པོ་སྐྱབས་སེམས་དཀར་བགེགས། ཐུགས་སྒྲུབ་དང་། ཡི་དམ་གཙོ་བོ་གང་ཡིན་དེའམ། ཁྱད་པར་གུར་དྲག་རཏཱ་ལུགས་འདི་ནི་ཕུར་པ་ཕྲིན་ལས་སྒྲུབ་པའི་ལྷ་ཡིན་པས། དྲག་པོའི་ལས་བྱང་གཞུང་བསྲང་ལ། བདག་བསྐྱེད་གུར་དྲག་བསྐྱེད་ལ། མདུན་བསྐྱེད་ཕུར་པ་ལྟར་བསྐྱེད་པས་ཆོག་ཀྱང་། ཕུར་པ་རང་གཞུང་བསྲང་བ་གལ་ཆེ་བས། །ཕུར་པའི་ལས་བྱང་བསྟོད་པ་ཡན་འདོན། བསྙེན་པ་ཅི་ནུས་བྱ། གཞན་རང་གི་ཆོས་སྲུང་སོགས་ལྷ་གཞུང་བསྲང་། དེ་ནས་མདུན་བསྐྱེད་གཞུང་བསྲང་དང་། ཚོགས་བཤམས་ལ་ཚོགས་བྱ། སྐོང་བ་མང་ཉུང་གང་ལྕོགས་དང་། མདོས་འཕྱངས་ཕུར་སྲུང་གསོལ་ཁ་འདོན། ༈ དེ་ནས་མདུན་དུ་ལིང་སྣོད་གྲུ་གསུམ་མམ། ཟངས་ལྕགས་སྣོད་དུ། ཟན་ལིང་ཆེ་བ་གཅིག་དང་། ལིང་ཆུང་བཅུ་ཤ་ཁྲག་གིས་སྦགས་པ་ཚོགས་དུམ། གཏོར་ཆུང་ཉེར་གཅིག་བཤམ། མདོས་འོག་གི་བྲུབ་ཁུང་ཡང་ཁ་ཕྱེས་ལ་བཞག །གཙོ་འཁོར་གྱི་ཕུར་པ་ལྷ་གྲངས་སམ། གདབ་ཕུར་རལ་གྲི་ཕོ་རོག་དང་འུག་སྒྲོ་ཚོན་སྐུད་དང་། ཐོ་བ་སོགས་འཁོ་བའི་ཡོ་བྱད་ཐམས་ཅད་བཤམ། ལིང་ག་ཆང་རྒོད་དམ་ཁྲག་གིས་བྲན་ལ། ཨོཾ་བཛྲ་


CMR017_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རཀ་དུ་ཁ་སོགས་ཧོ་བསྐྱེད་དང་། འགུགས་གཞུག་ལན་གསུམ་བྱ། དེ་ནས་འགུགས་ལས། བདག་གི་ཐུགས་ཀ་ནས་ཡི་གེ་ཛཿཧཱུྃ་བཾ་ཧོཿ སྤྲོས་སོགས་འདོན་ཚིག །བསམ་རྒྱུད་དང་འབྲེལ་བས། བབ་བརྒྱད་བསྐུལ་ཏེ་ལིང་ག་ལ་བསྟིམས་ལ། གཏོར་ཆུང་བྲན་ལ་སྐུལ་བྱང་དུག་མདའ་ནག་པོ་ཚར་གཅིག་འདོན། དེ་ནས་ལྷ་དབྱེ་ནས་བཟུང་སྟེ་གཟུགས་ལ་དབབ། བྱད་དུ་བཅུག །སྨྱོ་རུ་གཞུག་པ་སོགས་བྱ། དེ་ནས་གཙོ་བོའི་ཕུར་འདེབས་ནས་བཟུང་སྟེ། གསལ་བ་གསུམ། འཚེངས་བ་གསུམ། གདེང་གསུམ། ཚེ་ཁྲུས་ཀྱི་གནད་ཟབ་དང་ལྡན་པས། སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་པར་གསུང་བའི་དོན་ཁ་ཙམ་མ་ཡིན་པའི་ཚུལ་དང་ལྡན་པའི་ངང་ནས་ཕུར་འདེབས་བསྒྲལ་ལས་གཏུན་རྡུངས་ཞལ་བསྟབ་སོགས་བྱ། ༈ དེ་ནས་མདོས་བདུད་རྩིས་བྲན་ལ། གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་འདོན། ༈ དེ་ནས་མདོས་མཐེབ་སྐྱུ་འབྲུ་སྣ་སོགས་ཀྱིས་གསོ་བྲན་བྱས་ལ། དབལ་མདོས་ཚང་བར་འདོན་ལ། ཟློག་བྱང་གི་ཚིག་མཚམས་རྣམས་སུ་གཏོར་ཆུང་སོ་སོར་འབུལ། དེ་ནས་ཁྱུང་ཟློག་འདོན། ཚོགས་ལ་རོལ། ལྷག་མ་མདོས་ཟུར་ལྕགས་


CMR017_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ནང་དུ་བླུགས་ལ་རྩང་གྱེར་འདོན། ཟློག་སྔགས་བརྒྱའམ་ཉེར་གཅིག་སོགས་ཅི་རིགས་བཟླ་གཏོར་ཆུང་བཤམས་ལ། ཧཱུྃ། ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས། །སོགས་ཟློག་ཐུང་འདོན་ལ་ཐལ་མོ་ལན་གསུམ་བརྡབ་བོ། །དེ་ལྟར་ཞིག་དགུ་བདུན་སོགས་བྱས་ན་གཏོར་སྒྲུབ་ཀྱི་གོ་ཆོད་དེ། སྲུང་ཟློག་གི་རྟགས་མཚན་འོང་བ་གཞུང་གསལ་སྨོས་མ་དགོས་སོ།།་༈ གསུམ་པ་མདོས་འབུལ་བའི་ལས་འགྲིགས་མདོས་སྔ་མོ་ནས་ཚར་གཅིག་འདོན་ཚར་བར་བྱས་ལ། གཞུང་ལྟར་སྒོ་དབྱེ་བྱ་སྒོ་རྩང་བཞི་ཤབ། དེ་ནས་གསེར་སྐྱེམས་དཀར་གཏོར་རང་གཞུང་ངམ་གཞན་སྤྱི་འགྲོས་ལྟར་བྱ། དེ་ནས་མདོས་ཅུང་ཞིག་ཕྱིར་དཔག་ལ། གཏོར་ཆུང་སུམ་ཅུས་བསྐོར་ཞིང་བཤམས་ལ། བསྟོད་པ་ཟུར་འགེབས། །བཀའ་སྲུང་བསྐུལ་ཡན་ལ་རེ་རེ་བཞིན་འབུལ། དེ་ནས་འཕྱངས་ནང་གི། ༈ ཧཱུཾ། བདུད་འདུལ་ཕུར་པའི་ལྷ་ཚོགས་ལ་སོགས་རྫོངས་འདེབས་བྱ། ༈ དེ་ནས། ཧཱུྃ། དེ་རིང་སྲིད་པའི་མདོས་ཆེན་ལ་སོགས། གཡང་ལེན་དང་ཕུར་གཞུང་གི་དངོས་གྲུབ་ལེན་ཆོག་དང་། དེ་ནས་དབང་བསྐུར་འདོན། ༈ དེ་ནས་སྔོན་དུ་ཁྱེར་རྒྱུའི་དཀར་གཏོར། དེ་རྗེས་སུ་ངར་གླུད་བཞག །དེ་རྗེས་མདོས་ཞལ་ཕྱིར་བསྒྱུར་


CMR017_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ༈ ཧཱུྃ། ད་ནི་མདོས་ཀྱི་ཞལ་བསྒྱུར་རོ། །སོགས་དང་། ལམ་སྟོན་དང་། ཤི་ས་བསྟན་པ་འདོན། དེ་ནས་མཁའ་འགྲོ་རྒྱུ་ལྡོག །གཟའ་བིཊྚི། སྒྲ་གཅན་སོགས་ཞིབ་པར་བརྩིས་ལ། གདོང་མ་ཐུག་པར་གོམ་པ་བདུན་ཅུ་བས་མི་ཉེ་བའི་སར་ཁྱེར། སྔོན་དུ་དཀར་བགེགས། དེ་ནས་ཟོར་རྣམས་དང་ཆོས་སྐྱོང་གི་གཏོར་མ་རྣམས། དེ་ནས་མདོས་དང་དར་ནག་ཁྱེར། ཐང་དུ་བཞག་ལ་དཀར་གཏོར་གསེར་སྐྱེམས་འབུལ། བགེགས་གཏོར་འབུལ། དེ་ནས་ལིང་ག་ལ་འགུགས་གཞུག་བྱས་ལ་ཟོར་རྣམས་འཕེན། ཟོར་ལ་ལིང་བསྲེགས་ལ་དམར་གཏོར་ཚོ་ལ་བཏབ། ཆོས་སྐྱོང་གི་གཏོར་འབུལ་ཆད་མདོ་བརྟན་སྐྱོང་རྣམས་རིམ་པར་འབུལ། ༈ དེ་ནས་མདོས་བཀྱག་ལ་ཟློག་ཐུང་དང་། སྤུ་གྲིའི་སྔགས་འདོན་ཞིང་ཕུལ་ལ་དར་ནག་བརྡབ་བོ། །རལ་གྲིའི་སོ་ལ་ཛབྲིས་ནས་རི་བོང་མགོ་དེ་དུམ་བུ་གསུམ་དུ་གཏུབས་པ་སོགས་གཞུང་དུ་གསལ་ལོ། །མདོས་གདན་གཏོར་སྣོད་སྦྱབ་པའི་སྟེང་དུ་དར་ནག་བསྒྲིལ་ལ་བཟུང་རྟ་བྲོ་བརྡུང་། ནང་དུ་ལོག་ལ་གཏང་རིག་ཚོགས་དང་། ཚེ་འགུགས་དང་། རྗེས་ཆོག་སོགས་མཐོང་བ་བརྒྱུད་པ་ལྟར་རོ། །ཞེས་པ་རྡོ་རྗེ་ཕུར་པའི་


CMR017_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དབལ་མདོས་ཀྱི་ཟིན་ཐོ་དང་། མདོས་འཕྱངས་སོགས་ཚན་གསུམ་པོ་འདི་ནི། རིག་སྔགས་འཆང་བ་ཨཱཿ་ཡུའི་མཚན་ཅན་གྱིས་བསྐུལ་ཕྱིར། སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའི་དགེ་བས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རི་བོ་ལྟར་བརྟན་ཅིང་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་མོའི་ཟིན་བྲིས་རབ་ཏུ་གསལ་བ།next