Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
སྒྲོལ་མའི་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousསྒྲོལ་མའི་བསྟོད་པ། next

སྒྲོལ་མའི་བསྟོད་པ།


CMR018_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཏཱ་རེ་ཡེ། བདེ་བ་ཅན་གྱི་ཞིང་ཁམས་དང་། །པོ་ཊ་ལ་ཡི་གནས་མཆོག་ནས། །འཕགས་པའི་སྤྱན་ཆབས་ལས་འཁྲུངས་ཤིང་། །དུས་གསུམ་རྒྱལ་ཚོ་བའི་ཕྲིན་ལས་མ། །ཡིད་བཞིན་འཁོར་ལོས་གཙོར་བྱས་པའི། །སྒྲོལ་མ་ཉི་ཤུ་རྩ་གཅིག་པོ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །ནམ་མཁར་པད་ཟླའི་གདན་ལ་བཞུགས། །ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །འཕགས་མའི་ཚོགས་ལ་མཆོད་པ་འབུལ། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །སྟོན་ཟླའི་མདོག་ཅན་ཞལ་གཅིག་མ། །ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། །ཁྱེད་ལ་ཕྱག་འཚལ་གསོལ་བ་འདེབས། །དམར་མོ་ཞལ་གཅིག་ཕྱག་བརྒྱད་མ། །རྡོར་དྲིལ་སྤྱིར་བསྣམས་མདའ་གཞུ་དང་། །འཁོར་ལོ་རལ་གྲི་དུང་ཞིགས་བསྣམས། །རབ་ཏུ་དཔའ་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །དཀར་སེར་དམར་བའི་ཞལ་གསུམ་མ། །བཅུ་གཉིས་ཕྱག་གི་མཉམ་བཞག་དང་། །ཁ་ཊཾ་འཁོར་ལོ་ནོར་བུ་དང་། །རྡོ་རྗེ་མེ་ཏོག་ཕྲེང་བ་གཡས། །རིལ་བ་ཨུཏྤལ་དྲིལ་བུ་


CMR018_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བུམ་པ་པོ་ཏི་གཡོན་ན་བསྣམས། །དཀར་མོ་ཟླ་མདངས་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མདོག་སེར་པདྨ་ཉི་མའི་སྟེང་། །ཕྱག་བཅུར་ཐུགས་ཀར་ཕྲེང་བ་དང་། །རལ་གྲི་མདའ་དང་རྩེ་ལྔ་དང་། །དབྱུག་གུ་གཡས་ན་བསྣམས་པ་དང་། །དར་དཔྱང་ཞགས་པ་པདྨ་དང་། །དྲིལ་བུ་གཞུ་ནི་གཡོན་ན་བསྣམས། །གསེར་མདོག་ཅན་གྱི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །གསེར་མདོག་ཕྱག་ནི་བཅུ་གཉིས་ཀྱི། །དང་པོ་གཉིས་ནི་མཉམ་བཞག་སྟེ། །ཁ་ཊཱ་འཁོར་ལོ་ནོར་བུ་དང་། །རྡོ་རྗེ་གཡས་ན་བསྣམས་པ་སྟེ། །མེ་ཏོག་ཕྲེང་བ་སྤྱི་བླུགས་དང་། །ཨུཏྤལ་དྲིལ་བུ་བུམ་པ་དང་། །པུ་སྟི་གཡོན་པའི་ཕྱག་ན་བསྣམས། །གཙུག་ཏོར་རྒྱལ་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །གསེར་མདོག་ཞལ་གཅིག་ཕྱག་གཉིས་མ། །སྐྱབས་སྦྱིན་པདྨ་སེར་པོ་འཛིན། །མ་རུངས་འདུལ་ཞིང་ཧཱུཾ་སྒྲ་སྒྲོག ། གསེར་གྱི་མདངས་ལྡན་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ཆུ་སྐྱེས་དམར་དང་ཉི་མའི་སྟེང་། །རཱ་གའི་མདོག་ཅན་ཕྱག་བཞི་མ། །རལ་གྲི་ཞགས་པ་སྡིག་


CMR018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཞགས། །རྣམས་པར་གསལ་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ཁྲོ་མོ་ནག་མོ་ན་བཟའ་སེར། །ཕྱག་བཞི་འཁོར་ལོ་རལ་གྲི་དང་། །ཞགས་པ་སྡིགས་མཛུབ་རིབ་ཏུ་གདེངས། །སྦྲུལ་གྱི་བརྒྱན་ཅིང་འདོར་སྟབས་བསྒྲད། །རྒོལ་བ་འཇོམས་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །པདྨ་དམར་དང་ཆུ་སྲིན་སྟེང་། །གསེར་མདོག་སྐྱིལ་ཀྲུང་ཕྱེད་པས་བཞུགས། །ཁྲོ་མོའི་ཕྱག་ནི་བཞི་པ་ནི། །མྱ་ངན་མེད་པའི་ཡལ་ག་དང་། །རིན་ཆེན་པདྨ་བུམ་པ་འཛིན་། །དབང་མཆོག་སྟེར་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ལྗང་མོ་ཞལ་གཅིག་ཕྱག་གཉིས་མ། །མཆོག་སྦྱིན་སྐྱབས་སྦྱིན་ཨུཏྤལ་བསྣམས། །བརྐྱང་བསྐུམ་རོལ་སྟབས་པད་ཟླར་བཞུགས། །སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །དམར་མོ་ཞལ་གཅིག་ཕྱག་བཞི་མ། །དང་པོ་སྤྱི་བོར་ཐལ་མོ་སྦྱར། །རལ་གྲི་མྱ་ངན་མེད་ཤིང་འོག །རོལ་སྟབས་ཟླ་བ་པད་དམར་སྟེང་། །མྱ་ངན་མེད་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མདོག་


CMR018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཁྲོ་མོ་ཞལ་གཅིག་མ། །ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །པདྨ་ཉི་སྟེང་གཡས་བརྐྱང་འགྱིང་། །འགྲོ་བ་འགུགས་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །གསེར་མདོག་ཞལ་གཅིག་རྡོལ་སྐྱིལ་བཞུགས། །ཕྱག་བརྒྱད་རྩེ་གསུམ་ལྕགས་ཀྱུ་དང་། །རྡོ་རྗེ་རལ་གྲི་གཡས་ན་བསྣམས། །ནོར་བུ་ལྕགས་ཀྱུ་དབྱུག་བུམ་གཡོན། །བཀྲ་ཤིས་སྣང་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མདོག་དམར་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་འཁོར་ལོ་མདའ་གཞུ་བསྣམས་། །ཁྲོ་མོ་མེ་འབར་ཉི་མའི་སྟེང་། །སྨིན་པར་བྱེད་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ནག་མོ་གཡས་བརྐྱང་མི་རོ་མནན། །གཡས་དཀར་གཡོན་དམར་རྒྱུ་མ་གསོལ། །རལ་གྲི་དབྱུག་གུ་ལྕགས་ཀྱུ་གཡས། །ཐོད་པ་ཞགས་པ་ཚངས་པའི་བུ། །གཡོན་བསྣམས་ཁྲོ་མོའི་ཆ་ལུགས་རྫོགས། །ཁྲོ་གཉེར་གཡོ་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ཟླ་མདོག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ཕྱག་ནི་དྲུག་མ་སྟེ། །བགྲང་ཕྲེང་མཆོག་སྦྱིན་དབྱུག་གུ་


CMR018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཡས། །པདྨ་དྲིལ་བུ་ཨུཏྤལ་ཏེ། །པོ་ཏི་འཛིན་ཅིང་པད་ཟླར་བཞུགས། །བདེ་ལེགས་ཞི་བའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མདོག་དམར་ཞལ་གཅིག་སྤྱན་གསུམ་མ། །ཕྱག་གཉིས་ཤིང་འབྲས་སྡིགས་མཛུབ་ཕྱར། །དམར་སེར་པདྨ་ཉི་མའི་གདན། །སེམས་དཔའི་སྐྱིལ་ཀྲུང་བཅས་མཛད་མ། །ཆགས་པ་འཇོམས་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །དམར་གསལ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཉིས་འཇིགས་པའི་ཕྱག་རྒྱ་ཡིས། །ཟླ་བ་ཐུགས་ཀར་རབ་ཏུ་བསྣམས། །བདེ་བ་ཀུན་སྒྲུབ་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །པད་དཀར་ཟླ་བ་ངང་པའི་སྟེང་། །དུང་མདོག་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་སྤྱི་བོར་ལྕགས་ཀྱུ་འཛིན། །མཆོག་སྦྱིན་གཡོན་པས་ཨུཏྤལ་སྟེང་། །པོ་ཏི་འཛིན་ཅིང་རྒྱན་དང་བཅས། །རྣམ་པར་རྒྱལ་བའི་སྒྲོལ་མ་ལ། ། གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །པད་དཀར་ཉི་སྟེང་སེམས་སྐྱིལ་བཞུགས། །མདོག་དཀར་ཕྱག་གཉིས་ཐུགས་ཀ་རུ། །མེ་ཐབ་བསྣམས་པས་སྡུག་བསྔལ་བསྲེགས། །


CMR018_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྲེག་པའི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །ཁྱུ་མཆོག་པདྨ་ཟླ་བའི་སྟེང་། །ཕྱེད་སྐྱིལ་རོལ་སྟབས་སྐུ་མདོག་དཀར། །སྤྱན་གསུམ་སྟག་ཤམ་དུར་ཁྲོད་ཆས། །རྩེ་གསུམ་མེ་ཏོག་ཕྲེང་བ་བསྣམས། །ཡོངས་སུ་རྫོགས་བྱེད་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །གཙོ་བོ་ཡིད་བཞིན་འཁོར་ལོ་དང་། །སྒྲོལ་མ་ཉི་ཤུ་རྩ་གཅིག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །སྤྱིར་དུ་སེམས་ཅན་ཐམས་ཅད་དང་། །ཁྱད་པར་བདག་ཅག་བརྒྱུད་པར་བཅས། །འཁོར་བའི་སྡུག་བསྔལ་ཐམས་ཅད་དང་། །ཁྱད་པར་དུས་ངན་སྙིགས་མ་ཡི། །འཇིགས་པ་བརྒྱུད་དང་བཅུ་དྲུག་ལས། །སྐྱོབ་པར་མཛོད་ཅིག་ཐུགས་རྗེ་ཅན། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས། །ལྷ་མོ་ཁྱོད་ནི་འཁྲུངས་མ་ཐག །གང་དག་འཇིགས་པས་སུས་སྐྲག་པ། །ང་ཡིས་སྐྱོབས་ཞེས་ཞལ་བཞེས་པའི། །ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ད་ནི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་པ་ཞག་བདུན་ལ་སྒྲོལ་དཀར་བསྙེན་དུས་རྨི་ལམ་དུ་མདུན་བསྐྱེད་ནམ་མཁར་སྒྲོལ་མ་དཀར་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་གསལ་བཏབ་ལ། ཡིད་རྩེ་གཅིག་ཏུ་གཏད་ནས་ཞགས་


CMR018_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅིངས་པ་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་ཐར་ཟེར་བའི་སྒྲ་གྲགས་པས་རྟེན་འབྲེལ་བྱས་ནས་བྲིས་སོ། །བླ་མ་དོན་གྲུབ་ཀྱིས་གཏོར་བསྔོས་བྲིས་ཟེར་ནས་ཤོག་དྲིལ་གཏད་པས་ཤོག་ལྷག་བྱུང་བས་ཀརྨ་ཨ་རཱ་གས་བྲིས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousསྒྲོལ་མའི་བསྟོད་པ། next