Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
མདུན་བསྐྱེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདུན་བསྐྱེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན།next

མདུན་བསྐྱེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན།


CMR018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན་ནི། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་ཤུ་ནྱ་ཏ་སོགས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །སོགས་ནས། བདུད་རྩིའི་རྒྱ་མཚོ་པདྨ་ཟླ་བའི་སྟེང་། །ཏཱཾ་ཡིག་ལྗང་གུའི་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །བཅོམ་ལྡན་སྒྲོལ་མ་ལྗང་གུ་འཛུམ་ཞལ་གཅིག །ཕྱག་གཉིས་གཡས་པས་མཆོག་སྦྱིན་གཡོན་པ་ཡི། །མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོ་འཛིན། །བཅུ་དྲུག་ལོན་པའི་ལང་ཚོ་རབ་ཏུ་རྒྱས། །པདྨའི་འདབ་ལྟར་ཡངས་བའི་སྤྱན་དང་ལྡན། །དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་ཤིང་གྲོལ། །རིན་ཆེན་དབུ་རྒྱན་ལོངས་སྤྱོད་ཆོས་ཀུན་རྫོ་གས། །དབང་པོའི་གཞུ་འདྲའི་ལྷ་རྫས་ཤམ་ཐབས་དང་། །དར་གྱི་སྟོད་གཡོགས་ཞབས་གཉིས་གཡས་བརྐྱང་བའི། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ་ཡི། །མཐའ་སྐོར་པད་མའི་འདབ་མ་ཉི་ཤུ་ལ། །ཟླ་བའི་དཀྱིལ་འཁོར་རེ་རེའི་གདན་གྱི་སྟེང་། །མྱུར་ཞིང་དཔའ་དང་ཟླ་མདངས་གསེར་མདོག་ཅན། །གཙུག་ཏོར་རྒྱལ་མ་ཧཱུཾ་སྒྲོག་ཁམས་གསུམ་རྒྱལ། །རྒོལ་


CMR018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་དབང་མཆོག་སྟེར་དང་འཁོར་ལོས་སྒྱུར། །འདོད་སྟེར་མྱ་ངན་སེལ་དང་འགྲོ་བ་འགུགས། །བཀྲ་ཤིས་སྦྱིན་མ་སྨིན་བྱེད་ཁྲོ་གཉེར་ཅན། །ཞི་བ་དགེ་དང་ཆགས་འཇོམས་བདེ་བ་བསྒྲུབས། །རྣལ་འབྱོར་རྒྱལ་མ་སྡུག་བསྔལ་ཐམས་ཅད་བསྲེགས། །དངོས་གྲུབ་འབྱུང་གནས་ཡོངས་སུ་རྫོགས་བྱེད་སོགས། །རང་རང་སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅན་། རྒྱན་དང་ཆ་ལུགས་གཙོ་མོ་དང་མཚུངས་པའི། །སྒྲོལ་མ་ཉེར་གཅིག་བསྐོར་བའི་གནས་གསུམ་དུ། །སོགས་གཞུང་གི་ཚིག་ལ་འཇུག །བསྙེན་དམིགས་ནི། ལྷ་ཚོགས་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སོ་སོའི་སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །འཕགས་པ་རྣམས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས། །འཇིགས་པ་ཀུན་ཞི་ཚེ་དཔལ་ཉམས་རྟོགས་རྒྱས། །ཀུན་ཀྱང་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་གྱུར། །བསྙེན་པ་བཟླས། །


previousམདུན་བསྐྱེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་མོ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན།next