Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།next

སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།


CMR018_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན་བྱ་བའོ། །འདི་ནི་གྲུབ་ཆེན་ཉི་མ་སྦས་པའི་རྒྱ་གཞུང་དང་། མི་ཏྲ་ཛ་ཀིའི་དཀྱིལ་ཆོག་རྒྱ་གཞུང་དེ་རྣམས་ཀྱི་དོན་གཞུང་མཐོང་བས་རབ་གསལ་ཞེས་བྱ་བ་བཞུགས་སོ།།


CMR018_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་ཏཱ་རེ། བཅོམ་ལྡན་འཕགས་པ་འཇིག་རྟེན་དབང་ཕྱུག་གིས། །འགྲོ་དྲུག་སྡུག་བསྔལ་གཟིགས་ལ་ཐུགས་བརྩེ་ནས། །སྤྱན་ཆབ་བསིལ་ལ་མེ་ཏོག་པདྨ་གཉིས། །ཁ་བྱེའི་ནང་ནས་ལྷ་མོ་གཉིས་བྱུང་སྟེ། །འཇིག་རྟེན་དག་ན་འཇིགས་པས་སུ་སྐྲག་པ། །ང་ཡིས་སྐྱབས་ཞེས་གསུང་གི་ཐོག་མར་སྨྲས། །གང་དུ་འཇིགས་པ་བརྒྱད་དང་བཅུ་དྲུག་པོ། །གང་དེར་བྱུང་དེར་ལྷ་མོ་དེར་ཕེབས་ཏེ། །གང་གིས་སྐྱབས་ཞུས་ངེས་པར་སྐྱོབ་པ་ཞེས། །དམ་བཅའ་ཐུགས་དམ་གཡེལ་མེད་ལྷ་མོ་མཆོག །དཀར་དང་ལྗང་བའི་ཁ་དོག་འཛིན་པ་སྟེ། །ངོ་བོ་གཅིག་ལ་སྤྲུལ་པ་ཉི་ཤུ་


CMR018_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །སྒྲོལ་མ་ཉི་ཤུ་རྩ་གཅིག་མཚན་འཆང་བ། །སྙིགས་དུས་བདག་སོགས་འགྲོ་རྣམས་འཇིགས་པས་མནར། །ལྷ་མོ་ཁྱོད་ལ་བདག་གིས་གསོལ་འདེབས་ན། །སྐད་ཅིག་གློག་ལྟར་མྱུར་བས་འདིར་བྱོན་ལ། །མདུན་གྱི་ནམ་མཁའི་པད་ཟླའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་གིས། །ལྷ་མའི་དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །འགྲོ་ཀུན་ཚོགས་གཉིས་རྫོགས་ཕྱིར་བཞེས་སུ་གསོལ། །ཐོག་མེད་དུས་བསགས་སྡིག་ལྟུང་ཉེས་ཀུན་བཤགས། །དུས་གསུམ་དགེ་བསགས་ཀུན་ལ་རྗེས་


CMR018_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་། །ཡང་ཟབ་རྒྱ་ཆེན་ཆོས་འཁོར་རབ་བསྐོར་ཞིང་། །གཟུགས་སྐུ་གཡོ་མེད་བཞུགས་པར་གསོལ་བ་འདེབས། །དུས་གསུམ་དགེ་བ་མཁའ་མཉམ་ཡོངས་ལ་བསྔོ། །མཚམས་སྦྱར་བའོ།། ༈ སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཐུགས་རྗེའི་བདག །སྟོན་ཟླའི་མདོག་ཅན་ཞལ་གཅིག་ཕྱག་བཞི་པ། །ཐལ་སྦྱར་ཕྲེང་བ་པད་དཀར་ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །སྤྲུལ་གཞི་སྤྱན་རས་གཟིགས་ལ་ཕྱལ་འཚལ་ལོ། ༈ །ཚེ་དཔག་མེད་ཀྱི་ཡུམ་མཆོག་གོས་དཀར་མོ། །དཀར་གསལ་ཞི་འཛུམ་སྐུ་ལུས་དྲང་པོར་བསྲང་། །དཔྲལ་བའི་གསུམ་དང་ཕྱག་ཞབས་མཐིལ་དུ་སྤྱན། །གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤལ་དཀར། །རྩེ་མོ་གསུམ་ལྡན་འབྲས་བུ་མེ་ཏོག་ནི། །ཁ་མ་བྱེ་བ་དུས་གསུམ་སངས་རྒྱས་མཚོན། །དར་དང་རིན་ཆེན་རྒྱུན་ལྡན་རྡོར་སྐྱིལ་གྱིས། །ཟླ་བ་པད་གདན་ལ་བཞུགས་ཟླ་བ་ཡི། །རྒྱབ་ཡོལ་མངའ་བའི་ལྷ་མོ་ཚེ་འཕེལ་མ། །ཁྱེད་ཀྱི་སྐུ་གཟུགས་སྟོང་སོགས་བྲིས་པ་ནི། །ཚེ་ཟད་འཆི་བ་བཟློག་པར་ཞལ་གྱིས་བཞེས། །ཁྱོད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དུས་མིན་འཆི་བའི་བར་ཆད་བསལ་དུ་གསོལ། །


CMR018_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་སྔོན་ཞལ་གཅིག་ཕྱག་གཉིས་འཛུམ་པའི་ཞལ། །གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །ཞབས་གཡོན་བསྐུམ་ཞིང་གཡས་པ་ཅུང་ཟད་བརྐྱངས། །རོལ་སྟབས་འགྱིང་བག་པདྨ་ཟླ་བའི་སྟེང་། །དར་དང་རིན་ཆེན་སྣ་ཚོགས་རྒྱན་ལྡན་མ། །འཇིགས་པ་ཀུན་སྐྱོབ་སེང་ལྡེང་ནགས་ཀྱི་ནི། །སྒྲོལ་མ་ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །སྐྱབས་སུ་མཆིའོ་འཇིགས་པ་ཐམས་ཅད་སོལ། ༼༢༽ །རབ་ཏུ་དཔའ་བའི་སྒྲོལ་མ་མཚལ་གྱི་མདོག །ཞལ་གཅིག་ཞི་འཛུམ་ཞབས་གཉིས་རྡོར་སྐྱིལ་བཞུགས། །ཕྱག་བརྒྱད་དང་པོ་རྡོ་དྲིལ་སྤྱི་བོར་བསྣོལ། །དེ་འོག་གཉིས་ཀྱི་མདའ་གཞུ་བཀང་བ་འཛིན། །དེ་འོག་འཁོར་ལོ་ཕྱིར་ཞིང་དུང་ཐུགས་ཀར། །བཞི་པས་རལ་གྲི་འདེབས་ཚུལ་ཞགས་པ་བསྣམས། །དར་དང་རིན་ཆེན་སྣ་ཚོགས་རྒྱུན་ལྡན་ཞིང་། །གསེར་མདོག་པདྨ་དང་ནི་ཟླ་སྟེང་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །འཇིགས་པ་ཀུན་སོལ་དངོས་གྲུབ་རྣམ་གཉིས་སྩོལ། ༼༣༽ །དཀར་མོ་ཟླ་མདོག་སྒྲོལ་མ་སྐུ་མདོག་དཀར། །ཞལ་གསུམ་གཡས་སྔོ་གཡོན་སེར་ཞི་བའི་ཞལ། །ཕྱག་ནི་བཅུ་གཉིས་དང་པོ་མཉམ་བཞག་མཛད། །གཉིས་


CMR018_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ན་ཁ་ཊཾ་སྤྱི་བླུགས་འཛིན། །གསུམ་པ་གཉིས་ན་འཁོར་ལོ་ཨུཏྤལ་ལ། །བཞི་པ་གཉིས་ན་ནོར་བུ་བུམ་པ་སྟེ། །ལྔ་པ་གཉིས་ན་རྡོ་རྗེ་དྲིལ་བུ་འཁྲོལ། །དྲུག་པ་མེ་ཏོག་ཕྲེང་བ་པོ་ཏི་འཛིན། །པད་ཟླའི་སྟེང་ན་སྐྱིལ་ཀྲུང་ཞི་ཆས་རྫོགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །མིག་ནད་ལ་སོགས་འཇིགས་པ་ཐམས་ཅད་སོལ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། ༼༤༽ །གསེར་མདོག་ཅན་གྱི་སྒྲོལ་མ་སྐུ་མདོག་སེར། །ཞལ་གཅིག་ཞི་འཛུམ་ཞི་བའི་རྒྱན་སྐུ་རྫོགས། །རྡོ་རྗེའི་སྐྱིལ་ཀྲུང་སྣ་ཚོགས་པད་ཉིའི་སྟེང་། །ཕྱག་བཅུ་དང་པོའི་གཡས་གཡོན་ཕྱག་གཉིས་ན། །ཕྲེང་བ་དང་ནི་དར་དཔྱངས་ཐུགས་ཀར་འཛིན། །གཉིས་པ་གཉིས་ན་རལ་གྲི་ཞགས་པ་སྟེ། །གསུམ་པ་གཉིས་ན་མདའ་གཞུ་སོ་སོར་འཛིན། །བཞི་པ་གཉིས་ན་རྡོ་རྗེ་དྲིལ་བུ་འཁྲོལ། །ལྔ་པ་གཉིས་ན་དབྱུག་གུ་པདྨ་བསྣམས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །འདོད་དགུ་ཀུན་སྩོལ་འཇིགས་པ་ཐམས་ཅད་སོལ། ༼༥༽ །གཙུག་ཏོར་རྒྱལ་བའི་སྒྲོལ་མ་གསེར་གྱི་མདོག །ཞལ་གཅིག་ཞི་འཛུམ་ཞི་བའི་རྒྱན་ཀུན་རྫོགས། །ཕྱག་གཉིས་སྐྱབས་སྦྱིན་པདྨ་སེར་


CMR018_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྣམས། །ཡང་ན་ཕྱག་བཞི་དང་པོ་གཉིས་ན་ནི། །མཆོག་སྦྱིན་གཡས་རྡོར་དབྱུག་པ་ལྟེ་ཐད་འཛིན། །འོག་གཉིས་བགྲང་ཕྲེང་རིན་ཆེན་བེ་ཅོན་བསྣམས། །ཞབས་གཉིས་ཟླ་བའི་སྟེང་དུ་ཞབས་འོག་གཉིས། །ཅུང་ཟད་བསྣོལ་མ་ཙམ་གྱི་སྐྱིལ་ཀྲུང་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བར་ཆད་ཀུན་སོལ་དངོས་གྲུབ་མྱུར་དུ་སྩོལ། ༦༽ །རྣམ་པར་རྒྱལ་བའི་སྒྲོལ་མ་སྐུ་མདོག་དམར། །ཞལ་གཅིག་ཞི་འཛུམ་དར་དང་རཏྣས་བརྒྱན། །ཕྱག་བཞི་གཡས་གཉིས་རྡོ་རྗེ་རལ་གྲི་ཕྱར། །གཡོན་པ་གཉིས་ན་སྡིགས་མཛུབ་ཞགས་པ་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཉི་མའི་དཀྱིལ་འཁོར་དང་། །པདྨ་དམར་པོའི་གདན་ལ་བཞུགས་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །འཇིགས་པ་ཀུན་ལས་རྒྱལ་ཞིང་དངོས་གྲུབ་སྩོལ། ༼༧༽ །རྒོལ་བ་འཇོམས་པའི་སྒྲོལ་མ་ཁྲོ་མོ་མཐིང་། །དབུ་སྐྲ་གྱེན་བརྫེས་སྦྲུལ་དང་རིན་ཆེན་བརྒྱན། །ཕྱག་ཞབས་གདུབ་བུ་རྣམས་ཀྱང་རིན་པོ་ཆེ། །ཕྱག་བཞི་གཡས་གཉིས་འཁོར་ལོ་རལ་གྲི་ཕྱར། །གཡོན་གྱི་ཞགས་པ་གསང་གནས་ཐད་དུ་འཛིན། །འོག་མ་སྡིགས་མཛུབ་རབ་ཏུ་གདེངས་


CMR018_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྟོད་གཡོགས་དར་དཔྱངས་སེར་ཞིང་སྟག་ཤམ་ཅན། །གཡས་བསྐུམ་གཡོན་བརྐྱང་ཉི་མའི་གདན་ལ་ནི། །པདྨ་སེར་པོའི་སྟེང་ན་འགྱིང་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕ་རོལ་རྒོལ་བ་ཐམས་ཅད་བཟློག་ཏུ་གསོལ། ༼༨༽ །དབང་མཆོག་སྟེར་བའི་སྒྲོལ་མ་གསེར་གྱི་མདོག །ཞལ་གཅིག་ཁྲོ་གཉེར་ལྡན་ཞིང་ཕྱག་བཞི་ཡི། །དང་པོ་མྱ་ངན་མེད་ཤིང་པདྨ་དང་། །འོག་མ་གཉིས་ན་རིན་ཆེན་བུམ་པ་འཛིན། །པདྨ་དམར་དང་ཆུ་སྲིན་གདན་སྟེང་ན། །སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་ཞི་ཆས་རྫོགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །མངའ་ཐང་དབང་ཐང་འཕེལ་བར་མཛད་དུ་གསོལ། ༼༩༽ །མྱ་ངན་མེད་པའི་སྒྲོལ་མ་སྐུ་མདོག་དམར། །ཞལ་གཅིག་ཞི་འཛུམ་དར་དང་རིན་ཆེན་བརྒྱན། །ཕྱག་བཞི་དང་པོས་སྤྱི་བོར་ཐལ་མོ་སྦྱར། །འོག་གཉིས་རལ་གྲི་མྱ་ངན་མེད་པ་འི་ཤིང་། །རོལ་པའི་སྟབས་ཀྱིས་ཟླ་བའི་དཀྱིལ་འཁོར་དང་། །པདྨ་དམར་པོའི་སྟེང་ན་བཞུགས་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །མྱ་ངན་སྡུག་བསྔལ་ཐམས་ཅད་མེད་པར་མཛོད། ༼༡༠༽ །འགྲོ་བ་


CMR018_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པའི་སྒྲོལ་མ་སྐུ་མདོག་ནག །ཕྱག་གཉིས་ལྕགས་ཀྱུ་དང་ནི་ཞགས་པ་བསྣམས། །འགྱིང་བག་ཞབས་གཡས་ཅུང་ཟད་སྐྱོང་མཛད་དེ། །གཡོན་པ་བསྐུམ་པའི་རོལ་པ་ཉི་མ་དང་། །པདྨ་དམར་པོའི་གདན་ལ་བཞུགས་མཛད་དེ། །ཁྲོ་འཛུམ་དར་དང་རིན་ཆེན་ཞི་ཆས་བརྒྱན། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕོངས་པ་ཀུན་སོལ་ནོར་གྱི་དངོས་གྲུབ་སྩོལ། ༼ ༡༡༽ །བཀྲ་ཤིས་སྣང་བའི་སྒྲོལ་མ་སྐུ་མདོག་སེར། །ཞི་འཛུམ་ཞལ་གཅིག་དར་དང་རིན་ཆེན་སྤྲས། །ཕྱག་བརྒྱད་དང་པོ་ཁ་ཊཾ་ནོར་བུ་སྟེ། །གཉིས་པ་གཡས་གཡོན་ལྕགས་ཀྱུ་ཞགས་པ་བསྣམས། །གསུམ་པ་རྡོ་རྗེ་དང་ནི་དབྱུག་པ་སྟེ། །བཞི་པ་གཉིས་ཀྱིས་རལ་གྲི་བུམ་པ་བསྣམས། །ཟླ་ཚེས་དབུ་བརྒྱན་རྡོ་རྗེ་སྐྱིལ་ཀྲུང་གིས། །སྣ་ཚོགས་པདྨ་ཟླ་བའི་གདན་ལ་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བཀྲ་ཤིས་བདེ་ལེགས་ཐམས་ཅད་བསྩལ་དུ་གསོལ། ༼༡༢༽ །སྨིན་བྱེད་སྒྲོལ་མ་དམར་མོ་ཞལ་གཅིག་མ། །ཁྲོ་བོའི་ཞལ་སྟེ་ཕྱག་བཞི་དང་པོ་གཉིས། །རལ་གྲི་འཁོར་ལོ་འོག་གཉིས་མདའ་དང་གཞུ། །བཞེངས་ཏེ་གཡས་བརྐྱང་གཡོན་བསྐུམ་འདོར་ཐབས་


CMR018_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །མེ་དཔུང་ནང་བཞུགས་དར་དང་རིན་ཆེན་བརྒྱན། །པདྨ་དམར་དང་ཉི་མའི་གདན་ལ་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕ་རོལ་དགྲ་ཡི་དཔུང་ཚོགས་བཟློག་ཏུ་གསོལ། ༼༡༣༽ །ཁྲོ་གཉེར་གཡོ་བའི་སྒྲོལ་མ་མཐིང་ནག་འབར། །ཞལ་གསུམ་རབ་ཁྲོས་གཡས་དཀར་གཡོན་དམར་ཞལ། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་དང་ལྡན། །ཕྱག་དྲུག་གཡས་གསུམ་རོལ་གྲི་དབྱུག་ཐོ་ལྕགས་ཀྱུ་དང་། །གཡོན་གསུམ་ཐོད་ཁྲག་ཞགས་པ་ཚངས་པའི་མགོ། །གཡས་བརྐྱང་གཡོན་བསྐུམ་མི་རོའི་གདན་དང་ནི། །པདྨ་དམར་དང་ཉི་མའི་གདན་ལ་འགྱིང་། །ཐོད་ཁྲག་ནང་ནས་མི་རྒྱུ་ཞལ་དུ་འདྲེན། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དགྲ་དང་བགེགས་ཀྱི་གནོད་པ་བཟློག་ཏུ་གསོལ། ༼༡༤༽ །བདེ་ལེགས་ཞི་བའི་སྒྲོལ་མ་དུང་ལྟར་དཀར། །ཞལ་གཅིག་ཞི་འཛུམ་དར་དང་རིན་ཆེན་བརྒྱན། །པད་དཀར་ཟླ་སྟེང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་དྲུག་གཡས་ཀྱི་ཕྲེང་བ་ཐུགས་ཀར་འཛིན། །གཉིས་པ་མཆོག་སྦྱིན་གསུམ་པ་དབྱུག་གུ་འཛིན། །གཡོན་པས་པདྨ་དང་ནི་རིལ་བ་དང་། །ཨུཏྤལ་སྟེང་དུ་པོ་ཏི་ཞགས་པ་འཛིན། །ཁྱེད་ལ་


CMR018_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྡིག་པ་གང་མཆིས་ཐམས་ཅད་དག་པར་མཛོད། ༼༡༥༽ །ཆགས་པ་འཇོམས་པའི་སྒྲོལ་མ་བྱི་རུའི་མདོག །ཞལ་གཅིག་སྤྱན་གསུམ་ཞི་བའི་ཚུལ་ཅན་ལ། །ཕྱག་གཡས་ཁ་ཊཾ་རྩེ་གསུམ་ཐུགས་ཀར་འཛིན། །གཡོན་པས་སྡིགས་མཛུབ་འབྲས་བུས་ངད་ཅན་ཤིང་། །ཕྱར་བའི་སྟབས་འཛིན་དར་དང་རིན་ཆེན་སྤྲས། །སེམས་དཔའི་སྐྱིལ་ཀྲུང་ཉི་མའི་དཀྱིལ་འཁོར་དང་། །པདྨ་དམར་སེར་གདན་ལ་བཞུགས་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །གང་་འདོད་དངོས་གྲུབ་སྩོལ་ལ་དགྲ་རྣམས་བཟློག ༼༡༦༽ །བདེ་བ་བསྒྲུབ་པའི་སྒྲོལ་མ་དམར་སེར་ཏེ། །ཞལ་གཅིག་ཞི་འཛུམ་དར་དང་རིན་ཆེན་སྤྲས། །ཕྱག་གཉིས་ཐུགས་ཀར་མཐེབ་སྲིན་བར་དུ་ནི། །ཟླ་བའི་དཀྱིལ་འཁོར་ཉ་རྒྱས་འཛིན་པར་མཛད། །པད་དཀར་ཉི་མའི་དཀྱིལ་ན་སེམས་སྐྱིལ་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་སྐྱིད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། ༼༡༧༽ །རྣམ་པར་རྒྱལ་མའི་སྒྲོལ་མ་སྐུ་མདོག་དཀར། །ཞལ་གཅིག་ཞི་འཛུམ་དར་དང་རིན་ཆེན་བརྒྱན། །ཕྱག་བཞི་དང་པོ་


CMR018_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་སྤྱི་བོར་ན། །སྒྲོལ་བའི་སྟབས་ཀྱིས་ལྕགས་ཀྱུ་གཅིག་ལ་འཛིན། །འོག་གཉིས་མཆོག་སྦྱིན་ཨུཏྤལ་པོ་ཏི་མཚན། །པད་དཀར་ཟླ་བ་ཆུ་བྱ་ངང་པའི་སྟེང་། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྦྱར་དུག་ལ་སོགས་དུག་རིགས་གནོད་པ་སོལ། ༼༡༨༽ །སྡུག་བསྔལ་སེལ་བའི་སྒྲོལ་མ་སྟོན་ཟླའི་མདོག །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །ཕྱག་གཉིས་ཐུགས་ཀར་མེ་ཐབས་མེ་འབར་འཛིན། །པད་དཀར་ཉི་སྟེང་སེམས་སྐྱིལ་གཡོན་ཅུང་བརྐྱང་། །འགྱིང་བག་སྐུ་ལ་འོད་ཟེར་དཀར་དམར་འཕྲོ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །འགྲོ་བའི་སྡིག་དང་སྡུག་བསྔལ་བསྲེག་པར་མཛོད། ༼༡༩༽ །དངོས་གྲུབ་འབྱུང་བའི་སྒྲོལ་མ་ལི་ཁྲིའི་མདོག །ཞི་འཛུམ་ཞལ་གཅིག་ཞི་བའི་རྒྱུན་ཀུན་ལྡན། །ཕྱག་གཉིས་ཐུགས་ཀར་གསེར་གྱི་བུམ་པ་འཛིན། །པད་དཀར་ཟླ་སྟེང་སེམས་པའི་སྐྱིལ་ཀྲུང་བཞུགས་། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཡིད་ཀྱིས་ཅི་འདོད་དངོས་གྲུབ་ཐམས་ཅད་སྩོལ། ༼༢༠༽ །ཧཱུཾ་སྒྲ་སྒྲོག་པའི་སྒྲོལ་མ་གསེར་གྱི་མདོག །ཞལ་


CMR018_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཞི་ཞལ་དར་དང་ཞི་ཆས་རྫོགས། །ཕྱག་གཡས་སྐྱབས་སྦྱིན་གཡོན་པ་པདྨ་སེར། །པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དགྲ་བགེགས་བར་ཆད་གཡུལ་ལས་རྒྱལ་བར་མཛོད། ༼༢༡༽ །ཡོངས་རྫོགས་སྒྲོལ་མ་དཀར་མོ་ཞལ་གཅིག་པ། །སྤྱན་གསུམ་ཞལ་གདངས་དབུ་སྐྲ་དམར་སེར་འབར། །ཕྱག་གཡས་ཁ་ཊཾ་གཡོན་པས་མེ་ཏོག་འཕྲེང་། །དར་དང་རིན་ཆེན་རྒྱན་ལྡན་སྟག་ཤམ་བཅིངས། །པད་ཟླ་མ་ཧེའི་སྟེང་ན་ཕྱེད་སྐྱིལ་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བསམ་པའི་དོན་ཀུན་གེགས་མེད་མཐར་ཕྱིན་མཛོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མ་ཉེར་གཅིག་སྐུ་ལས་འོད་ཟེར་འཕྲོས། །རང་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསྒོམ། །འདི་ལྟར་སྒྲོལ་མ་ཉི་ཤུ་རྩ་གཅིག་གི །བཀོད་པ་བྲིས་ནས་བར་ཆད་ཀུན་ཞི་ཞིང་། །གང་འདོད་དངོས་གྲུབ་མ་ལུས་འབྱུང་བ་དང་། །ཁྱད་པར་བྱང་ཆུབ་སེམས་དང་ལྡན་པ་ཡི། །སྡེ་ཆེན་བླ་དཔོན་ཀུན་གྱིས་སྐུ་རིམ་ལ། །མཆོག་ཏུ་བསྔགས་ཕྱིར་བྲི་སྲོལ་ཆེ་བ་ལགས། །ནོར་དང་རིགས་རྒྱུད་འདོད་པའི་བུད་མེད་ཀྱིས། །


CMR018_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ན་ཡིད་ལ་འདོད་པ་འབྱུང་བར་བཤད། །གྲུབ་ཆེན་ཉི་མ་སྦས་པའི་རྒྱ་གཞུང་དང་། །མི་ཏྲ་ཛཱ་ཀིའི་དཀྱིལ་ཆོག་རྒྱ་གཞུང་དང་། །སྔར་གྱི་ཞལ་ཐང་གོང་མ་གོ་བསྟུན་ཏེ། །གོ་ཏྟཱ བར་སླ་ཞིང་ངག་འདོན་བྱ་ཆོག་པའི། །སྒྲོལ་མ་ཉེར་གཅིག་བཀོད་པའི་ཡི་གེ་འདི། །བུ་སློབ་དད་པ་ཅན་གྱིས་བསྐུལ་བྱས་པས། །དགེ་སློང་༧རཱ་ག་ཨ་སྱས་བཀོད་པ་ཡིན། །དབུས་སྒྱུ་མའི་གཙུག་ཏུ་རིགས་བདག་འོད་དཔག་མེད། །སྤྲུལ་གཞི་སྤྱན་རས་གཟིགས་དང་སྒྲོལ་དཀར་དང་། །སྦྱིན་བདག་རང་གི་གཟུགས་ཀྱིས་མཆོད་འབུལ་ཚུལ། །ལྷ་གྲངས་ཉི་ཤུ་རྩ་ལྔ་ལེགས་པའོ། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།next