Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།next

མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།


CMR018_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཊཀྐི་སེང་ཧ་མུ་ཁ་ས་དྷ་ན་མ། བོད་སྐད་དུ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་མཁའ་འགྲོ་སེང་གདོང་མའི་བདག་བསྐྱེད་སྲུང་འཁོར་དང་བཅས་པ་སྟེ། ཕྱི་སྒྲུབ་བསྙེན་པའི་ལས་རིམ་བལྟས་ཆོག་བཞུགས་སོ། །དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་སྟེ་རྩ་བའི་མན་ངག་གོ །སེང་གེ་ཁ་འཐབ་ལ་སོགས་གཞན་དུ་ཤེས་སོ། །


CMR018_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཌཀྐི་ཡེ། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །ཡེ་ཤེས་ཌཱཀྐིའི་སྒྲུབ་ཐབས་གསལ་བཀོད་བྱ་། །ཌཱཀྐིའི་ཚོགས་ཀྱིས་བཀའ་གནང་བྱིན་གྱིས་རློབས། །དེ་ལ་རྟེན་གྱི་གང་ཟག་འདི་ཡི་དབང་ཐོབ་ཅིང་། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་ཁྱད་པར་དུ་འདི་ཞུས་པའི་སློབ་དཔོན་ལ་སྐུར་པ་ཅུང་ཟད་ཙམ་མི་གདབ་ཅིང་ཐུགས་དང་མི་འགལ་བ་གལ་ཆེ། སློབ་དཔོན་དང་འགལ་ན། མཁའ་འགྲོའི་བཀའ་ཆད་ཀྱིས་རང་སྲོག་གཅོད་དོ། །དྲེའུ་དང་བོང་བུའི་ཤ་མི་ཟ་བ་དམ་ཚིག་ཡིན་ནོ། །དེ་ནས་གནས་དབེན་པར་མཆོད་པའི་མཎྜལ་བྱས་པའི་སྟེང་དུ། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ། གཏོར་མ་ཟུར་གསུམ་རྩེ་མོ་རྣོ་བ་ཉི་ཤུ་རྩ་གཅིག་གིས། མཐར་


CMR018_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་ཀྱུས་བཅད་ཁ་བཞི་ཡིས་བསྐོར། དཀར་དམར་གྱིས་བརྒྱན་ཅིང་། མཐར་མཆོད་པ་རྣམ་ལྔ་དང་སྨན་རཀ་བཤམས། རང་ཉིད་སྟན་བདེ་བ་ལ་འདུག་ཅིང་། ཌཱ་དྲིལ་མདུན་དུ་བཀོད། དེ་ནས་གནས་བདག་ལ་དཀར་གཏོར་བྱིན་ལ། མ་སྒྲིག་མ་བསྔངས་བར་བདག་གི་གྲོགས་གྱིས་ཤིག །ཅེས་བཀའ་བསྒོའོ། །བགེགས་ལ་གཏོར་མ་བྱིན་ལ། སུ་བྷས་བསྐྲད། དེ་ནས་མཆོད་པ་རྣམས། ཨོཾ་བྷི་ཤྭ་ཌཱ་ཀི་ནི་ཧཱུཾ་ཕཊ། ཅེས་བསངས། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་རྣམས་སུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། བདག་དང་སེམས་


CMR018_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད། ཕ་དྲིན་ཅན་རྩ་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགོད་པར་བྱ། དེའི་ཆེད་དུ་བདག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་མཁའ་འགྲོ་མ་བསྒྲུབ་པར་བྱའོ། །རང་ཐ་མལ་པར་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་གནས་གསུམ་གྱི་དཔའ་བོ་ཌཀིའི་ཚོགས་ཐམས་ཅད་སྤྱན་དྲངས་ཧཱུྃ་ལ་ཐིམ་ཡོངས་སུ་གྱུར་པ་ལས། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རོལ་པའི་སྟབས་ཀྱིས། ཡུམ་རྡོ་


CMR018_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་འཁོད་པ་ལས་བདུད་རྩིའི་རྒྱུན་བབས་རང་གི་ཚངས་བུག་ནས་ཞུགས་ཤིང་ལུས་ཀྱི་ཕྱི་ནང་གཉིས་ཀ་བཀྲུས་པས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བྱང་ཞིང་དག །ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསམས་ལ། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་དག་།གདོས་བཅས་ཤ་ཁྲག་གི་ལུས་འདི་ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་སྐད་ཅིག་གིས་རང་ཉིད་ཏྟཀི་སེང་གདོང་མའི་སྐུར་གྱུར་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འོག་མིན་མཁའ་སྤྱོད་ཀྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛ་ཛཿ གུ་རུ་དྷེ་ཝ་ཌཀྐི་ནཱི་སེང་ཧ་མུ་ཁ་ཨནྡྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་


CMR018_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་།དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་འདུད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་བྷྱོ ཕྱིར་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབསྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྤྲོ་ན་རིགས་ལྔའི་སྡོམ་བཟུང་ཡང་བྱའོ། །ཚོགས་ཞིང་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷ་ཝ༔ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་སྟོང་པ་ཉིད་དུ་


CMR018_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་ཅིག་ཏུ་གྱུར། ཧཱུཾ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་རིམ་པ་ལྟར་འཕྲོས་པ་ལས། །གནམ་ལྕགས་ཀྱི་འཁོར་ལོ་གུར་ཐབས་རྩིབས་སྟོང་རྣོ་བའི་ངར་དང་ལྡན་པ། དེ་ཡི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེ་ཁ་གདེངས་བ་གསོར་ལོ་ལྟར་འཁོར་བ་བར་མཚམས་མེད་པའི་གུར། དེ་ཡི་ཕྱི་རོལ་དུ་ལས་བྱེད་ཀྱི་མཁའ་འགྲོ་མ་སྐུ་མདོག་སྣ་ཚོགས་འཇིགས་སུ་རུང་བ་ཞལ་ཕྱིར་གཟིགས་ནས་ཧཱུྃ་ཕཊ་དང་མཱ་ར་ཡའི་སྒྲ་འབྲུག་ལྟར་སྒྲོག་ཅིང་མཚོན་ཆ་སྣ་ཚོགས་ཐོགས་པས་བར་མཚམས་མེད་པར་གཏམས་པའི་གུར། དེ་ཡི་ཕྱི་རོལ་དུ་རྡོ་རྗེའི་གྲི་གུག་འབར་བ་སོ་འཐབས་པས་དགྲ་བགེགས་ཐམས་ཅད་དམྱལ་དམྱལ་གཏུབ་པར་བྱེད་པའི་གུར་ཁང་། དེ་ཡི་ཕྱི་རོལ་དུ་སྐུ་སྟོད་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྲི་གུག་ཐོད་པ་འཛིན་པ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རྣོ་དབལ་དང་ལྡན་པ་དྲག་པོའི་ཚྭ་ཚྭ་འཁོར་བ། དེ་ལྟ་བུའི་བར་མཚམས་མེད་པས་གཏམས་པའི་གུར་ཁང་། དེ་ཡི་ཕྱི་རོལ་དུ་དགྲ་སྟ་འབར་བ་སོ་འཐབ་པའི་བར་དུ་དགྲ་བགེགས་བྱད་མ་ཐམས་ཅད་རྦད་རྦད་གཅོད་པར་བྱེད་པའི་གུར་ཁང་། དེ་


CMR018_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕྱི་རོལ་དུ་ཁ་ཊཾ་འབར་བ་རྩེ་ཕྱིར་བསྟན་པའི་གུར། དེ་ཡི་ཕྱི་རོལ་དུ་རལ་གྲི་བསམ་ཆོད་འབར་བའི་གུར། དེ་ཡི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་འུ་རུ་རུ་འབར་བ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ལྟར་གུར་ཁང་དགུ་རིམ་གྱི་དབུས་སུ་འཁོར་ལོའི་ལྟེ་བར་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་མེད་པ་རྒྱ་ཆེ་བ་དཔངས་མཐོ་བ་ལྕགས་སྲེག་འབར་བའི་རང་བཞིན་དམར་བ་ལེ་འདུག་པ་ལ། དྲག་པོའི་ཚྭ་ཚྭ་དང་མེ་དཔུང་འཕྲོ་བས་བྱད་མ་གནོད་བྱེད་ཐམས་ཅད་གཞོབ་བུན་བུན་སྲེག་པར་བྱེད་པ། དེ་ཡི་ནང་དུ་གནམ་ལྕགས་ལས་གྲུབ་པའི་བདུད་འདུལ་མཆོད་རྟེན་ཁྲི་འཕང་དགུ་པ་འོད་ཟེར་འཕྲོ་བ། དེ་ཡི་ནང་དུ་གསེར་གྱི་རྡོ་རྗེ་ཡར་རྩེ་ལྷ་གནས་སུ་སླེབ་པ། མར་རྩེ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྟེང་ཟླ་བ་འོག་ཉི་མ་གཉིས་ཁ་སྦྱོར་བའི་གུར་ཁང་། དེ་ཡི་ནང་དུ་འོད་ཟེར་ལྗང་ཁུ་དང་དམར་པོ་དང་སེར་པོ་དང་དཀར་པོ་དང་མཐིང་གའི་གུར་ཁང་ལྔ་རིམ། དེ་ཡི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཕྱི་དཀར་ལ་ནང་


CMR018_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་དགྲ་བགེགས་ཕོ་མོ་བསྣོལ་བ་དང་ཨུ་མ་བསྐྱེལ་བའི་སྙིང་ཁར་རང་གི་རྣམ་པར་ཤེས་པའི་ངོ་བོ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་བབ་ཅིང་། དེ་ལས་འོད་ཟེར་དམར་ནག་འཕྲོས། དགྲ་བགེགས་བྱད་མ་སྡེ་དཔུང་བཅས་པ་བསྒྲལ་ནས་རྒྱལ་བའི་ཡུམ་གྱི་གོ་འཕང་ལ་བཀོད། མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱི་མཐུ་སྟོབས་བསྡུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་མི་བཟད་པའི་འོད་ཟེར་འཕྲོ་བ། སེང་གེའི་ཞལ་ཟླ་བ་ལྟར་དཀར་བ་གཡས་སུ་ཕྱོགས་པ་ལ་གཡུ་རལ་སྤྲིན་ལྟར་གཏིབས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་མེ་སྟག་ཕུང་པོ་ལྟར་བསྒྲུད་ཅིང་སྡང་མིག་ཏུ་གཟིགས་པས་དགྲ་བགེགས་ཀྱི་ཚོགས་སྐྲག་པར་བྱེད་པ། ཟླ་ཚེས་ལྟར་མཆེ་བ་གཙིགས་ཤིང་ལྗགས་གློག་ལྟར་འཁྱུག་པ། ཞལ་ནས་དུག་གི་ཁ་རླངས་འཕྱུར་ཞིང་སེང་གེའི་ང་རོས་སྲིད་པ་གསུམ་གཡོ་བར་བྱེད་པ་ཕྱག་གཡས་རྡོ་


CMR018_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་བའི་འོད་ཀྱིས་འཇིག་རྟེན་གསལ་ཞིང་། གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པས་བྷ་ག་མནན་ཞིང་། གཡོན་བརྐྱངས་བས་ཨུ་མའི་སྙིང་ཁར་མནན་པ། གྲུ་མོ་གཡོན་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊཾ་ག་གྱེན་དུ་བསྒྲེངས་པ་ལ་ཌ་མ་རུ་དང་དར་སྣ་ལྔ་ཡི་ཅོད་པན་དང་གཡེར་ཁ་འཆང་བ། རིན་པོ་ཆེའི་རྩེ་བྲན་དང་བཅས་པའི་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། རྒྱུ་མས་སྦྲེལ་ཞིང་ཁྲག་འཛག་པའི་ཐོད་རློན་ལྔ་བཅུའི་ཕྱེ་རལ་ཁར་འཕྱང་བ། སྦྲུལ་དང་རིན་པོ་ཆེའི་གདུ་བུ་དང་། དོ་ཤལ་དང་། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། རྡོ་རྗེའི་གོ་ཁྲབ་དང་། ཞིང་ལྤགས་དང་། གླང་ཀོའི་སྟེང་ན་དར་ནག་གི་གོ་ཟུ་གསོལ་ཞིང་སྟག་གི་པགས་པ་རློན་པས་སྨད་དཀྲིས་པ། གཞོན་ཚུལ་བདེ་བའི་ཉམས་དུ་མ་དང་ལྡན་ཞིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་དེ་དག་དེ་དང་དེ་ཡིན་བསམ་པ་ཙམ་གྱིས་ཆོག །དེ་ཡི་དཔྲལ་བར་གཟུགས་ཀྱི་ཕུང་པོ་དང་ནམ་མཁའི་ཁམས་རྣམ་པར་དག་པ།


CMR018_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རིགས་ཀྱི་སེང་གདོང་མ་དཀར་མོ་འཁོར་ལོས་མཚན་པའི་གྲི་ཐོད་འཛིན་ཅིང་རྣམ་སྣང་གི་དབུ་རྒྱན་ཅན། །མགྲིན་པར་འདུ་ཤེས་ཀྱི་ཕུང་པོ་དང་མེ་ཁམས་རྣམ་པར་དག་པ། པདྨ་རིགས་ཀྱི་སེང་གདོང་མ་དམར་མོ་པདྨས་མཚན་པའི་གྲི་ཐོད་འཛིན་ཅིང་སྣང་མཐའི་དབུ་རྒྱན་ཅན། སྙིང་ཁར་རྣམ་ཤེས་ཀྱི་ཕུང་པོ་དང་། ཆུ་ཁམས་རྣམ་པར་དག་པ། རྡོ་རྗེ་རིགས་ཀྱི་སེང་གདོང་མ་མཐིང་ཀ་རྡོ་རྗེས་མཚན་པའི་གྲི་ཐོད་འཛིན་ཅིང་མི་བསྐྱོད་པའི་དབུ་རྒྱན་ཅན། ལྟེ་བར་ཚོར་བའི་ཕུང་པོ་དང་། ས་ཁམས་རྣམ་པར་དག་པ། རིན་ཆེན་རིགས་ཀྱི་སེང་གདོང་མ་སེར་མོ། རིན་པོ་ཆེའི་མཚན་པའི་གྲི་ཐོད་འཛིན་ཅིང་རིན་འབྱུང་གི་དབུ་རྒྱན་ཅན། གསང་བར་འདུ་བྱེད་ཀྱི་ཕུང་པོ་དང་རླུང་ཁམས་རྣམ་པར་དག་པ་ལས་ཀྱི་རིགས་ཀྱི་སེང་གདོང་མ་ལྗང་མོ། རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་འཛིན་ཅིང་དོན་གྲུབ་ཀྱི་དབུ་རྒྱན་ཅན། མིག་ཏུ་གཟུགས་རྡོ་རྗེ་མ་དཀར་མོ་སེང་གེའི་གདོང་པ་ཅན། རྣ་བར་སྒྲ་རྡོ་རྗེ་མ་ནག་མོ་སེང་གེའི་གདོང་པ་ཅན། སྣ་ལ་དྲི་རྡོ་རྗེ་མ་སེར་མོ་སེང་གེའི་གདོང་པ་ཅན། ལྕེ་ལ་རོ་རྡོ་རྗེ་མ་དམར་མོ་སེང་གེའི་གདོང་པ་ཅན། དཔྲལ་


CMR018_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བར་རེག་རྡོ་རྗེ་མ་ལྗང་མོ་སེང་གེའི་གདོང་པ་ཅན། བ་སྤུ་ཐམས་ཅད་ཀྱང་སྤྲུལ་པ་ཡང་སྤྲུལ་གྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཡུངས་ཀར་གྱི་འབྲུ་ཙམ་པ། དེ་དག་ཐམས་ཅད་ཀྱི་ཁ་ཊཾ་དང་གྲི་གུག་ཐོད་ཁྲག་བསྣམས་པ། གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། དེ་གཉིས་ཀྱང་ཁྲོ་རྔམ་དང་ལྡན་པས་ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་བདེ་ཆེན་དཀར་མོ་སེང་གེའི་གདོང་པ་ཅན། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་དོན་འགྲུབ་སེང་གེའི་གདོང་པ་ཅན། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་སྒྲ་སྒྲོགས་སེང་གེའི་གདོང་པ་ཅན། བྱང་དུ་ལས་ཀྱི་མཁའ་འགྲོ་མ་སྣ་ཚོགས་མཐར་ཕྱིན་ལྗང་མོ་སེང་གེའི་གདོང་པ་ཅན། འཁོར་རང་དང་འདྲ་བའི་མཁའ་འགྲོ་མ་གྲི་གུག་དང་ཐོད་ཁྲག་འཛིན་པ་བྱེ་བ་འབུམ་དང་བཅས་པའོ། །བདག་ཉིད་ཀྱི་དཔྲལ་བར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ནག །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་མཁའ་སྤྱོད་དག་པའི་


CMR018_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་། ཨོ་རྒྱན་གྱི་ཡུལ་རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས་མ་ཡེ་ཤེས་ཀྱི་ཌཱཀྐི་སེང་གེའི་གདོང་ཅན་མའི་ལྷ་ཚོགས་སྤྱན་དྲངས། རྐང་གླིང་ཌཱ་དྲིལ་རོལ་མོ་བསྒྲོགས། ཧཱུྃ་བྷྱོ༔ འོག་མིན་མཁའ་སྤྱོད་ཞིང་ཁམས་ཨོ་རྒྱན་ཡུལ། །རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས། །རྒྱལ་བའི་བསྐྱེད་ཡུམ་ཌཀྐི་སེང་གདོང་མ། །རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཌཱཀྐི་སེང་ཧ་མུ་ཁ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་ལྷ་རིགས་ལྔ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བས། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཅུ་བཞིའི་ལྟེ་བར། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་འཁོར་ལོ་དམར་པོ་རྩིབས་བཅུ་བཞིའི་ལྟེ་བར། ཧཱུྃ་མཐིང་ནག་རྩིབས་རྣམས་ཀྱི་སྟེང་དུ་མ་རེག་པའི་ཚུལ་དུ་མདུན་ནས་གཡས་སུ་


CMR018_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་དེ། ཨ༔ཀ༔ར༔མ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཅེས་པ་རྣམས་ཁ་དོག་མཐིང་ནག་དམར་མདངས་ཆགས་པའོ། །དང་པོའི་ཡིག་འབྲུ་དེ་དག་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་ཏེ། རྣམ་བཅད་ཡོད་པའི་ཕྱིར་དྲག་པོར་བཅད་དེ་འབྲུ་རེ་རེ་དུམ་བུར་བཀླག་གོ །དེ་ནས་ཡིག་འབྲུ་དེ་རྣམས་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུར་བྱུང་སྟེ། འོད་ཟེར་གཡོན་དུ་ཀྱི་ལི་ལི་འཁོར་བར་གྱུར། ཡིག་འབྲུ་བཅུ་བཞི་ཅུང་ཟད་བཟླས། སླར་ཡང་ཐུགས་སྲོག་ཧཱུྃ་ཡིག་མི་གཡོ་ཞིང་། སྔགས་ཕྲེང་རྣམས་གཡོན་དུ་ཀྱི་ལི་ལི་འཁོར་ཞིང་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཆོད་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ཉིད་ལ་བསྟིམ། །སྔགས་བདུན་ཕྲག་ཙམ། ཡང་འོད་ཟེར་མཐིང་ནག་དམར་མདངས་ཅན་ཚ་ལ་རྩུབ་པ་འཕྲོས། བདུད་དང་ལོག་འདྲེན་བྱེད་མ་གནོད་བྱེད་ཐམས་ཅད་ཚར་བཅད་ཅིང་དེ་དག་གི་མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་བསྡུས་ནས་རང་ཉིད་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཀྱི་གོ་འཕང་ལ་བཀོད། འཇིག་


CMR018_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པས་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། དེ་ལྟར་དམིགས་པ་དང་ལྡན་པས་བསྙེན་པ་བྱའོ། །དེ་ནས་ཐུན་མཇུག་ཏུ་རྫོགས་རིམ་བསྒོམ་པ་ནི། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བའི་ལུས་ཀྱི་ནང་སྟོང་ཞིང་སྒྲིབ་པ་མེད་པའི་ནང་དུ། རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་བའི་སྤྱི་བོར་སེང་གདོང་མ་དཀར་མོ་ཚོན་གང་བ་ལ། ལྟེ་འོག་སུམ་མདོར་སེང་གདོང་མ་དམར་མོ་ཚོན་གང་བ་ལ་རླུང་བཟུང་བས་རོ་རྐྱང་ནས་བརྒྱུད་དབུ་མའི་ནང་དུ་ཞུགས་པས་མེ་ལ་སྦྱད་པ་རྒྱབ་པ་ལྟར་སེང་གདོང་མ་དམར་མོ་ལས་མེ་ལྕེ་ནར་གྱིས་འབར། རྩ་གནས་ཐམས་ཅད་མེ་ཡིས་གང་བས་དྲོད་སྐྱེས། སྤྱི་བོར་སེང་གདོང་མ་དཀར་མོ་ལས་བདུད་རྩི་བྱང་སེམས་དཀར་པོའི་རྒྱུན་བྱུང་མགྲིན་པར་གང་བས་དགའ་བའི་ཡེ་ཤེས་སྐྱེས། སྙིང་ཁར་བབས་པས་མཆོག་གི་དགའ་བ། ལྟེ་བར་བབས་པས་དགའ་བྲལ་གྱི་དགའ་བ། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས། བདེ་བ་དང་སྟོང་པ་དབྱེར་མེད་པའི་རྟོགས་པ་ཁྱད་པར་


CMR018_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྒྱུད་ལ་སྐྱེས་པར་གྱུར། ཞེས་རླུང་བཟུང་ནས་ཅི་ནུས་སུ་བསྒོམ། བཟའ་བཏུང་གི་ཆེ། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་བཟའ་བཏུང་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ རང་ཉིད་སེང་གདོང་མར་གསལ་ཞིང་། གཏུམ་མོའི་མེ་སྦར་བས་རྩ་གནས་ལྔར་སེང་གདོང་མ་རིགས་ལྔ་གསལ་བ་ཁ་ཐབ་ཁུང་ལག་པ་དགང་གཟར་བླུགས་སུ་ཡེ་ནས་གནས་པས་སྦྱིན་སྲེག་བྱས་པས་བསོད་ནམས་ཀྱི་ཚོགས་འཕེལ་བར་འགྱུར། ཨོཾ་ཨཱཧཱུྃ་ཧ་ཧོ་ཧི༔ ཞེས་བརྗོད་ཅིང་ལོངས་སྤྱོད་ལ། རང་ལུས་རྒྱལ་བའི་དཀྱིལ་འཁོར་སོགས། བསྔོ་བ་བྱ། ཐུན་མཚམས་སུ་གཏོར་མ་བྲན་ལ། ཨོཾ་བི་ཤྭ་ཌཱཀྐི་ནཱི་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་སྐྱེད་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ། རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཞུ་བས་དམ་ཚིག་གི་བདུད་རྩི་དང་འོག་མིན་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཧཱུཾ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གཏོར་མགྲོན་རྣམས་སྤྱན་དྲངས་པར་གྱུར། ཧཱུཾ་བྷྱོ༔ འོག་མིན་གནས་དང་འཐུག་པོ་


CMR018_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །བདེ་བ་ཅན་དང་རྔ་སྒྲ་ཅན། །མཁའ་སྤྱོད་ཞིང་དང་ཨོ་རྒྱན་གནས། །ཤམ་བྷ་ལ་དང་དུར་ཁྲོད་བརྒྱུད། །ཡུལ་ཆེན་ཉི་ཤུ་རྩ་བཞི་ནས། །རིག་འཛིན་བརྒྱུད་པའི་བླ་མ་རྣམས། །ཡེ་ཤེས་ཌཱཀྐི་སེང་གདོང་མ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནས། །རི་རབ་སོ་གཉིས་རྡུལ་མཉམ་པའི། །མཁའ་འགྲོའི་ཚོགས་རྣམས་མ་ལུས་ཀུན། །སྐལ་ལྡན་བྱིན་གྱིས་བརླབ་པ་དང་། །མཆོད་པ་འབུལ་ཞིང་བཞེས་སླད་དུ། །མཁའ་ལ་རང་བཞིན་ཤུགས་ཀྱིས་ནི། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཞེས་མཐེབ་མཛུབ་གཉིས་ལུ་གུ་རྒྱུད་དུ་བྱས་ལ་རྩེ་སྦྱར་ལྷག་མ་འབར་བར་ལྟར་བྱས་པ་དཔྲལ་བར་གཡོན་དུ་བསྐོར་ཞིང་མིག་གིས་ནམ་མཁར་བལྟས་ཤིང་རྐང་པ་གཡས་པས་གཡོན་པ་མནན་ལ། ཕོ་ལེ་ཝེ། བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱཀྐི་ནི་ས་མ་ཡ་སྟེ། དྲྀ་ཤྱ་ཧོ༔ བཛྲ་ཨནྡྷཾ་སོགས། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་ཌཱཀྐི་སེང་ཧ་མུ་ཁ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་ཌཱཀྐི་ནཱི། བཛྲ་ཌཀྐི་ནཱི། རཏྣ་ཊཱཀྐི་ནཱི། པདྨ་ཌཱཀྐི་ནཱི། ཀརྨ་ཊཱཀྐི་ནཱི། བི་ཤྭ་ཌཱཀྐི་


CMR018_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལོ་ཀ་ཌཀྐི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་ཌཱཀྐི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་མཆོད། དེ་ནས་བདུད་རྩི་མཆོད་པ་དང་། གཏོར་བསྔོས་གཉིས་ཀ་མཉམ་དུ་བྱ་སྟེ། ཨོཾ་ཨཱཧཱུཾ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །དཔལ་མགོན་ཀླུ་སྒྲུབ་བྲམ་ཟེ་ཨཱརྱ་དེ། །པདྨ་འབྱུང་གནས་པཎ་ཆེན་རྡོ་རྗེ་གདན། །བ་རི་བ་སོགས་རིང་བརྒྱུད་བླ་མ་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་གདན་པ་དང་། །བ་རི་ལོ་ཙཱ་ས་ཆེན་ཀུན་དགའ་སྙིང་། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞབས། །ས་པཎ་ལ་སོགས་ཉེ་བརྒྱུད་བླ་མ་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་འགྲོ་བླ་མ་བཻ་རོའི་ཞབས། །དུས་གསུམ་མཁྱེན་པ་ཀཾ་ཚང་དོན་གྱི་བརྒྱུད། །རྒྱལ་བ་ཀུན་དངོས་ཆོས་ཀྱི་དབང་ཕྱུག་ཞབས། །ཐུགས་རྗེ་མཚུངས་མེད་རཱ་ག་ཨ་སྱ་སོགས། །བཀའ་བབས་བྱིན་རླབས་བརྒྱུད་པའི་བླ་མ་ལ། །དམ་རྫས་བདུད་རྩི་


CMR018_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །ཀུན་བཟང་ཡབ་ཡུམ་མཁའ་འགྲོ་སེང་གདོང་མ། །པད་འབྱུང་སངས་རྒྱས་མགོན་པོ་ཀུན་དགའ་དར། །བྱམས་པ་ཆོས་ཉིད་པདྨ་གར་དབང་སོགས། །ཞལ་གཟིགས་རིག་འཛིན་བརྒྱུད་པའི་བླ་མ་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །བཅོམ་ལྡན་རྡོ་རྗེ་ཕག་མོ་གསང་བའི་བདག །ལས་ཀྱི་དབང་མོ་ཆེ་དང་པདྨ་འབྱུང་། །མཚོ་རྒྱལ་རཏ་གླིང་འཇའ་ཚོན་སྙིང་པོ་སོགས། །ཟབ་གཏེར་བརྒྱུད་པའི་བླ་མ་ཐམས་ཅད་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། །ནམ་མཁའི་མདོག་ཅན་གནས་གསུམ་མཁའ་འགྲོའི་གཙོ། །བརྟན་དང་གཡོ་བའི་བདག་ཉིད་བདེ་ཆེན་སྐུ། །རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །སྐུ་ལས་


CMR018_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་རབ་གཏུམ་སྟག་གདོང་མ། །གསུང་ལས་སྤྲུལ་པའི་རབ་འཇིགས་དོམ་གདོང་མ། །རིགས་བཞིའི་མཁའ་འགྲོ་སེང་གེའི་གདོང་ཅན་བཞི། །ཕྱོགས་བཞི་མཚམས་བཞི་སྟེང་འོག་མཁའ་འགྲོ་མ། །རང་འདྲའི་འཁོར་ཚོགས་འབུམ་ཕྲག་བཅས་རྣམས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །དམ་ཚིག་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དང་། །སྣ་ཚོགས་མཁའ་འགྲོ་ཐམས་ཅད་མཁའ་འགྲོ་རྣམས། །སེང་གེའི་གདོང་ཅན་རང་འདྲ་འབུམ་དང་བཅས། །སྒོ་མ་བཞི་དང་ཕྲ་མེན་བཅུ་བཞི་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་དངོས་གྲུབ་སྩོལ། །ཕྱི་ནང་གསང་བའི་ཌཱཀྐི་སེང་གདོང་མ། །རི་རབ་སོ་གཉིས་རྡུལ་མཉམ་ཌཱཀྐིའི་ཚོགས། །བཀའ་སྡོད་སྲིད་པའི་མ་མོ་བྱེ་བ་འབུམ། །གནས་དང་ཡུལ་གྱི་ཌཱཀྐི་ཐམས་ཅད་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །གནོད་སྦྱིན་ཆེན་པོ་རྡོ་རྗེ་རྒྱལ་མཚན་དང་། །ཨེ་ཀ་ཙ་ཏི་ཤན་


CMR018_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམར་ནག་དང་། །དགེ་བསྙེན་སྨྱོ་ཁ་མཁའ་རི་ལྕམ་དྲལ་སོགས། །ཆོས་བདག་བཀའ་སྲུང་དམ་ཅན་རྒྱ་མཚོ་ལ། །དམ་རྫས་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །དམ་ཚིག་རྗེས་བསྐང་ཕྲིན་ལས་རྣམ་བཞི་བསྒྲུབ། །ཌཀྐི་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས། །དམ་རྫས་བདུད་རྩི་གཏོར་མ་འདི་བཞེས་ལ། །བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་སྲུང་ཞིང་སྐྱོབ་པ་དང་། །ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བར་མཛོད། །དགྲ་བགེགས་བྱད་མ་ལོག་ལྟ་བསྒྲལ་བར་མཛོད། །མཆོག་ཐུན་དངོས་གྲུབ་རྒྱ་ཆེན་སྩོལ་བར་མཛོད་། །འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། །འདུ་བ་རྣམ་གསུམ་མྱུར་དུ་འདུ་བར་མཛོད། །ཚུགས་པ་རྣམ་གསུམ་མྱུར་དུ་ཚུགས་པར་མཛོད། །བྱད་ཀ་དྲོད་གཏོང་གནོད་པ་ཟློག་པ་དང་། །བདག་ལ་སྡང་བའི་དགྲ་བགེགས་ཚར་གཅོད་མཛོད། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ། །ཡེ་ཤེས་ཌཱཀིས་རྟག་ཏུ་རྗེས་བཟུང་ལ། །


CMR018_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་སྐྱེ་མེད་ཆོས་སྐུའི་དོན་རྟོགས་ནས། །འཇའ་ལུས་མཁའ་སྤྱོད་ཚེ་འདིར་འགྲུབ་པར་མཛོད། །ནམ་ཞིག་འཕོས་ཚེ་གནས་གསུམ་ཌཀྐི་ཡིས། །བདེ་ཆེན་དག་པའི་ཞིང་དེར་ལམ་སྣ་དྲོངས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་ཕུལ། དེ་ནས་བསྟོད་པ་ནི། ཨེ་མ་ཧོ༔ ཆོས་སྐུ་སྐྱེ་བ་མེད་པ་ལ། །གང་འདུལ་སྒྱུ་མའི་བཀོད་པ་ཅན། །དུས་གསུམ་རྒྱལ་བའི་ཕྲིན་ལས་མཛད། །རྩ་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །རྒྱལ་དང་རྒྱལ་སྲས་ཀུན་གྱི་ཡུམ། ། འཁོར་འདས་སྣང་སྲིད་ཀུན་གྱི་གཞི། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །སེང་གེའི་གདོང་ཅན་ཕྱག་འཚལ་བསྟོད། །འཇའ་ཚོན་ལྟ་བུའི་སྐུ་གཟུགས་ཀྱི། །ཧེ་རུ་ཀ་དཔལ་ལྔ་དང་སྦྱོར། །ལོངས་སྐུ་ཡེ་ཤེས་མཁའ་འགྲོ་མ། །སེང་གདོང་མཁའ་འགྲོར་ཕྱག་འཚལ་བསྟོད། །ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །གནས་གསུམ་མཁའ་འགྲོའི་གཙོ་མོ་མཛད་། །སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ། །ཕྱག་འཚལ་སེང་གདོང་ལྷ་མོ་ལ། །འབྱུང་བཞི་གནས་དག་ཡེ་ཤེས་བཞི། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ། །འཁོར་ནི་བྱེ་


CMR018_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསམ་མཐའ་ཡས། །རིགས་བཞི་མཁའ་འགྲོར་ཕྱག་འཚལ་བསྟོད། གཙོ་མོའི་བཀའ་ཉན་དམ་ཚིག་ཅན། །དུར་ཁྲོད་འགྲིམ་ཞིང་རྣལ་འབྱོར་སྐྱོང་། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མཁན། །ཕྱག་འཚལ་སྲུང་མ་རྒྱ་མཚོ་ལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་སོགས་ཡིག་བརྒྱ་བརྗོད། གཏོར་མགྲོན་གྱི་ཡེ་ཤེས་པ་རང་ཉིད་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་བཛྲ་མུཿ དེ་ནས་ཐུན་བསྡུ་བ་ནི། ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ཡང་རིམ་བཞིན་ཕྱི་མ་ནང་མ་ལ་ཐིམ། མཐར་རང་ཉིད་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་ཞབས་ཀྱུ་ནས་གྱེན་དུ་ཡལ་ཏེ་སྐུ་ཡི་རྩེ་མོ་བརྒྱར་གཤགས་པ་ཙམ་དང་། དེ་ཡང་མི་དམིགས་པ་སྟོང་གསལ་ནམ་མཁའ་གཡའ་དང་བྲལ་བ་ལྟ་བུར་གྱུར། ཞེས་གསལ་གདབ་ནས། བཟོ་བཅོས་མེད་པར་ལྷུག་པར་བཞག་གོ །ཉལ་བའི་ཚེ་ཡང་དེ་ལྟ་བུའི་ངང་ནས་ཉལ་བས་འོད་གསལ་ཟིན་པར་བཤད་ཅིང་། འཆི་ཚེ་ཡང་དེ་ལྟ་བུའི་ངང་ནས་འཆི་བཅུག་པས་


CMR018_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་འོད་གསལ་ཟིན་པར་གསུངས་སོ། །དེ་ནས་ཐུན་མཚམས་སུ། འདི་ལྟར་བསྐྱེད་རྫོགས་སྒོམ་བཟླས་བྱས་པ་དང་། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་རྣམས། །ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ་ཤོག །སྒྲུབ་པ་པོ་ལ་རྟག་ཏུ་བུ་བཞིན་བརྩེ། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས། །རྒྱལ་བའི་ཡུམ་གཅིག་མཁའ་འགྲོ་སེང་ཞལ་ཅན། །གནས་གསུམ་ཌཱཀྐིའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད་ལ། སྟོང་པའི་ངང་ལས་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུ་སེང་གདོང་མ་རྒྱན་སྤངས་པ་ཅིག་ཏུ་གྱུར་ནས་འགྲོ་བའི་དོན་བྱའོ། །ཞེས་སྤྱོད་ལམ་ལ་འཇུག་གོ །དེ་ལྟ་བུའི་ཐུན་དང་ཐུན་དུ་བཅད་ཅིང་། བསྙེན་པ་མི་ཚིག་གིས་བར་མ་ཆོད་པར་བཟླས་ཏེ། དུས་ནི་རབ་ཟླ་བ་དྲུག་གམ་གསུམ། འབྲིང་ཟླ་བ་གཅིག་གམ་ཞག་ཉེར་གཅིག །ཐ་མ་ཞིག་པོ་བཅུའམ་བདུན་ནོ། །གྲངས་ནི་རབ་འབུམ་ཕྲག་བཅུ་བདུན་ནམ་བཅུ་བཞི། འབྲིང་འབུམ་ཕྲག་བཅུའམ་གསུམ། ཐ་མ་འབུམ་ཕྲག་གཉིས་སམ་གཅིག །ཡང་ཐ་སྟོང་ཕྲག་སུམ་ཅུ་བཟླས་པས་ལས་སྦྱོར་རུང་གསུངས་སོ། །རྟགས་ནི་རབ་དངོས་འབྲིང་ཉམས་སྣང་། ཐ་ན་རྨི་ལམ་དུ་འབྱུང་སྟེ། ཞལ་མཇལ་ལུང་སྟོན་དབང་བསྐུར་བ། མ་སྲིང་དང་བུད་མེད་ཆས་བཟང་མང་པོ་འདུ་བ། གླུ་ལེན་བྲོ་འཁྲབ། བདུད་རྩི་དང་


CMR018_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་བྱིན་པ། གསང་ཚིག་སྨྲ་བ། བརྡ་སྟོན་པ། པོཏི། རྡོ་དྲིལ། ཌཱ་མ་རུ། ཐོད་པ། གྲི་གུག་རྣམས་བྱིན་པ་རྙེད་པ། ཕྱག་མཚན་དང་། རྒྱན་དྲུག་རྙེད་པ། གོ་ཆ་གྱོན་པ། མཚོན་ཐོགས་པ། རྫོང་བརྩེགས་པ། གོ་ཁྲབ་གྱོན་པ། ལུས་ལས་རྣག་ཁྲག་འཛག་པ། ཆུ་བོ་ལས་བརྒལ་བ། ནམ་མཁའ་ལ་འཕུར་བ་ལ་སོགས་འབྱུང་ངོ་། །ཡང་བུད་མེད་ལ་མཛེ་བྱུང་བ། དུ་བ་རྒྱན་ཆ་བཏོག་པ། བྲང་བརྡུང་བ་སོགས་བྱུང་བ། དམ་སེལ་དང་བར་ཆད་ཡོད་པས། རྡོར་སེམས་སྒོམ་བཟླས་ལ་འབད། ཚོགས་དང་བསྐང་བ་བྱའོ། །བུད་མེད་ཁ་ཤོ་མ་བྱུང་ན་གྲུབ་པའི་རྟགས་མཚན་གཞན་ལ་མི་སྨྲ་བར་གསང་ངོ་། །ཡང་འདི་སྒྲུབ་དུས་སྔགས་འདི་རྩུབ་པས། སྙིང་མི་དགའ་བ་ཡོང་སྲོལ་ཡོད་པས། སྐབས་སུ་རང་གི་སྙིང་གའི་དཀྱིལ་དུ་ཁཾ་ཡིག་དཀར་པོ་ལས་བདུད་རྩིའི་རྒྱུན་བབ་པས་ལུས་ཐམས་ཅད་ཁེངས་པར་བསྒོམས་པས་སེལ་ལོ། །ཡང་ན་གོང་དུ་བཤད་པའི་ཐིག་ལེ་དབབ་པའི་དམིགས་པ་འདི་ལ་འབད་ཅིང་། ཚོགས་དང་གཏོར་མ་བསྐང་གསོ་ལ་བརྩོན་པར་བྱའོ། །ཨེ་མ་ཧོ༔ ཡེ་ཤེས་མཁའ་འགྲོ་སེང་གདོང་སྒྲུབ་པའི་ཐབས། །བཀའ་གཏེར་གཞུང་དང་མན་ངག་རྒྱ་མཚོའི་བཅུད། །དོན་གསལ་ཁྱེར་བདེ་ཆ་ལག་མ་ཚང་མེད། །བསྙེན་པའི་རིམ་པ་བལྟས་ཆོག་གསལ་བཀོད་འདི། །རང་དང་གཞན་ལ་ཕན་པའི་བསམས་པས་བཀོད། །འོན་ཀྱང་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡེ་ཤེས་ཌཱཀྐི་འཁོར་དང་བཅས་ལ་བཤགས། །འདི་ཕྱི་


CMR018_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ། །འདི་བྲིས་དགེ་བས་འདི་ཉིད་ཉམས་བླངས་པ། །བདག་དང་སློབ་མ་བརྒྱུད་པར་བཅས་པ་དང་། །དེ་ལ་འཚོ་བ་སྦྱོར་བའི་སྦྱིན་བདག་རྣམས། །བར་ཆད་བདུད་བགེགས་བྱད་ཁས་མི་ཚུགས་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ནས། །ནམ་ཞིག་འཕོས་ཚེ་ནུབ་ཕྱོགས་བདེ་བ་ཅན། །གནས་གསུམ་ཌཱཀྐིའི་ཚོགས་ཀྱིས་བསུ་བར་ཤོག །དེ་སྐད་སྨྲ་བ་རཱ་གའི་མིང་འཛིན་པའི། །དགེ་སྦྱོང་ཚུལ་འཆང་རིག་སྔགས་མཁན་དེས་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།next