Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
ཌཱཀི་སེང་གདོང་མའི་ཚོགས་མཆོད་བསྡུས་པ་བཟའ་བཏུང་ལམ་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཌཱཀི་སེང་གདོང་མའི་ཚོགས་མཆོད་བསྡུས་པ་བཟའ་བཏུང་ལམ་ཁྱེར།next

ཌཱཀི་སེང་གདོང་མའི་ཚོགས་མཆོད་བསྡུས་པ་བཟའ་བཏུང་ལམ་ཁྱེར།


CMR018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀི་སེང་གདོང་མའི་ཚོགས་མཆོད་བསྡུས་པ་བཟའ་བཏུང་ལམ་ཁྱེར་བཞུགས་སོ།།


CMR018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། སེང་གདོང་ལྷ་མོའི་ཚོགས་འཁོར་བྱེད་འདོད་པས། རབ་ཏུ་ཚེ་བཅུད་ཚེ་ཟན་འབྱོར་ཚོགས་བསག །འབྲིང་དུ་ནམ་འདོད་ཤ་ཆང་ཟན་གསུམ་བསག །ཐ་མ་རྒྱུན་གྱི་ཟན་ལའང་རུང་བ་སྟེ། །རབ་ཏུ་བདག་མདུན་གཉིས་པོ་ཚང་བར་འདོན། །འབྲིང་དུ་བདག་བསྐྱེད་ཉིད་ལ་ཚོགས་འཁོར་སྦྱར། །ཐ་མ་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་བསྒོམ། །དབྱངས་སྙན་རོལ་མོ་དང་བཅས་གྱེར་བསྒོམ་སྦྲག །ཧཱུྃ། རང་ཉིད་ཊཱཀིའི་སྐུར་གསལ་བའི། །ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་འཕྲོས་།ཚོགས་རྫས་ཀྱི་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །སྣོད་དག་པ་ཡེ་ཤེས་ཀྱི་ཀ་པཱ་ལ། །བཅུད་དག་པ་ཤ་ལྔ་བདུད་རྩི་ལྔ། །དེ་ཨོཾ་


CMR018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཡེ་ཤེས་ཀྱི་བདུད་རྩིའི་ཆར་རྒྱུན་འབེབས། །ཕུད་རླངས་ལ་མཆོད་པའི་ལྷ་མོ་སྤྲོས། །ཀུན་བཟང་གི་མཆོད་སྤྲིན་ནམ་མཁའ་ཁྱབ། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །ཕ་རྩེ་བརྒྱུད་ཀྱི་གྲུབ་ཐོབ་རྒྱ་མཚོ་རྣམས། །སྐུ་དགྱེས་པའི་གར་སྟབས་ལིངས་སེ་ལིང་། །གསུང་ཉམས་དབྱངས་ཀྱི་མགུར་མ་འུ་རུ་རུ། །ཐུགས་འོད་གསལ་གྱི་རྟོགས་པ་ས་ལ་ལ། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །ཆོས་ཕྱག་ཆེན་གྱི་དངོས་གྲུབ་གནང་ནས་ཀྱང་། །ཕ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་


CMR018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གསང་བའི་དུར་ཁྲོད་ནས། །མ་ཡེ་ཤེས་ཌཱ་ཀི་སེང་གདོང་མ། །སྐུ་གར་གྱི་ཉམས་དགུ་ཁྱུགས་སེ་ཁྱུག །གསུང་ཧཱུྃ་ཕཊ་འབྲུག་སྒྲ་འུ་རུ་རུ། །ཐུགས་ཡེ་ཤེས་ལྔ་ལྡན་ཏ་ལ་ལ། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡུམ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །མ་རིགས་བཞིའི་མཁའ་འགྲོ་སེང་གདོང་ཅན། །སྐུ་འགྱིང་བག་གར་སྟབས་ཁྱུགས་སེ་ཁྱུག །གསུང་གསང་སྔགས་ཆོས་སྒྲ་དི་རི་རི། །ཐུགས་ཐོགས་མེད་མངོན་ཤེས་ཧྲིགས་སེ་ཧྲིག །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །ལས་རྣམ་བཞིའི་དངོས་གྲུབ་གནང་ནས་ཀྱང་། །མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས་། །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །འཁོར་དཔའ་བོ་མཁའ་འགྲོ་བསམ་མི་ཁྱབ། །སྐུ་རྒྱན་ལྡན་འཇའ་འོད་ཁྱུགས་སེ་ཁྱུག །གསུང་མཁའ་འགྲོའི་བརྡ་སྐད་སངས་སེ་སང་། །ཐུགས་དམ་ཚིག་ཅན་ལ་དུངས་སེ་དུང་། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །བདག་འདོད་པའི་དངོས་གྲུབ་གནང་ནས་ཀྱང་། །རྐྱེན་བར་ཆད་ཞི་


CMR018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །གནས་དམ་ཚིག་ཆེན་པོའི་ཕོ་བྲང་ནས། །དཔལ་མ་མགོན་ལྕམ་དྲལ་དམ་ཅན་ཚོགས། །སྐུ་འཇིགས་ཚུལ་མེ་འབར་ལམས་སེ་ལམ། །གསུང་དྲག་སྔགས་འབྲུག་སྒྲ་ཆེམས་སེ་ཆེམ། །ཐུགས་མི་བཟོད་ཆོ་འཕྲུལ་ཟིངས་སེ་ཟིང་། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །བསྟན་དར་བའི་དངོས་གྲུབ་གནང་ནས་ཀྱང་། །བདུད་དགྲ་བགེགས་ཞི་བར་བྱིན་གྱིས་རློབས། །དེ་ནས་རྒྱས་པར་ཚོགས་ཕུད་རིམ་གསུམ་ཕུལ། བསྡུ་ན་གཅིག་ཕུལ་བདུད་རྩིའི་བྲན་ནས་ཀྱང་། རྗེ་བླ་མ་ཡི་དམ་མཁའ་འགྲོ་ལ། །ཞལ་ཟས་ཀྱི་ཚོགས་ཕུད་ཡར་ལ་ཕུལ། །ཚེ་ཐོག་མེད་ནས་བསགས་སྡིག་ལྟུང་རྣམས། །རྒྱུ་ག་ཎ་ཙཀྲས་བསྐང་ཞིང་བཤགས། །མི་བདག་ལ་སྡང་བའི་དགྲ་དང་བགེགས། །དེ་སྤྱི་ཚོགས་སུ་རོལ་ཅིག་ཏྰཀི་མ། །ཨོཾ་ཨཱཿཧཱུྃ་ཧྲི༔ གུ་རུ་དེ་ཝ་ཌཱཀྐི་ནཱི་ག་ཎ་ཙཀྲ་པཱུ་ཛ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་འདོན་བསྒོམ་སྦྲག་ལ་ཚོགས་ལ་རོལ། བདག་རྡོ་རྗེ་ལུས་ཀྱི་གནས་ཚུལ་ལ། །རྩ་འཁོར་ལོ་ལྔ་དབུས་ཌཀི་ལྔ། །རྩ་འཁོར་ཕྲན་གྲངས་མཉམ་ཌཀིའི་འཁོར། །ལུས་གནས་ཡུལ་རྩ་གནས་མཁའ་འགྲོའི་ཚོགས། །ཡེ་གདོད་ནས་དམ་ཡེ་དབྱེར་མི་


CMR018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད། །ཕྱག་གཡས་སོར་མཆོད་པའི་ལྷ་མོ་ལྔ། །ཕྱག་གཡོན་སོར་འདོད་ཡོན་ལྷ་མོ་ལྔ། །ཚོགས་བདུད་རྩིའི་ལྷ་མོ་བདག་ལུས་མཆོད། །དོན་ཕྱི་ནང་གཞན་གསུམ་དབྱེར་མེད་ཕྱིར། །བདག་ཚིམ་པར་མཁའ་འགྲོ་ཐམས་ཅད་ཚིམ། །དེ་ཚིམ་པས་ཚོགས་རྫས་དངོས་གྲུབ་ཐོབ། །ཐབས་ཟབ་མོའི་མཆོད་པ་ཨ་ལ་ལ། །ཆོས་གསང་སྔགས་ལ་ཐེ་ཚོམ་མ་བྱེད་ཅིག །མ་ཧཱ་སིདྡྷི་ཧོ༔ དེ་ནས་ལྷག་མ་བཤམས་ལ་བདུད་རྩིས་བྲན། ཨཱ པད་སྣོད་ནང་དུ་ལྷག་མ་རྣམས། །ༀ་ཞུ་བས་ཟག་མེད་བདུད་རྩིར་གྱུར། །ཧཱུཾ་སེང་གདོང་ལྷ་མོའི་ལས་མཁན་མ། །ཡུལ་ཉི་ཤུ་རྩ་བཞིའི་ཕོ་ཉ་མ། །གནས་དུར་ཁྲོད་བརྒྱད་ཀྱི་ཤ་ཟ་མ། །གྲངས་བྱེ་བ་ས་ཡ་དུང་ཕྱུར་ཏེ། །མདོག་དཀར་སེར་དམར་ལྗང་མཐིང་དང་སྨུག །ལུས་མེ་བ་འབར་དུད་འཐུལ་རླུང་ནག་འཚུབ། །ངག་གླུ་དབྱངས་བཤུགས་གླུས་བླ་ཡིད་འཕྲོག །ཡིད་སྲིད་པ་གསུམ་པོ་ཞེ་ལ་གནོན། །མཐོ་དགུང་སྔོན་དབྱིངས་ནས་བྱ་ར་བྱེད། །གནས་གཉན་ས་དུར་ཁྲོད་ཀུན་ཏུ་རྒྱུག །ནད་བཞི་བརྒྱ་རྩ་བཞི་ཀུན་གྱི་བདག །གདོན་སྟོང་ཕྲག་བརྒྱད་ཅུ་འཁོར་དུ་བསྐོར། །ལས་བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་། །སྲིང་ཁྱེད་


CMR018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགའ་བའི་ལྷག་གཏོར་འབུལ། །བདག་སྐལ་ལྡན་དགའ་བའི་དངོས་གྲུབ་བྱིན། །རྐྱེན་རིམས་ཁ་དལ་ཡམས་དགྲ་ལ་སྒྱུར། །བདག་མིང་པོས་ལས་བཅོལ་སྲིང་གིས་མཛོད། །ཨོཾ་ཨུཙྪིཥྛ་བྷ་ལིཏྟ་ཁཱ་ཧི། ཞེས་གཙང་སར་དོར་རོ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། སོགས་བསྔོ་བ་བྱ་ཞིང་། མདུན་བསྐྱེད་བྱས་ན་རྗེས་ཆོག་རྣམས་གཞུང་ལྟར་བྱ་ཞིང་། མདུན་བསྐྱེད་མེད་ན་འདི་བརྗོད་པས་འཐུས་སོ། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ཤལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །འདི་ལྟར་ཉམས་བླངས་ཚོགས་རྫོགས་ཉམས་ཆག་བསྐང་། །གྱུར རྒྱུད་གཞུང་མན་ངག་དུ་མའི་བཅུད་བླངས་ནས། །རང་བཟོའི་ཆོ་ག་ཡིན་པར་མི་དགོངས་འཚལ། །མི་དབང་ཆེན་པོའི་གསུང་གིས་བསྐུལ་བྱས་ནས། ༧། །རཱ་གའི་མིང་ཅན་རི་བོའི་ཁྲོད་གནས་པའི། །ཆུ་སྦྲུལ་ཟླ་བ་བཅུ་གཉིས་ཉིན་པར་བསྒྲིགས། །བརྩམས་ཉེས་ནོངས་པ་གང་མཆིས་ཌཱ་ཀིར་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་འབྲེལ་ཐོགས་རྣམས། །ཚེ་འདིར་ཕྲིན་ལས་རྣམ་བཞི་ཐོགས་མེད་ཅིང་། །འཕོས་མ་ཐག་ཏུ་གནས་གསུམ་མཁའ་འགྲོ་ཡིས། །མཆོད་


CMR018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲིན་གྱིས་བདེ་ཆེན་ཞིང་བགྲོད་ཤོག །ཞིང་དེར་ས་བཅུ་པོ་ལ་གནས་ནས་ཀྱང་། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །བཟའ་བ་ཕུལ་བའི་བསོད་ནམས་ཀྱིས། །ཁ་དོག་སྟོབས་དང་ལྡན་གྱུར་ཏེ། །རོ་བརྒྱ་ལྡན་པའི་ཟས་རྙེད་ནས། །བསམ་གཏན་ཟས་ཀྱིས་འཚོ་བར་ཤོག །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་སེལ་བ་དང་། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡིས། །སྐོམ་དད་མེད་པར་སྐྱེ་བར་ཤོག །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་༧ གཏོང་ཉིད་དང་ཡང་། །སེམས་ཅན་ཕོངས་པ་གཞན་དག་ཀྱང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །བསོད་ནམས་སྟོབས་ཆེན་འདི་ཡི་= བྱས མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་ལྡན། །བསམ་པ་ཆོས་ལྡན་འགྲུབ་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་གྱུར་ཅིག །བཅོམ་ལྡན་


CMR018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྔོ་བ་དང་སྨོན་ལམ་ལ་ངེས་པར་དབང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཨཱོཾ་དྷ་རེ་དྷ་རེ་བྷནྡྷ་རེ་སྭཱ་ཧཱ།། །།


previousཌཱཀི་སེང་གདོང་མའི་ཚོགས་མཆོད་བསྡུས་པ་བཟའ་བཏུང་ལམ་ཁྱེར།next