Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་སྒྲུབ་ཐབས་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་སྒྲུབ་ཐབས་ཟིན་བྲིས།next

སེང་གདོང་མའི་སྒྲུབ་ཐབས་ཟིན་བྲིས།


CMR018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་སྒྲུབ་ཐབས་ཟིན་བྲིས་བཞུགས་པ་ལེགས་སོ།


CMR018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷཀཱི་སེང་ཧ་མུ་ཁ་ཡེ། འདིར་སེང་གདོང་མའི་སྒྲུབ་ཐབས་བརྗེད་ཐོ་ཙམ་བྲི་བ་ནི། བསྙེན་པ་སྤྱི་དང་མཐུན་ལ་གཏོར་སྒྲུབ་བམ་མདུན་བསྐྱེད་ནང་སྒྲུབ་ཀྱི་བྱ་བ་ནི། དུར་ཁྲོད་དམ་དབེན་པའི་གནས་སུ་དལ་འདོམ་གང་གྲུ་བཞི་ལ་གྲི་ཁྲག་དང་རྟ་ཁྲག་གིས་བྱུགས། དྲི་བཟང་གིས་ཆག་ཆག་གདབ་ལ། མེ་རི་དང་རྡོ་རྗེའི་རྭ་བའི་ནང་དུ་ཆོས་འབྱུང་ནག་པོ་གཉིས་བརྩེགས་ཟུར་དྲུག་པའི་ལྟེ་བར། སྣ་ཚོགས་པདྨ་འདབ་བརྒྱད་དང་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་བྲིས་པའི་སྟེང་དུ་མཉྫིའི་ཁར་ཟངས་ལྕགས་སམ་བྷནྡྷའི་སྣོད་དུ་འབྲུ་སྣ་ཚོགས་ལས་བྱས་པའི་གཏོར་མ་ཟུར་གསུམ་པ་


CMR018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆུང་བཞི་དང་བཅད་ཁམས་ཀྱིས་བསྐོར། མར་དང་ཤ་ཁྲག་གིས་བརྒྱན་ཙཀླི་བཙུགས། སྦྲང་ཀ་ར་བུ་རམ་ཤ་མར་ཐུད་ཤིང་ཐོག་སྣ་ཚོགས་པས་བརྒྱན། མདའ་རྒོད་སྒྲོ་མ་མེས་མ་བཞུར་བ་ལ་དར་ནག་བཏགས་པ་དང་། དྷཀྐིའི་ཕྱིར་དར་དང་ཞལ་ཐང་སོགས་ཀྱང་གཏོར་མའི་རྒྱབ་ཕྱོགས་ནས་ཚུར་བཤམས། མདའ་དར་གཏོར་མར་བཙུགས་ཀྱང་རུང་། དེའི་མདུན་དུའམ་གང་བདེར། དྷཱཀྐིའི་རྒྱུན་གཏོར་དང་མཁའ་འགྲོ་སྤྱི་གཏོར་གཉིས་སོ་སོར་བཤམས། གཞན་ཡང་རྩ་གསུམ་སྤྱིའི་གཏོར་མ་དང་། སྨན་རཀ་དང་དྲག་པོའི་མཆོད་པ་རྣམ་ལྔས་བསྐོར། དེ་ནས་བདག་


CMR018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མདུན་བསྐྱེད་མཆོད་བསྟོད་སོགས་སྤྱི་དང་མཐུན་པ་ལས། ཕྲེང་རྡོག་རྣམས་ཧཱུྃ་རེ་རེ་ཞུ་བ་ལས་དྷཱཀྐིའི་སྐུར་བསམས་ལ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝར་དྷ་ཡེ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ནས་མདུན་བསྐྱེད་རྟེན་གཏོར་སེང་གདོང་མར་གསལ་བའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་སེམས་ཅན་ཐམས་ཅད་སེང་གདོང་མར་གྱུར་ནས་དེ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕུར་བུའི་ཚྭ་ཚྭ་ལྕགས་ཀྱུ་དམར་པོ་ཛདང་བཅས་པ་དཔག་ཏུ་མེད་པ་འཕྲོས་པས་བདག་ཅག་འཁོར་དང་བཅེས་པའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུང་བ་དང་ཟློག་པ་དང་། ཉམས་རྟོགས་ཏིང་ངེ་འཛིན་ཚེ་བསོད་ནམས་འཁོར་སློབ་འགྲོ་དོན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་ལྷ་འདྲེ་མི་གསུམ་འབྲུ་བཅུད་བདེ་ལེགས་ཐམས་ཅད་དབང་དུ་བསྡུ་བ་དང་། དགྲ་བགེགས་ལོག་འདྲེན་དམ་སྲི་ཐམས་ཅད་ཚར་བཅད་པར་བསམ་སྟེ་ཐོ་རངས་ཚེ་སྒྲུབ། ཉི་ཤར་ཞི་བ་སྔ་དྲོ་རྒྱས་པ་ཉིན་གུང་མཆོག་སྒྲུབ། ཕྱི་དྲོ་དབང་སྲོད་ལ་དྲག་པོའི་བཟླས་པ་བྱ་སྟེ། སྔགས་ཀྱི་ཁ་དོག་ལས་བཞི་དང་བསྟུན་ཞིང་ཐམས་ཅད་


CMR018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་འཁོར་བར་དམིགས་ལ་བཟླས་པའི་སྒྲ་གོང་རྩེར་ཚོར་བ་ཙམ་ལས་མི་ཆེ་མི་ཆུང་བར་བཟླས་ཏེ། བསྐྱེད་རིམ་སྣང་སྟོང་རྫོགས་རིམ་ཀ་དག་གཉིས་མེད་ཟུང་། འཇུག་གི་ངང་ནས་གཟུགས་སྣང་ཐམས་ཅད་སེང་གདོང་དྷཱཀཱི། སྒྲ་གྲག་ཐམས་ཅད་བཅུ་བཞི་པའི་སྒྲ། དྲན་རིག་ཐམས་ཅད་ཀུན་ཏུ་བཟང་མོའི་སེང་ཧ་མུ་ཁའི་ཐུགས་ཆོས་ཉིད་ཀྱི་རང་བཞིན་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །ཐུན་མཚམས་སུ་རྒྱུན་གཏོར་བསྔོ་བ་དང་ནུབ་མོ་ཐུན་གཏོར་རེ་ཡང་འབུལ། བསྐང་བ་ཡང་བྱའོ། །ཡང་སྐབས་སུ་ཉམས་ཆག་བསྐང་ཕྱིར་ཏིང་ངེ་འཛིན་གྱིས་དབང་བླང་ངོ་། མདུན་གྱི་རྟེན་གཏོར་དེ་རྩ་བའི་ཡི་དམ་དང་དབྱེར་མེད་པའི་སེང་གདོང་མར་གསལ་བཏབ་ལ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ནུབ་ཕྱོགས་ཨུ་རྒྱུན་གྱི་དུར་ཁྲོད་རབ་ཏུ་འབར་བ་འཁྲིགས་པ་དང་འོག་མིན་མཁའ་སྤྱོད་གནས་སུམ་ཅུ་སོ་བདུན་ཡུལ་ཤུ་རྩ་བཞི་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་ཚོགས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཁ་བ་བུག་ལྟར་སྤྱན་དྲངས་ནས་མདུན་བསྐྱེད་ལ་བསྟིམ། མདུན་བསྐྱེད་ཀྱི་སྐུ་ལས་སེང་གདོང་མའི་སྐུ་ཆེ་ཆུང་སྣ་


CMR018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་འཕྲོས་པས་རང་གི་ལུས་ལ་སིབ་སིབ་ཐིམ། ཐུགས་ཀ་ནས་སྔགས་ཕྲེང་ལ་སྔགས་ཕྲེང་འཕྲོས་མགྲིན་པར་ཐིམ། ཐུགས་ཀ་ནས་རྡོ་རྗེ་དྲིལ་བུ་ཌ་མ་རུ་ཁ་ཊཾ་གྲི་གུག་རལ་གྲི་དགྲ་སྟ་བུམ་པ་སོགས་འཕྲོས་ནས་སྙིང་གར་ཐིམ། ཁྱད་པར་སྐུ་ཡི་གནས་ལྔ་ནས་སེང་གདོང་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཡི་གེ་བཅུ་བཞི་པའི་སྔགས་སྒྲ་དང་བཅས་པ་བྱོན་ནས་རང་གི་གནས་ལྔར་ཐིམ་པས་དབང་དང་དངོས་གྲུབ་ཐོབ་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམས་མོ། །སྔགས་ནི་ཡི་གེ་བཅུ་བཞི་པ་རྩ་བའི་སྔགས་དང་། ཨོཾ་བཛྲ་དྷཱཀཱི་སེང་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྙིང་པོ་དང་། ཨོཾ་ཛྙཱ་ན་དྷཱཀཱི་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་ལས་སྔགས་ཏེ་བདུན་ཉེར་གཅིག་སོགས་དུས་དང་། འབྲུ་འབུམ་གྱི་སྟེང་དུ་ཁ་སྐོང་འབུམ་ཕྲག་གསུམ་དང་། བཅུ་བདུན་ནམ། འབུམ་ཕྲག་བཞི་དང་། འབུམ་ཕྲག་གཉིས་དང་། ཡང་ཁྲི་ཕྲག་གསུམ་གྱིས་བསྙེན་ཚད་འགྲུབ་པར་གསུངས་སོ། །རྟགས་ནི་བུད་མེད་མང་པོ་འདུ་བ་སོགས་མཁའ་འགྲོའི་རྟགས་ཡིག་སྤྱི་ལྟར་ཤེས་པར་བྱའོ། །བདག་མདུན་བར་དུ་འོད་ཟེར་འཁོར་བ་སོགས་དམིགས་པ་གཞན་སྤྱི་དང་འདྲ་ཞིང་


CMR018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཚར་ནས་རྗེས་ཀྱང་སྤྱི་དང་འདྲ་ལ་དངོས་གྲུབ་ལེན་ཆོག་དུས་རྗེས་གནང་ལྟར་བདག་འཇུག་བླངས་ན་ཤིན་ཏུ་ལེགས་ཤིང་མ་ཐུབ་ན་གོང་ལྟར་ཏིང་ངེ་འཛིན་གྱིས་དབང་བླངས་བས་ཀྱང་འཐུས་སོ། འདི་ནི་རྟེན་གཏོར་བྱེད་པར་འདོད་རིན་པོ་ཆེའི་ཐོད་པ་གོང་ལྟར་བཅས་ལ་རྒྱས་པར་ན་ནང་དུ། སྟོད་དུ་བླ་མ་བརྒྱུད་པ། བར་དུ་སེང་གདོང་མ། དྷཀཱི་སེང་གདོང་ཆོས་སྐྱོང་གི་སྔགས་བཅུག་ནས་གཡོ་འགུལ་མེད་པར་བཤམས་ནས་སྟོད་ཆ་སེང་གདོང་མ་ལ་སྨད་ཆ་མཆོད་པའི་སྤྲིན་སྤུང་དུར་ཁྲོད་ཀྱི་རྫ་ས་སུ་བསམས་ལ། རྒྱུན་དུ་གསོས་ཤིང་མཆོད་བསྟོད་དང་། བསྙེན་པ་འབུལ། བར་ཆད་གློ་བུར་གྱི་དགྲ་སོགས་བྱུང་ན་བསྐུལ་པ་དྲག་པོ་བྱས་ལ་ཟོར་དུ་འཕངས་ལ་ཡང་སྔར་ལྟར་བཅའོ། །སྒྲུབ་པ་འདི་མཆོག་སྒྲུབ་སྒྲིབ་བྱང་ཐུགས་ཀྱི་འཁོར་ལོ་དང་། སྲུང་ཟློག་ལ་སྐུ་གསུང་ཐུགས་ཡོན་ཏན་གྱི་འཁོར་ལོ་རྒྱབ་ཡིག་ཅན་དང་། ཚེ་སྒྲུབ་ན་ཚེ་སྒྲུབ་ཀྱི་འཁོར་ལོ་བཏགས་ཐུབ་ན་ཤིན་ཏུ་ལེགས་ཤིང་། བ་རི་ལུགས་ཀྱི་གཞུང་ན་ཡོད་པའི་ཚེ་སྒྲུབ་དང་ནོར་སྒྲུབ་དང་སྲུང་ཟློག་སོགས་ལས་ཕྲན་བུ་སྒྲུབ་པ་ལ་ཡང་འདི་ལྟར་བདག་མདུན་སོ་སོར་བྱེད་ཅིང་། བསྟོད་བསྐུལ་ཕྲིན་ལས་བཅོལ་བ་


CMR018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགྲུབ་ན་ཤིན་ཏུ་ལེགས་པས་དེ་དག་གི་བྱེད་ཚུལ་མན་ངག་འཁྲུལ་དམིགས་རྣམས་སློབ་དཔོན་གྱིས་ཞལ་ཁྲིད་ཟབ་མོ་ལ་བརྟེན་ཏེ་ཤེས་པར་བྱའོ། །དེ་ལྟར་བསྒྲུབས་ཚར་དཀྱིལ་འཁོར་བསྡུ་བ་སོགས། བཀྲ་ཤིས་སྨོན་ལམ་དང་བཅས་པ་ནས། དཔོན་སློབ་ཐམས་ཅད་ཀྱི་ལུས་གནས་རྣམས་ཡི་གེ་བཅུ་བཞི་པ་བསྲུང་བའི་གོ་བགོ་བར་བྱ་སྟེ། སྤྱི་བོར་ཨཀ༔༔ མགྲིན་པར་ས༔ནུ་མ་གཉིས་ལ༔ར༔ ལྟེ་བར་ཤ༔ད༔ གསང་གནས་ལ་ར༔ས༔ བརླ་གཉིས་ལ་མ༔ར༔ ངོ་གདོང་གཉིས་ལ་ཡ༔ཕཊ༔ ཅེས་པ་རྣམས་ཁ་དོག་དམར་པོ་འོད་ཟེར་འཕྲོ་བས་བསྲུང་བར་བསྒོམ། གཞན་ཡང་སྤྱི་དང་མཐུན་ནོ། །ཞེས་བརྗེད་ཐོ་འདི་བྲིས་པས་ནོངས་པ་ཐམས་ཅད་མཐོལ་ལོ་བཤགས་ཤིང་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བགྱིའོ། །ཞེས་ཨ་རཱ་གས་སོ། །དགེའོ།། །།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་སྒྲུབ་ཐབས་ཟིན་བྲིས།next