Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་ཆོ་ག་རྡོ་རྗེ་གོ་མཚོན་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་ཆོ་ག་རྡོ་རྗེ་གོ་མཚོན་ཟིན་བྲིས།next

མཁའ་འགྲོ་སེང་གདོང་མའི་ཆོ་ག་རྡོ་རྗེ་གོ་མཚོན་ཟིན་བྲིས།


CMR018_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མའི་ཆོ་ག་རྡོ་རྗེ་གོ་མཚོན་ཟིན་བྲིས་བཞུགས་སོ། །ཕྱི་སྒྲུབ་བསྙེན་པའི་རིམ་པའོ།།


CMR018_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སེང་ཧ་མུ་ཁ་ཡེ། སེང་གདོང་ལྷ་མོ་དངོས་སུ་གྲུབ་པ་ཡི། །རྒྱ་གར་གྲུབ་ཆེན་གོས་མེད་ཀུ་ཀུ་ར། །མཚན་མོ་ལུས་ལ་མེ་དཔུང་འབར་དེ་ནི། །བོད་དུ་སྐུ་འཁྲུངས་ཞྭ་དམར་ཅོད་པན་ཅན། །ཆོས་ཀྱི་དབང་ཕྱུག་སྤྱི་བོའི་གཙུག་བཀོད་ནས། །མཁའ་འགྲོ་སེང་གེའི་གདོང་ཅན་སྒྲུབ་པའི་ཐབས། །རྡོ་རྗེའི་གོ་མཚོན་ཟིན་བྲིས་ཅུང་ཞིག་བཀོད། །བླ་མ་ཌཱཀིས་བཀའ་གནང་བྱིན་གྱིས་རློབས། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་རྫོགས་རིམ་བཞི། །དང་པོ་གནས་རྣམས་གཙང་ཞིང་དབེན་པའི་སར། །གཞི་བདག་གཏོར་མ་ཕུལ་ལ་བཀའ་བསྒོ་བྱ། །བགེགས་གཏོར་


CMR018_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་བགེགས་བསྐྲད་སྲུང་འཁོར་བསྒོམ། །ཟངས་ལྕགས་སྣོད་དམ་ཐོད་ནང་དུ། །གཏོར་མ་སྨད་ནི་ཟླུམ་པོ་རྩེ་ཟུར་གསུམ། །དཀར་རྒྱན་མཛེས་ཤིང་ཤ་ཆང་བརྒྱན་པ་བཤམས། །གཞུང་ལྟར་སྐྱབས་འགྲོ་ནས་བཟུང་མངོན་རྟོགས་བསྒོམ། །རང་གི་སྙིང་དེ་པདྨ་དམར་པོ་ནི། །འདབ་མ་བཅུའམ་བཅུ་བཞིའི་ཟེའུ་འབྲུའི་སྟེང་། །ཉི་མའི་དཀྱིལ་འཁོར་གདན་ཐབས་གཏིང་བའི་དབུས། །ཧཱུྃ་ཡིག་ནག་པོ་འགྲེང་སྟེ་གནས་པ་ནི། ཡིག་མགོར་ལྟ་ས་ངོས་ནི་ཡི་གེའི་མདུན། །དེ་ནི་རང་གི་མདུན་གྱི་ཕྱོགས་སུ་ལ། །དེ་མཐར་མདུན་ནས་བརྩམ་སྟེ་གཡས་བསྐོར་དུ། །ཡི་གེ་བཅུ་


CMR018_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིག་ངོ་ནང་བསྟན་བཀོད། །ཡི་གེ་བཅུ་བཞི་ཚེག་དྲག་དང་བཅས་པ། །མཐིང་ནག་ཁ་དོག་ལྔ་ཡི་འོད་ཟེར་འཕྲོས། །ཕྱི་ཡི་སྐུ་དང་ནང་གི་སྔགས་གསལ་བཏབ། །སྔོན་དུ་ལྷ་གཞན་བསྙེན་སྒྲུབ་མ་ཐེམས་ན། །སྔགས་ཕྲེང་ནང་དེར་མཚན་སྔགས་གོང་ལྟར་བཀོད། །མཚན་སྔགས་དེ་བཞིན་འབུམ་ཕྲག་བཟླས་ན་འཇམ། ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། དུས་ནི་ཞག་བདུན་གྲངས་ནི་འབུམ་ཕྲག་གཅིག །བཟླས་པས་རྒྱུད་འཇམ་ལྷོང་སོགས་མི་འབྱུང་ངོ་། །དེ་ལྟར་མིན་ན་ཡི་གེ་བཅུ་བཞི་ནི། །སྡེ་བརྒྱད་སྲོག་སྔགས་ཡིན་པས་རྩུབ་པ་སྟེ། །རྗེ བློ་སེམས་མི་བདེ་ལ་སོགས་ལྷོང་འབྱུང་སྲིད། །ལྷ་གཞན་བསྙེན་པ་ཐོན་ན་མི་བྱེད་ཆོག །མི་བྱེད་ན་ནི་ཐུགས་ཀར་མཚན་སྔགས་ཀྱི། །སྔགས་ཕྲེང་སྙིང་ཁར་བཀོད་པ་མི་དགོས་སོ། །དང་པོ་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དེ། །ཀློག་པའི་ཚུལ་དུ་བཟླས་པ་ཅུང་ཞིག་བྱ། །དེ་ནས་ཡིག་འབྲུ་རྣམས་ནི་མི་འཁོར་བ། །ཕྲེང་བ་མི་འཁོར་ཕྲེང་ལུང་འཁོར་བ་ལྟར། །འོད་ཟེར་ཁ་དོག་ལྔ་ལྡན་གཡོན་དུ་འཁོར། །དཔེར་ན་མཆོད་རྟེན་གཅིག་ལ་མི་བཅུ་བཞིས། །བོན་སྐོར་བྱེད་པ་བཞིན་དུ་འཁོར་བ་སྟེ། །དང་པོ་གཡས་བསྐོར་ཡིག་ངོ་ནང་བསྟན་པས། །


CMR018_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་བསྐོར་སྟབས་ཤིན་ཏུ་བདེ་བ་ཡིན། །གནད་དེ་མ་གོ་ལོག་པར་གྱུར་པ་མང་། །སྒྲུབ་ཐབས་རྣམས་ནས་གཡས་སུ་བསྐོར་གསུངས་པས། །བཀོད་ལུགས་ཡིན་གྱི་འཁོར་ལུགས་མ་ཡིན་ཏེ། །མ་རྒྱུད་སྔགས་ཕྲེང་གཡས་སུ་འཁོར་མི་སྲིད། །དང་པོ་ཡིག་འབྲུ་དལ་བུས་གཡོན་དུ་འཁོར། །དེ་ནས་ཇེ་མགྱོགས་གཡོན་དུ་དྲག་ཏུ་འཁོར། །ཕོག་ཐུག་འགྲོ་བས་སྔགས་སྒྲ་ཚེ་མི་རུང་། །སྔགས་འབྲུ་མི་གསལ་ནུས་པ་མི་འབྱུང་བས། །བུང་བའི་སྐད་ཙམ་སིལ་བུར་བཟླས་བྱ་སྟེ། །ཡིག་འབྲུ་རེ་ལ་རྣམ་བཅད་རེ་ཡོད་ཕྱིར། །འབྲེལ་མ་འཇམ་ཡིག་ལྟར་དུ་མི་འདོན་པར། །དྲག་པོ་རྦད་རྦད་བཅད་ཅིང་སིལ་བུར་བཟླས། །དེ་ནི་འདི་ཡི་བསྙེན་པའི་མན་ངག་གོ ༈ །ཐུགས་ཀའི་སྔགས་ཕྲེང་དེ་ཉིད་ལས། །འོད་ཟེར་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པར་གྱུར། །ཐམས་ཅད་སེང་གདོང་ལྷ་མོའི་སྐུར་གྱུར་ནས། །ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན། །མཚོ་ལ་ཆར་བབ་ལྟ་བུར་བདག་ལ་བསྟིམ། །ཁྱད་པར་རྒྱ་གར་ནུབ་


CMR018_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཨོ་རྒྱན་ཡུལ། །རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས། །སེང་གདོང་ལྷ་མོ་ཆེ་བ་རི་རབ་ཙམ། །ཆུང་བ་ཡུངས་ཀར་འབྲུ་ཙམ་གྲངས་མེད་པ། །རྒྱུན་ཆད་མེད་པར་ཆེར་བཞིན་བདག་ལ་ཐིམ། །དེ་ལྟར་བསྒོམ་ཞིང་བཟླས་པ་ཉེ་བསྙེན་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་ཟླ་བའི་འོད་ལྟར་འཕྲོས། །ལུས་ངག་སྡིག་སྒྲིབ་ཉམས་ཆག་ནད་གདོན་བསལ། །འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཁྱབ། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་དང་། །བསྲུང་བྱ་ཀུན་གྱི་ནད་གདོན་བར་ཆད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་ཞི་བར་བྱས། །རྒྱལ་བ་ཀུན་གྱི་ཞི་བའི་དངོས་གྲུབ་ཀུན། །འོད་ཟེར་བསྡུས་ནས་ཚུར་འདུས་རང་ལ་ཐིམ། །ཞི་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ། །སླར་ཡང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་གསེར་མདོག་ཉི་མའི་འོད་བཞིན་འཕྲོས། །ལུས་གང་ཚེ་དང་བསོད་ནམས་ཉམས་རྟོགས་རྒྱས། །འོད་ཟེར་འཇིག་རྟེན་ཁྱབ་པར་ཕྱིར་འཕྲོས་པས། །སེམས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་རྒྱས། །བསྲུང་བྱ་ཀུན་གྱི་བསོད་ནམས་མངའ་ཐང་སྟོབས། །པདྨ་ཆུ་ཡིས་བྲན་ལྟར་རྒྱས་བྱས་


CMR018_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འོད་དེས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །རྒྱས་པའི་དངོས་གྲུབ་ཚུར་བསྡུས་རང་ལ་ཐིམ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་སུ་རྫོགས། ༈ །ཐུགས་ཀའི་སྔགས་ལས་གློག་འདྲའི་འོད་དམར་འཕྲོས། །ལུས་ངག་ནང་གི་རླུང་སེམས་རང་དབང་ཐོབ། །ཕྱིར་འཕྲོས་ལྷ་འདྲེ་མི་གསུམ་བཀྲག་གཟི་མདངས། །ཡི་དམ་མཁའ་འགྲོའི་དབང་གི་དངོས་གྲུབ་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བླངས་པ་ལྟར། །སིལ་སིལ་བསྡུས་ནས་རང་ལ་ཐིམ་པ་ཡིས། །སྣང་སྲིད་དབང་དུ་འདུས་པའི་དངོས་གྲུབ་ཐོབ། །༈ །སླར་ཡང་སྔགས་ལས་འོད་ཟེར་ལྗང་ནག་ནི། །ཚ་ཞིང་སྲེག་པའི་རེག་བྱ་ཅན་འཕྲོས་པས། །ནང་གི་ཉོན་མོངས་དུག་ལྔའི་རྣམ་རྟོག་བསྲེགས། །ཕྱིར་འཕྲོས་འགྲོ་བ་ཀུན་གྱི་སྡུག་བསྔལ་དང་། །རང་དང་བསྲུང་བྱ་ལ་གདོན་དགྲ་དང་བགེགས། །བྱ་སྤུ་མེ་ལ་བསྲེགས་བཞིན་རྗེས་མེད་བསྲེག །ཁྲོ་བོ་ཁྲོ་མོ་ཀུན་གྱི་མཐུ་སྟོབས་དང་། །དྲག་སྔགས་མཐུ་ཡི་དངོས་གྲུབ་འོད་དེས་བསྡུས། །རང་ཐིམ་ཕྲིན་ལས་ཐོགས་མེད་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་བཟླས་པ་སྒྲུབ་པ་ཡིན། ༈ །སླར་ཡང་སྔགས་ལས་འོད་ཟེར་སྨུག་ནག་འཕྲོས། །


CMR018_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཐམས་ཅད་དབང་པོ་བྱིང་འཐིབས་བྱས། །ཡིད་ནི་རྨོངས་པས་དྲན་མེད་བདེ་བ་རྒྱས། ༈ །འོད་ཟེར་སེར་སྐྱ་འཕྲོས་པས་གནོད་བྱེད་ཀུན། །ལུས་ནི་ཤིང་ལྟར་རེངས་ཏེ་གཡོ་འགུལ་བྲལ། །ངག་ནི་རེངས་ཏེ་པི་ཝང་རྒྱུན་ཆད་ལྟར། ༈ །འོད་ཟེར་ནག་པོ་ཐག་ཞགས་ལྟ་བུར་འཕྲོས། །གནོད་བྱེད་རྣམས་ཀྱི་ཡན་ལག་ལན་དགུར་བཅིངས། ༈ །འོད་ཟེར་དུད་ཁ་རླུང་ཐོག་ལྟ་བུར་འཕྲོས། །གདོན་བགེགས་ཐམས་ཅད་བྱ་སྤུ་རླུང་གཏོར་ལྟར། །ཕྱི་ཡི་ལྕགས་རི་ནག་པོའི་ཕྱི་ལ་བསྐྲད། ༈ །སྣང་ཞིང་སྲིད་པའི་ལྷ་འདྲེ་དྲེགས་པའི་ཚོགས་། །རང་ཉིད་ཁྲོ་མོའི་གཟི་བརྗིད་ཆེན་པོས་གཟིར། །སྐྱག་བསྔངས་འདར་ནས་མིག་རྩ་ཧྲིག་ཧྲིག་གིས། །ཐལ་སྦྱར་ཅི་བགྱིའི་བཀའ་ཉན་སྲོག་སྙིང་ཕུལ། ༈ །རང་ཉིད་སེང་གདོང་ལྷ་མོས་ཞབས་བརྡབས་པས། །སྟོང་གསུམ་རི་རབ་གླིང་བཞི་ཡོམ་ཡོམ་གཡོ། །སྒྲུབ་པའི་བར་ཆད་བགེགས་དང་དམ་སྲིའི་ཚོགས། །ས་འོག་རིམ་པ་དགུ་ཡི་ས་འོག་ཏུ། །ས་འབོལ་ནང་དུ་ཁབ་བརྡབས་ལྟ་བུར་སོང་། །དེ་སྟེང་རང་གི་ཕོ་བྲང་གདན་གྱིས་མནན། ༈ སླར་ཡང་རང་གི་སྐུ་ལས་འོད་ཟེར་ནི། །དམར་ནག་ཐོག་ཟེར་ལྟར་འཕྲོས་གནོད་བྱེད་


CMR018_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསད། །སླར་ཡང་མེ་དཔུང་འཕྲོས་པས་རྗེས་མེད་བསྲེགས། །དེ་ལྟར་བསྒོམ་ཞིང་ཡི་གེ་བཅུ་བཞི་བཟླས། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་རིམ་མོ། ༈ །དེ་ནས་ཐུན་མཇུག་གཏོར་མ་དེ་ཉིད་བྲན། །གཞུང་ནས་བཤད་པའི་གཏོར་བསྔོས་མཆོད་བསྟོད་བྱ། །གཞུང་ལྟར་གཏོར་མགྲོན་ཡེ་ཤེས་པ་ནི་གཤེགས། །བདག་བསྐྱེད་ཡེ་ཤེས་ནམ་ཡང་མི་གཤེགས་ཏེ། །ཕྱག་རྒྱ་སྒོ་བཅད་སྒྲུབ་པ་བླ་མེད་ལུགས། །རབ་ལ་དེ་དག་བསྐྱེད་རྫོགས་ཟུང་འཇུག་ཏུ། །སེམས་ངོ་མ་ཤོར་ངང་ནས་སྒོམ་ན་རབ། །མེད་ན་བདག་བསྐྱེད་མཐའ་ནས་དབུས་སུ་ཡལ། །སྟོང་པར་བསྡུས་ནས་སེམས་ངོ་ཡུད་ཙམ་སྐྱོང་། །གཞུང་གི་བསྔོ་བ་ཤོ་ལོ་ཀ་དེ་བྱ། །ངག་ནི་རྒྱུན་དུ་བཅད་ནི་མཆོག་ཡིན་ཏེ། །གཏོང་དགོས་བྱུང་ན་ཐུན་མཚམས་འདི་རུ་གཏོང་། །བརྒྱ་ཕྱག་གཏོར་མ་བརྒྱ་རྩ་ལ་སོགས་པ། །ཆོག་མེད་ཡིན་པའི་ཆོས་སྤྱོད་གང་འོས་སྐྱོང་། །དེ་ནས་ཉིན་གུང་ཐུན་ཡང་སྔོན་ལྟར་ཏེ། །ཐུན་མཚམས་གཏོར་མ་བཅའ་སོགས་གང་དགོས་བསྒྲུབ། །དགོང་མོའི་ཐུན་ལ་སྔོན་དང་ཁྱད་མེད་དེ། །ཐུན་མཚམས་མཚལ་མའི་གསང་སྔགས་ནང་གཏོར་སོགས། །རང་གི་ཆག་མེད་གཏོར་བསྔོས་གང་


CMR018_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བྱ། །ཁྱད་པར་མཁའ་འགྲོ་སྤྱི་གཏོར་གལ་ཆེ་སྟེ། །མཁའ་འགྲོ་ཐམས་ཅད་དེ་ཡི་འཁོར་ཡིན་ནོ། །མདོ་སྒྲུབ་ཆག་མེད་ཡིན་ན་སྐབས་དེར་འདོན། །དེ་ནས་མཚན་མོའི་ཐུན་ཡང་སྔར་བཞིན་ཏེ། །མཇུག་ཏུ་བསྔོ་སྨོན་ཆག་མེད་གང་ཡོད་འདོན། །སླར་ཡང་དྲན་རྫོགས་སེང་གདོང་མར་བསྒོམས་ནས། །ཐུགས་དབུས་ཧཱུྃ་ཡིག་མར་མེ་ལྟར་གསལ་བ། །དེ་ལ་རིག་པ་གཏད་ལ་ཉལ་བར་བྱས། །དེ་ལྟར་ཞག་བདུན་བཅུ་གཅིག་ཉེར་གཅིག་གམ། །གྲངས་ནི་འབུམ་ཕྲག་བཅུ་བཞི་བདུན་འབུམ་མམ། །གཅིག་འབུམ་ཉིས་ཁྲི་བཟླས་ཀྱང་རུང་བར་གསུངས་། །དེ་ཉིད་ཡི་དམ་གཙོ་བོ་བྱེད་ན་ནི། །ཟླ་བ་གསུམ་དང་དྲུག་སོགས་བསྒྲུབ་པར་གསུངས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །ཞལ་མཇལ་ལུང་སྟོན་དབང་བསྐུར་ཆོས་བཤད་དང་། །མ་སྲིང་བུད་མེད་ཚེས་བཟང་མང་པོ་འདུ། །གླུ་ལེན་བྲོ་འཁྲབ་བརྡ་སྟོན་གསང་ཚིག་སྨྲ། །བདུད་རྩི་དཀར་གསུམ་པོ་ཏི་རྡོ་དྲིལ་བྱིན། །ཕྱག་མཚན་རྒྱུན་དྲུག་ལ་སོགས་རྙེད་པ་རྨིས། །མཛེ་མོ་ཡུགས་ས་བྲང་རྡུང་རྒྱན་ཆ་གཏོར། །དམ་ཚིག་སེལ་ལམ་བར་ཚད་ཡོད་རྟོགས་ཏེ། །འདི་ལ་རྫས་དང་སྔགས་སོགས་ཅི་ཡང་མེད། །ཕན་


CMR018_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ཆེ་བ་ལན་མང་མྱོང་བས་འགྲུབ། །རང་གནས་སུ་ལ་བསྒོམ་ཡང་ཕན་པར་ངེས། །རྡོར་སེམས་སྒོམ་བཟླས་ཚོགས་དང་བསྐང་བ་བྱ། །གལ་ཏེ་བུད་མེད་ཁ་ཤོ་བྱུང་བ་ན། །རྟགས་མཚན་གཞན་ལ་མི་སྨྲ་གསང་དམ་བཅའ། །ལེགས་པའི་རྟགས་བྱུང་རྟགས་ཐོན་བསྙེན་པ་མཆོག །སྔགས་འདི་རྩུབ་པས་བློ་སེམས་མི་བདེ་སྲོལ། །རང་གི་སྙིང་དབུས་བམ་ཡིག་དཀར་པོ་ལས། །བདུད་རྩི་འོ་མ་ལྟར་བབས་སྙིང་ཁེངས་བསྒོམ། །དམིགས་པ་གསལ་ན་ཕྲལ་དུ་ཕན་པར་ངེས། །དེ་ལྟར་སྔོན་དུ་བསྙེན་པ་མ་ཐེམ་པར། །བཟློག་པ་ཐལ་རྡེབ་བྱས་ན་མི་ལེགས་ཏེ། །བསྙེན་པ་མ་ཐེམས་ལས་སྦྱོར་དོན་མི་འགྲུབ། །རྗེས་ནས་སྒྲུབ་ཐག་རིང་བར་བཤད། །དེ་ལྟར་དཀོན་མཆོག་འབངས་ཀྱིས་མཛད་པ་སྟེ། །སྒྲུབ་ཐབས་རྡོ་རྗེའི་གོ་མཚོན་འདི་ཉིད་ཀྱི། །བདག་བསྐྱེད་ལ་བརྟེན་བསྙེན་པ་བྱ་བའི་ཕྱིར། །བདུད་མོ་བླ་མ་ཀརྨ་དར་རྒྱས་ཀྱིས། །བསྐུལ་ཕྱིར་སྔགས་རྒན་རཱ་ག་ཨ་སྱ་ཡིས། །ཕག་ལོ་ཟླ་བའི་ཡར་ཚེས་བཅུ་གཅིག་ཉིན། །ངག་ནས་བཅོལ་གཏམ་ཆལ་ཆོལ་སྨྲས་པ་རྣམས། །དགེ་སློང་ཀ་ལའི་མིང་ཅན་དེ་ཡིས་བྲིས། །ཉེས་འགལ་གང་མཆིས་བླ་མ་ལྷ་ལ་བཤགས། །


CMR018_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་ཚེ་འདིར་བདུད་བཞིའི་གཡུལ་ལས་རྒྱལ། །ཕྱི་མ་ཡེ་ཤེས་ཌཱཀི་སེང་གདོང་མས། །བདེ་ཆེན་དག་པའི་ཞིང་དུ་འཁྲིད་པར་ཤོག། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོ་སེང་གདོང་མའི་ཆོ་ག་རྡོ་རྗེ་གོ་མཚོན་ཟིན་བྲིས།next