Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་བསྐྱེད་རྫོགས་མན་ངག་
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་བསྐྱེད་རྫོགས་མན་ངག་next

སེང་གདོང་མའི་བསྐྱེད་རྫོགས་མན་ངག་


CMR018_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་བསྐྱེད་རྫོགས་མན་ངག་བཞུགས་སོ།


CMR018_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། སེང་གདོང་མའི་བསྐྱེད་རྫོགས་ཉམས་ལེན་ནི། དང་པོ་སྐད་ཅིག་ལ་སེང་གདོང་མའི་བསྐྱེད་རིམ་སྒོ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་ལུས་ཀྱི་རྩ་གཞན་ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་གི་རྣམ་པ་དེ་གསུམ་དབྱེར་མེད་པར་ཤེས་པ་དང་། ནང་བཅུད་ཀྱི་སེམས་ཅན་རྩ་གནས་ནང་གི་ཐིག་ལེ་གཞན་གནས་ཡུལ་གྱི་ཌཱཀི་མ་རྣམས་ཀྱང་དབྱེར་མེད་པ་དང་། ཁྱད་པར་རང་གི་མིག་དང་གཟུགས་སའི་སྙིང་པོ་ཡབ་ཡུམ། རྣ་བ་དང་སྒྲ་ཕྱག་ན་རྡོ་རྗེ་ཡབ་ཡུམ། སྣ་དང་དྲི་ནམ་མཁའི་སྙིང་པོ་ཡབ་ཡུམ། ལྕེ་དང་རོ་འཇིག་རྟེན་དབང་ཕྱུག་ཡབ་ཡུམ། ལུས་


CMR018_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང་རེག་བྱ་སྒྲིབ་པ་རྣམ་སེལ་ཡབ་ཡུམ། ཡིད་དང་ཆོས་འཇམ་དཔལ་ཡབ་ཡུམ། ཚིགས་ཀུན་ཏུ་བཟང་པོ་ཡབ་ཡུམ། རྩོ་རྒྱུས་བྱམས་པ་ཡབ་ཡུམ། ལག་པ་གཡས་གཤིན་རྗེ་གཤེད་ཡབ་ཡུམ། གཡོན་གཞན་གྱིས་མི་ཐུབ་པ་ཡབ་ཡུམ། ལྕེར་རྟ་མགྲིན་ཡབ་ཡུམ། གསང་བར་བགེགས་མཐར་བྱེད་ཡབ་ཡུམ། དཔུང་པ་གཡས་མི་གཡོ་བ་ཡབ་ཡུམ། གཡོན་འདོད་རྒྱལ་ཡབ་ཡུམ། པུས་མོ་གཡས་དབྱུག་སྔོན་ཡབ་ཡུམ། གཡོན་སྟོབས་པོ་ཆེ་ཡབ་ཡུམ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡབ་ཡུམ། རྐང་མཐིལ་གཉིས་སུ་གནོད་མཛེས་ཡབ་ཡུམ། གཟུགས་


CMR018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོ་རྣམ་སྣང་ནམ་མཁའི་ཁམས་དབང་ཕྱུག་མ་གཉིས་ཡབ་ཡུམ། ཚོར་བའི་ཕུང་པོ་རིན་འབྱུང་དང་སའི་ཁམས་སངས་རྒྱས་སྤྱན་མ། འདུ་ཤེས་འོད་དཔག་མེད་དང་མེ་ཁམས་གོས་དཀར་མོ། འདུ་བྱེད་དོན་གྲུབ་དང་རླུང་ཁམས་དམ་ཚིག་སྒྲོལ་མ། རྣམ་ཤེས་མི་བསྐྱོད་པ་དང་ཆུ་ཁམས་མཱ་མ་ཀི། །དེ་ཐམས་ཅད་བསྡུས་པ་ནི་ཀུན་བཟང་ཡབ་ཡུམ། དཔྲལ་བར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ་སྟེ། དེ་ཐམས་ཅད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པའི་དྭངས་མ་མི་ཤིགས་པ་བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ་དམར་པོ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་རེ་རེ་གནས་པ་སྟེ། གསལ་སྟོང་བདེ་བ་ཆེན་པོའི་ངོ་བོ་ཡེ་ནས་དག་པར་གྱུར། རང་གི་ཐུགས་དབུས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ་གི་མཐའ་བསྐོར་དུ་ཡི་གེ་བཅུ་བཞི་པ་དང་། ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྙིང་པོ་དང་། ཨོཾ་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་ལས་སྔགས་ཅི་ནུས་བཟླས་ཏེ། ཞི་རྒྱས་དབང་དྲག་གི་ལས་གང་བྱེད་དཀར་སེར་དམར་ནག་གི་སྔགས་ཕྲེང་དང་འོད་ཟེར་སྤྲོ་


CMR018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བྱའོ། །དེ་ནས་ལུས་དཀྱིལ་གྱི་ལྷ་ཚོགས་གཞིའི་ལུས་ལ་བསྟིམས་ནས། རང་ཉིད་སེང་གདོང་མའི་སྐུའི་ནང་སྟོང་སེང་ངེ་བའི་དབུས་སུ་རྩ་གསུམ་དང་འཁོར་ལོ་༈ བཞི་གསལ་བཏབ་པའི་སུམ་མདོར་ཉི་གདན་ལ་རཾ། ལྟེ་བར་ཨོཾ། སྙིང་གར་ཧཱུཾ། མགྲིན་པར་ཨོ། སྤྱི་བོར་ཧཾ། སྙིང་གའི་རྩ་འདབ་བརྒྱད་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ བརྒྱད་སྔོན་པོ་ཧཱུྃ་དང་བཅས་པ་མགོ་ཐུར་བསྟན། མགྲིན་པའི་རྩ་འདབ་བཅུ་དྲུག་ལ། རྩ་སྔགས་ཚར་གཅིག་དང་། ཨཀགཉིས་དང་བཅུ་དྲུག་དམར་པོ་མགོ་གྱེན་བསྟན། སྤྱི་བོའི་རྩ་འདབ་སོ་གཉིས་ལ་རྩ་སྔགས་ཚར་གཉིས་དང་། ཨ༔ཀ༔ས༔མ༔ བཞི་དང་པོ་གཉིས་དཀར་པོ་བདེ་བའི་རང་བཞིན་ཐུར་བསྟན། ལྟེ་བའི་རྩ་འདབ་རེ་གཉིས་ལ་རྩ་སྔགས་ཚར་བཞི་དང་། ཨཀསམརིཙདྲུག་དང་རེ་གཉིས་དམར་པོ་དྲོད་ཀྱི་རང་བཞིན་མགོ་གྱེན་བསྟན། བཤང་སྒོའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་གྱེན་དུ་སྐྱོད་པར་གསལ་བཏབ་ནས། རླུང་རོ་བུས་ཏེ་རླུང་བཟུང་བས་རོ་རྐྱང་གི་རླུང་ཐུར་དང་། བཟླས་པས་དབུ་མ་ན་རྩེ་འཕྲད་ནས་རཾ་ཡིག་བུས་པས་རཾ་ལས་མེ་འབར་བས་ལྟེ་བའི་ཨ་ཐུང་ཡིག་འབྲུ་དང་


CMR018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལས། ཡི་གེ་བཅུ་བཞི་པའི་རང་སྒྲར་མེ་ཚ་ཞིང་རྩུབ་པར་འབར་བས་སྙིང་གའི་ཧཱུྃ་དང་ཡིག་འབྲུ་ལ་ཕོག་པས་བདུད་རྩིའི་རྒྱུན་དངུལ་ཆུ་ལྟ་བུར་ཡི་གེ་བརྒྱད་ཀྱི་རང་སྒྲ་བབས་པས་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་བསྒོམ། དེ་བཞིན་དུ་སྤྱི་མགྲིན་གཉིས་ལ་ཡང་བསྒོམ་པར་བྱ་ཞིང་བདེ་སྟོང་གཉིས་སུ་མེད་པ་ལ་མཉམ་པར་བཞག་ཅིང་། དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་དང་ཆོས་འབྱུང་གཞལ་ཡས་ཁང་ལ་ཐིམ། དེ་བདག་ཉིད་ལ། བདག་ཉིད་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་ཡང་ཞབས་ཀྱུ་ནས་རིམ་པར་ཡར་ཐིམ་ནས་ནཱ་ད་ཙམ་དང་། དེ་ནས་དམིགས་མེད་བློ་འདས་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་མཉམ་པར་བཞག །སླར་ཡང་སེང་གདོང་མ་གཅེར་བུ་རྒྱན་མེད་པའི་སྐུ་སྒྱུ་མ་ལྟ་བུར་བཞེངས་ནས་བསྔོ་བ་དང་སྨོན་ལམ་དང་། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གོང་དུ་བཟླས་པའི་གོང་དུ་ཕྲེང་བ། བསང་སྦྱང་ཧཱུཾ་ཡིག་བརྒྱ་རྩ་བརྒྱད་ཞུ་བ་ལས་བྱུང་བའི་སེང་གདོང་མའི་སྐུ་ཆུང་ངུ་རེ་རེར་གྱུར་པར་བསམ་ལ། ཨོཾ་རུ་ཙི་ར་མ་ནི་པྲ་བར་དྷ་ཡེ་སྭཱ་ཧཱ། ཅི་མང་བཟླས་ལག་པ་དབྱངས་གསལ་ཉི་ཟླའི་བར་དུ་ཕྲེང་བ་ཕུས་གདབ་པས་ཕྲེང་


CMR018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནུས་པ་དང་ལྡན་པར་བསམས་པས་ཕྲེང་བ་བྱིན་བརླབས་སོ། །ཐུན་མཚམས་ཀྱི་སྤྱོད་ལམ་ནི་ཁ་ཟས་སྲེག་བླུགས་དང་། འགྲོ་འདུག་བསྐོར་བ་ལ་ཉལ་བ། འོད་གསལ་འཛིན་པའི་རྣལ་འབྱོར་སྤྱི་དང་མཐུན་ནོ། །བསྐྱེད་རྫོགས་ཀྱི་ཟབ་གནད་བརྗེད་ཐོ་འདི་ཡང་རཱ་གའི་མིང་ཅན་བདག་གིས་བྲིས་ཏེ། འདི་བྲིས་ཉེས་པ་ཌཱཀིའི་ཚོགས་ལ་བཤགས། །དགེ་བས་རྡོ་རྗེ་འཆང་ཆེན་ཚེ་འདིར་འགྲུབ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསེང་གདོང་མའི་བསྐྱེད་རྫོགས་མན་ངག་next