Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་བཀའ་སྲུང་རྡོ་རྗེ་རྒྱལ་མཚན་གསོལ་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་བཀའ་སྲུང་རྡོ་རྗེ་རྒྱལ་མཚན་གསོལ་མཆོད།next

སེང་གདོང་བཀའ་སྲུང་རྡོ་རྗེ་རྒྱལ་མཚན་གསོལ་མཆོད།


CMR018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་བཀའ་སྲུང་རྡོ་རྗེ་རྒྱལ་མཚན་གསོལ་མཆོད་བཞུགས་སོ།།


CMR018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། ཡེ་ཤེས་མཁའ་འགྲོ་དྲག་མོ་སེང་གདོང་མའི། །བཀའ་སྲུང་ཆོས་བདག་མཆོད་པའི་གོ་ཆ་ནི། །ཤ་ཁྲག་བརྒྱན་པའི་དམར་གཏོར་བཟང་དུ་བཤམས། །རང་ཉིད་ཌཱཀི་སེང་གདོང་ང་རྒྱལ་གྱིས། །དགྲ་བགེགས་བླ་སྲོག་བཀུག་ལ་གཏོར་མར་བསྟིམ། །ཨོཾ་ཨཱཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསམ། །རང་ཉིད་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་སྤྱན་འདྲེན་མདུན་བཞུགས་བསམ། །དྲེགས་པ་རང་རྒྱུད་དམ་ཚིག་བསྐྱེད་མི་དགོས། །ཧཱུཾ། རྒྱལ་བའི་བསྐྱེད་ཡུམ་ཌཱཀི་སེང་གདོང་མའི། །བཀའ་སྲུང་ཆོས་ཀྱི་བདག་པོ་དམ་ཚིག་ཅན། །གནོད་སྦྱིན་ཆེན་པོ་རྡོ་རྗེ་རྒྱལ་མཚན་ཁྱོད། །བསྟན་པ་བསྲུང་ཕྱིར་གནས་འདིར་


CMR018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །སྟོང་གསུམ་གླིང་བཞི་འཛམ་གླིང་རྒྱ་བོད་དང་། །གནས་ཆེན་གཙུག་ལག་ཆོས་འཁོར་གར་བཞུགས་ཀྱང་། །དེ་ཉིད་སྒྲུབ་པའི་རྣལ་འབྱོར་གྱིས་བོས་ཚེ། །ཐོགས་མེད་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །མཆོད་པའི་གནས་འདིར་ད་ལྟ་ཉིད་དུ་བྱོན། །པད་ཉི་དགྲ་བགེགས་ཅང་ཤེས་ཁྲི་སྟེང་དུ། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །ཡེ་ཤེས་ཌཱ་ཀི་ཀླུ་སྒྲུབ་པད་འབྱུང་དང་། །རིན་ཆེན་གྲགས་པ་སངས་རྒྱས་མགོན་པོ་སོགས། །རིག་འཛིན་བརྒྱུད་པའི་བཀའ་བསྒོས་དྲན་མཛོད་ལ། །ཌཱཀྐི་སྒྲུབ་པོ་བདག་གི་


CMR018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་གྲོགས་མཛོད། །བཛྲ་དྷ་ཛ་ཡཀྵ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ས་མ་ཡ་ཧོ། མཆོད་པ་ནི། ཧཱུྃ། སྲུང་མ་གནོད་སྦྱིན་རྡོ་རྗེ་རྒྱལ་མཚན་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན་། །ཅང་ཤེས་རིག་པ་རྟིང་དཀར་དར་སྣས་བརྒྱན། །བསེ་ཁྲབ་བསེ་རྨོག་དར་དམར་བེར་ཆེན་དང་། །མདུང་དར་དམར་པོ་ཞགས་པ་ལྕགས་ཀྱུས་མཚན། །མདའ་དར་དམར་པོ་སྐུ་གཟུགས་སྲོག་སྔགས་བཅས། །སྨན་རཀ་གཏོར་མ་ཤ་ཁྲག་ཟས་སྣས་བརྒྱན། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །བཛྲ་དྷ་ཛ་ཡཀྵ་སརྦ་ཨརྡོ་སོགས། ཤབྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུཾ། རུ་པ་ཤརྡ་ར་ས་སྤརྗེ་སོགས་ཀྱིས་མཆོད། ཨོཾ་བཛྲ་དྷ་ཛ་ཡཀྵ་ས་པ་རི་ཝཱ་ར་ཨི་དཾ༴ བཏགས་པ་སོགས་ལན་གསུམ་བྱ། བསྟོད་པ་ནི། ཧཱུྃ། གནོད་སྦྱིན་ཆེན་པོ་པདྨ་རཱ་གའི་མདོག །སྤྱན་གསུམ་ཞལ་གདངས་མཆེ་གཙིགས་ལྗགས་དམར་འཁྱུག །དར་དམར་བེར་དང་བསེ་རྨོག་བསེ་ཁྲབ་


CMR018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཕྱག་གཡས་མདུང་དམར་བ་དན་དམར་པོ་ཕྱར། །དར་དམར་ཕྱར་བས་རྣལ་འབྱོར་སྙན་པ་སྒྲོག །གཡོན་པས་ཞོགས་པ་འདེབས་པས་དགྲ་བགེགས་འཆིང་། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་རྣམས་རྫོགས། །རླུང་གི་ཤུགས་འཆང་རག་པ་རྟིང་དཀར་ཆིབས། །བྱ་དམར་ཀླད་ལྡིང་བཙན་ཁྱི་རོལ་དུ་འབྲང་། །མེ་རླུང་གསེབ་ནས་སྐད་ཅིག་སྟོང་གསུམ་བསྐོར། །བསྟན་སྲུང་དགྲ་འདུལ་ཁྱོད་ལ་བདག་བསྟོད་དོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སེང་གདོང་ལྷ་མོའི་དམ་ཆོས་རྒྱས་པ་དང་། །དེ་ཉིད་སྒྲུབ་པའི་རྣལ་འབྱོར་ཐམས་ཅད་ཀྱི། །མི་མཐུན་བར་ཆད་རྐྱེན་རྣམས་ཞི་བ་དང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །གང་བརྩམ་ལས་རྣམས་འགྲུབ་པའི་གྲོགས་མཛོད་ཅིག །བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །མདུན་བསྐྱེད་རྒྱུད་བསྐུལ་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་དམར་སྔགས་ཀྱི་གཡས་བསྐོར་འོད་ཟེར་ནི། །ལས་མཐུན་འཕྲོས་པས་གང་བཅོལ་འགྲུབ་པར་བསམ། །ཨོཾ་མ་ཧཱ་ཀཱ་ལ་ཡ་བཛྲ་དྷ་ཛ་ཡཀྵ་པྲ་བྷ་ཛཱ་ལ་ཧཱུྃ་སརྦ་དུཏྟཾ་མཱ་ར་ཡ་ཕཊ༔ ཅེས་པ་ཅི་ནུས་བཟླས་ལ་གཏོར་མ་


CMR018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག། མེ་རུ་བཙུགས་ལ་ལས་བསྐུལ་འདི་སྐད་དོ།། ཧཱུྃ་བྷྱོ༔ ཡེ་ཤེས་ཌཱཀྐི་སེང་གདོང་མའི། །བཀའ་བྱུང་བཀའ་སྲུང་དམ་ལ་འདུས། །རིག་འཛིན་བརྒྱུད་པའི་བླ་མ་ཡི། །སྤྱན་སྔར་ཁས་བླངས་བརྗེད་དམ་ཅི། །དམ་ཉམས་དགྲ་བགེགས་ལས་ངན་འདིས། །རྡོ་རྗེ་སློབ་དཔོན་ངན་དུ་སྨྲས། །གསང་སྔགས་ཐེག་པ་ཁྱད་དུ་བསད། །གནོད་སྦྱིན་ཁྱོད་ལ་མཐུ་མེད་ཟེར། །སྒྲུབ་པ་པོ་ལ་དོ་རུ་བསྡོས། །མ་གཡེལ་ལས་མཛོད་དམ་ཚིག་ཅན། །མ་ཧཱ་ཀཱ་ལ་ལས་ལ་བྷྱོ། །གནོད་སྦྱིན་ཆེན་པོ་ད་རྒྱུགས་ཤིག །རྡོ་རྗེ་རྒྱལ་མཚན་དུས་ལ་བབ། །རག་པ་རྟིང་དཀར་མྱུར་བར་བསྟོད། །བཙན་ཞགས་དམར་པོ་མདའ་ལྟར་ཕོངས། །དམ་དུ་ཆིངས་ལ་མྱུར་དུ་ཁུག །མདུང་དམར་དགྲ་བགེགས་སྙིང་ལ་ཡཱ། །ཁྲོ་གཏུམ་མེ་ལྟར་རབ་འབར་བས། །གློ་སྙིང་ཆེམ་ཆེམ་ད་རོལ་ཅིག །སྙིང་ཁྲག་ཧུབ་ཀྱིས་ད་འཐུངས་ཤིག །བྱད་མ་དགྲ་བགེགས་མིག་འབྲས་ཕྱུངས། །བཙན་ཁྱིས་དགྲ་རུས་ཀྲུམ་ཀྲུམ་འཆོས། །མེ་རླུང་འཚུབ་མའི་ཐོག་སེར་གྱིས། །དགྲ་བགེགས་བདུན་རྒྱུད་རྩད་ནས་ཆོད། །མཐུ་རྩལ་ཅི་འདུག་ད་ལྟའོ། །ད་ལྟ་ཉིད་དུ་ལས་མཛོད་ཅིག །བཅོལ་


CMR018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་བརྗོད་ལ་གཏོར་མ་དགྲ་ཕྱོགས་སུ་འབུལ། རྒྱུ་ལྡོག་འགྲིགས་ན་ཟོར་དུ་འཕང་། །ཆོས་སྐྱོང་དགྲ་བགེགས་སྟེང་སོང་བསམ། །སེང་གདོང་ཡི་དམ་གཙོར་བྱེད་ན། །འདི་ཉིད་རྟག་ཏུ་གཏོར་ཁ་བརྟེན། །མིན་ཀྱང་སྒྲུབ་པའི་དུས་སུ་ནི། །འདི་ཉིད་མཆོད་ན་བར་ཆད་ཞི། །ཕྲིན་ལས་གང་བརྩམས་འགྲུབ་པར་འགྱུར། །༧ རཱ་གའི་མིང་ཅན་དེས་བྲིས་པས། །ཉེས་མཆིས་ཉེས་བཤགས་དགེ་བ་དེས། །ཊཱཀིའི་དམ་ཆོས་རབ་རྒྱས་ཤོག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསེང་གདོང་བཀའ་སྲུང་རྡོ་རྗེ་རྒྱལ་མཚན་གསོལ་མཆོད།next