Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཟོར་ཟློག་དང་རྩང་གྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཟོར་ཟློག་དང་རྩང་གྱེར།next

མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཟོར་ཟློག་དང་རྩང་གྱེར།


CMR018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཟོར་ཟློག་དང་རྩང་གྱེར་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ རྒྱལ་བའི་ཡུམ་ཆེན་དྲག་མོ་སེང་གདོང་མ། །སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད། །མ་རིག་འཁོར་བའི་བག་ཆགས་བཟློག་ཏུ་གསོལ། །སེང་གེའི་ཞལ་གདངས་ངར་སྒྲ་སྒྲོག་པ་ཡིས། །བོན་དང་མུ་སྟེགས་དམག་ཚོགས་བཟློག་ཏུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས་པ་ཡིས། །མུ་སྟེགས་ལྟོག་འགོང་དབུལ་སྲི་བཟློག་ཏུ་གསོལ། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ཡིས་། །ལས་བྱེད་སྲོག་གཅོད་དབུགས་ལེན་བཟློག་ཏུ་གསོལ། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ་ཡིས། །མ་མོའི་ཁྲག་ནད་དལ་


CMR018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་བཟློག་ཏུ་གསོལ། །ཁ་ཊཾ་རྩེ་གསུམ་མཆན་དུ་བཅུག་པ་ཡིས། །དུག་གསུམ་ནད་གསུམ་གདོན་གསུམ་བཟློག་ཏུ་གསོལ། །རུས་རྒྱུན་མེ་ལོང་དྲིལ་བུ་གཡེར་ཁ་ཡིས། །དཔའ་བོ་ཌཱ་ཀིའི་སུན་མ་བཟློག་ཏུ་གསོལ། །ཡེ་ཤེས་མེ་དཔུང་སྐུ་ལ་འབར་བ་ཡིས། །གཟུང་འཛིན་མི་གཙང་དྲི་མ་བཟློག་ཏུ་གསོལ། །གར་སྟབས་པད་ཉི་རོ་སྟེང་འགྱིང་བ་ཡིས། །སྣང་ཞིང་སྲིད་པའི་གདོན་ཚོགས་བཟློག་ཏུ་གསོལ། །སྐུ་སྤྲུལ་མཁའ་འགྲོ་སེང་གདོང་དཀར་མོ་ཡིས། །བན་གྱི་བྱད་ཁ་རྒོད་གཏོང་བཟློག་ཏུ་གསོལ། །གསུང་སྤྲུལ་དམར་མོ་སྟག་གི་གདོང་ཅན་


CMR018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བོན་གྱི་ངན་སྔགས་བྱད་ཀ་བཟློག་ཏུ་གསོལ། །ཐུགས་སྤྲུལ་ནག་མོ་དོམ་གྱི་གདོང་ཅན་གྱིས། །མུ་སྟེགས་ངན་སྦྱོར་ངན་སྔགས་བཟློག་ཏུ་གསོལ། །ཕྲིན་ལས་སྤྲུལ་པ་། མ་མོ་འབུམ་སྡེ་ཡིས། །མ་མོའི་དལ་ཁ་རིམས་ཡམས་བཟློག་ཏུ་གསོལ། །ཡང་སྤྲུལ་རི་རབ་སོ་གཉིས་རྡུལ་མཉམ་གྲངས། །དགྲ་འདྲེ་ལྟས་ངན་ཡེ་འདྲོག་བཟློག་ཏུ་གསོལ། །ཧཱུཾ་བྷྱོ༔ ཡེ་ཤེས་མཁའ་འགྲོ་དྲག་མོ་སེང་གདོང་མའི། །ཕྱི་རིམ་ལྕགས་རིའི་དཀྱིལ་འཁོར་མུ་རན་ལ། །དམར་ནག་རྩང་ཕུར་ཉི་ཤུ་རྩ་བརྒྱད་བཀོད། །དངུལ་ལམ་དཀར་པོའི་ཚེ ཤིང་ལ་བྱས་པ་ཡི། །ཤར་ཕྱོགས་ཞི་བའི་ལས་མཛད་རྩང་ཕུར་བདུན། །ཞི་བའི་ལས་མཛད་རྩང་ཕུར་ཨ་ལོང་རིས། །ཡར་གྱི་རྩེ་ལ་དུང་སེང་རལ་པ་གསིགས། །མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་ཟླུམ་པོའི་གཞལ་ཡས་ཁང་། །ཞི་བའི་ལས་མཛད་ཤར་གྱི་མ་བདུན་གནས། །ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བ་དང་། །ཤར་གྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །གསེར་རམ་རྒྱས་པའི་ཤིང་ལས་བྱས་པ་ཡི། །རྒྱས་པའི་ལས་མཛད་ལྷོ་ཡི་རྩང་ཕུར་བདུན། །རྒྱས་པའི་རྩང་


CMR018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་གྲུ་བཞི་ཨ་ཁང་རིས། །ཡར་གྱི་རྩེ་ལ་རྒྱ་སྟག་འཛུམ་དྲུག་རྒྱས། །མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་གྲུ་བཞི་གཞལ་ཡས་ཁང་། །རྒྱས་པའི་ལས་མཛད་ལྷོ་ཡི་སྲིང་བདུན་བཞུགས། །ཚེ་བསོད་འབྱོར་པ་དྲུག་རྣམས་རྒྱས་པ་དང་། །ལྷོ་ཡི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །ཟངས་སམ་དབང་གི་ཤིང་ལ་བྱས་པ་ཡི། །དབང་གི་ལས་མཛད་ནུབ་ཀྱི་རྩང་ཕུར་བདུན། །དབང་གི་རྩང་ཕུར་ཟླ་ཕྱེད་ཟླ་གམ་རིས། །ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་རིས། །མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ཁང་། །དབང་གི་ལས་མཛད་ནུབ་ཀྱི་མ་བདུན་གནས། །སྣང་སྲིད་མ་ལུས་དབང་དུ་སྡུད་པ་དང་། །ནུབ་ཀྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །ལྕགས་སམ་དྲག་པོའི་ཤིང་ལ་བྱས་པ་ཡི། །དྲག་པོའི་ལས་མཛད་བྱང་གི་རྩང་ཕུར་བདུན། །དྲག་པོའི་རྩང་ཕུར་ཟུར་གསུམ་ཕུར་པ་རིས། །ཡར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཛུམ། །མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲག །སྐེད་པ་རྒྱ་མདུད་གྲུ་གསུམ་གཞལ་ཡས་ཁང་། །དྲག་པོའི་ལས་མཛད་


CMR018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་བྲན་བདུན་གནས། །བདུད་བཞིའི་དམ་སྲི་དགྲ་བགེགས་བསྒྲལ་བ་དང་། །བྱང་གི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། ། བྷྱོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉེར་བརྒྱད་ཀྱི། །རྩང་ཕུར་ཉེར་བརྒྱུད་འཚུབ་མ་རིས་སུ་བཙུགས། །ཡར་རྩེ་ཟུར་གསུམ་མཁའ་ལ་ཟངས་སེ་ཟང་། །སྟེང་ཕྱོགས་གཟའ་དང་རྒྱུ་སྐར་དེལ་ཟེར་ཟློག ། མར་རྩེ་ཟུར་གསུམ་ངན་སོང་སྙིང་ལ་གཟེར། །འོག་ཕྱོགས་ཀླུ་དང་ས་བདག་གནོད་པ་ཟློག །སྐེད་པ་རྒྱ་མདུད་བར་ན་ཁྲིགས་སེ་ཁྲིག །བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །རྩང་སྟོད་དམར་པོ་མེ་འབར་ལྷབས་སེ་ལྷབ། །དམར་པོའི་བཙན་དམག་རྟ་རྒྱུག་ཤ་ར་ར། །བཙན་གྱི་གྲི་ཐབས་གཟེར་ནད་དགྲ་ལ་ཟློག །རྩང་སྨད་ནག་པོ་མུན་ནག་སེ ཐེབས་སེ་ཐེབ། །ནག་པོ་བདུད་དམག་བྲོ་རྡུང་ཁྲིགས་སེ་ཁྲིག །བདུད་ཀྱི་ཞགས་པ་ཡེ་འདྲོག་དགྲ་ལ་ཟློག །རྩང་སྐད་རྒྱ་མདུད་རྒྱ་གྲམ་ཁྲམ་ཤིང་རིས། །གཤིན་རྗེའི་ཁྲམ་ཐོགས་སྲོག་ལན་ཡེ་རེ་རེ། །འཆི་བདག་གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག །རྩང་ཕུར་སྤྱད་ནི་སྲིན་མོ་འགྲོས་སུ་བཙུགས། །སྲིན་མོ་བླ་རྐུན་ཚོགས་ནི་ཞུངས་སེ་ཞུང་། །མ་མོ་


CMR018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་མོའི་དལ་ཡམས་དྭགྲ་ལ་ཟློག །རྩང་སྐེད་དྲྭ་མིག་མཁའ་འགྲོ་དྲྭ་བར་བསྡམས། །དཔའ་བོ་ཌཱཀིས་གར་བྱེད་ཁྱུགས་སེ་ཁྱུག །གནས་དང་ཡུལ་གྱི་མཁའ་འགྲོའི་སུན་པ་ཟློག །རྩང་རྩེ་ཤ་དང་ལིངྒས་བརྒྱན་པ་ནི། །ཤ་ཟ་ཞིང་སྐྱོང་རྣམས་ཀྱི་དལ་ཁ་ཟློག །བ་སུ་ཏ་དང་སྔོ་དམར་ཞགས་པས་དཀྲིས། །རྒྱུ་གཟེར་ནད་དང་སྔོ་དམར་དགྲ་ལ་ཟློག །དམར་ནག་རྩང་གི་ཕུར་པ་ཉི་ཤུ་བརྒྱད། །དྲག་པོའི་རྩང་ཕུར་མདའ་ལ་ཉེ་རིང་མེད། །ཐུན་རྫས་ཡུངས་ཀར་བྲབ་ལ་གྱེན་ཐུར་མེད། །ཕོ་ཉ་བཀའ་སྡོད་ལས་ལ་༧ དཀའ་སླ་མེད། །དྲག་སྔགས་དམིགས་པའི་འབེན་ལ་ཆེ་ཆུང་མེད། །སྡང་བའི་དགྲ་བགེགས་འབྱུང་པོ་གནོད་བྱེད་རྣམས། །དྲག་པོ་རྩང་གི་ཕུར་པས་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་རྒ་དབོན་པོས་བསྐུལ་ནས་ཨ་རཱ་གས་འཕྲལ་དུ་བྲིས་པ་ཉེས་འགལ་གང་མཆིས་ལྷ་དང་སྲུང་མ་ལ་བཤགས་ཤིང་། དགེ་བས་སྔགས་པ་རྣམས་ཀྱི་བསྟན་པ་དར་གྱུར་ཅིག། །


CMR018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཟོར་ཟློག་དང་རྩང་གྱེར།next