Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེའི་གོ་མཚོན་གྱི་སྲུང་བ་མན་ངག་གསེར་ཆོས་ཟབ་མོའི་ལས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེའི་གོ་མཚོན་གྱི་སྲུང་བ་མན་ངག་གསེར་ཆོས་ཟབ་མོའི་ལས་སྦྱོར།next

རྡོ་རྗེའི་གོ་མཚོན་གྱི་སྲུང་བ་མན་ངག་གསེར་ཆོས་ཟབ་མོའི་ལས་སྦྱོར།


CMR018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གོ་མཚོན་གྱི་སྲུང་བ་མན་ངག་གསེར་ཆོས་ཟབ་མོའི་ལས་སྦྱོར་བཞུགས་སོ།།


CMR018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀརྨཌཀི་སེང་ཧ་མུ་ཁ་ཡེ། རྡོ་རྗེའི་གོ་མཚོན་ལས་སྦྱོར་ཅུང་ཞིག་བྲི། །ཆོས་བདག་མཁའ་འགྲོ་སྲུང་མས་བཀའ་གནང་སྩོལ། །དང་པོ་དབང་ལུང་མན་ངག་རྫོགས་པར་ཞུས། །ཞུ་བའི་སློབ་དཔོན་ཐུགས་དང་མ་འགལ་བྱ། །འགལ་ན་མཁའ་འགྲོའི་བཀའ་ཆད་རང་སྲོག་གཅོད། །དྲེའུ་བོང་བུའི་ཤ་ནི་ཟ་མི་རུང་། །དེ་རྣམས་དམ་ཚིག་ཡིན་པས་ཐུབ་པར་སྲུངས་། །དེ་ནས་འདི་ཡི་བསྙེན་པ་ཐེམས་པར་བྱས། །བསྙེན་སྒྲུབ་མ་ཐེམ་ལས་སྦྱོར་དོན་མི་འགྲུབ། །ལྷ་དང་སྔགས་ལ་ལོག་ལྟ་དམ་སེལ་ཞུགས། །དབང་ཐོབ་དམ་ལྡན་བསྙེན་སྒྲུབ་ཐེམ་པའི་མིས། །ལས་


CMR018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གང་བྱས་འབྲས་བུ་སྔོན་དུ་འབྱིན། །གལ་ཏེ་མ་འགྲུབ་ལན་གསུམ་བསྐྱར་ལ་བསྒྲུབ། །དེས་མ་འགྲུབ་ན་ལོག་ལྟ་མི་བྱ་སྟེ། །ལས་ཀྱི་རྣམ་པར་སྨིན་པ་བཟློག་ཐབས་མེད། ༈ །ཐུབ་པས་གསུང་པ་དེ་ཉིད་ཡིད་ལ་བྱ། །འདི་ཡི་ལས་སྦྱོར་མི་འདྲ་མཐའ་ཡས་ཀྱང་། །ལས་སྦྱོར་གཙོ་བོར་སྲུང་ཟློག་གཉིས་པོ་ཡིན། །སྲུང་ཟློག་གཉིས་པོ་མི་འདྲ་གྲངས་མང་ཡང་། །སྔགས་དང་དམིགས་པའི་གཙོ་བོ་སྲུང་ཟློག་ཡིན། །སྔ་དྲོའི་ཆ་ལ་སྲུང་བ་བྱ་བ་སྟེ། ༈་།རྡོ་རྗེའི་གོ་མཚོན་བདག་བསྐྱེད་ཚར་གཅིག་འདོན། །དེ་ནས་སྔགས་བཟླས་སྲུང་འཁོར་རྒྱས་བསྡུས་


CMR018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །རང་གི་སྐུ་ལས་འཕྲོས་པའི་འོད་ཟེར་ལས། །ཕྱི་རོལ་ཡེ་ཤེས་མེ་རི་ཁ་དོག་ལྔ། །འབར་བ་དུམ་བུ་གཅིག་ཏུ་གྱུར་པའི་གུར། །དེས་ནང་རལ་གྲི་བསམ་ཆོད་འབར་བའི་གུར། །དེ་ནང་ཁཊཾ་རྩེ་མོ་ཕྱིར་བསྟན་གུར། །དེ་ནང་དགྲ་སྟ་འབར་བ་སོ་འཐབ་གུར། །དེ་ནང་སྐུ་སྟོད་མཁའ་འགྲོ་གྲི་ཐོད་ཅན། །སྐུ་སྨད་ཕུར་པ་རྣོ་དབལ་ལྡན་པའི་གུར། །དེ་ནང་གྲི་གུག་སོ་འཐབ་དགྲ་སྟུའི་གུར། །དེ་ནང་མཁའ་འགྲོ་འཇིགས་གཟུགས་སྣ་ཚོགས་མདོག །མཚོན་ཐོགས་ཕྱིར་གཟིགས་ཧཱུྃ་ཕཊ་སྒྲ་སྒྲོག་གུར། །དེ་ནང་སྣ་ཚོགས་རྡོ་རྗེ་ཁ་གདེངས་བ། །གསོར་ལྟར་འཁོར་ནས་བར་མཚམས་མེད་པའི་གུར། །དེ་ནང་གནམ་ལྕགས་འཁོར་ལོ་གུར་ཐབས་ནི། །རྩིབས་སྟོང་རྣོ་དབལ་ངར་དང་ལྡན་པའི་གུར། །དེ་ནང་གནམ་ལྕགས་འབར་བའི་གཞལ་ཡས་ནི། །གྲུ་བཞི་སྒོ་མེད་མེ་འབར་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་བདུད་འདུལ་མཆོད་རྟེན་ནི། །ཁྲི་འཕང་དགུ་པ་དེ་ཡི་བུམ་པའི་ནང་། །གསེར་གྱི་རྡོ་རྗེ་ཡར་རྩེ་ལྷ་གནས་སླེབ། །མར་རྩེ་གསེར་གྱི་ས་གཞི་ལ་ཟུག་པའི། །ལྟེ་བ་ཡངས་ཤིང་རྒྱ་ཆེ་དེ་ཡི་ནང་། །སྟེང་དུ་ཟླ་བ་འོག་ཏུ་ཉི་མ་གཉིས། །གཱའུ་ཁ་སྦྱོར་ཡངས་ཤིང་རྒྱ་ཆེའི་


CMR018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །འོད་ཟེར་ལྗང་གུ་དམར་པོ་སེར་པོ་དང་། །དཀར་པོ་མཐིང་ཀའི་གུར་ཁང་ལྔ་རིམ་ནང་། །གཞུང་ནས་གསུང་པའི་ཆོས་འབྱུང་གྲུ་གསུམ་གྱི། །ཕྱི་ནས་མེ་འབར་ངན་སྔགས་གནོད་པ་སྲེག །ཕྱི་ཡི་འཁོར་ལོ་རྩིབས་སྟོང་ནང་དུ་ནི། །སེང་གདོང་དཀར་མོ་སྟོང་གི་ཞལ་ཕྱིར་གཟིགས། །བསྲུང་བྱ་ཐམས་ཅད་སྲུང་བའི་དགོངས་པ་གཏད། །ཆོས་འབྱུང་ནང་དུ་རིགས་བཞི་མཁའ་འགྲོ་བཞི། །སེང་གེའི་དབུ་ཅན་འབུམ་ཕྲག་ཚན་བཞི་ཡིས། །ནང་དུ་ཞལ་གཟིགས་སྲུང་སྔགས་ཏི་རི་རི། །རང་ཉིད་གཙོ་མོ་སྐུ་མདོག་དཀར་མོ་ལ། །གསེར་གྱི་གྲི་གུག་བདུད་རྩི་ཐོད་པ་འཛིན། །དེ་ཡི་ཐུགས་ཀར་ཉི་ཟླའི་གྲྭའུ་ནང་། །རང་ཉིད་པདྨ་དམར་པོ་འདབ་བརྒྱད་པའི། །འདབ་མ་བརྒྱད་ལ་སྲུང་སྔགས་ཡིག་འབྲུ་བརྒྱད་། །གཡོན་དུ་བཀོད་ནས་གཡས་སུ་འཁོར་བ་ཡིན། །པདྨའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་ནི། །སྔོ་བའི་མདང་ཆགས་འོད་ཟེར་སྣ་ལྔ་འཕྲོ། །ཧཱུྃ་ཡིག་ཤན་མཆུ་བཀུག་ལྟར་ནང་སྟོང་པ། །ཐིག་ལེའི་ནང་དུ་བླ་མ་རྡོ་རྗེ་འཆང་། །དེ་ལ་བསྲུང་བྱ་བླ་མ་རྣམས་ཀྱིས་བསྐོར། །ཟླ་ཚེས་ནང་དུ་རང་གི་ཡི་དམ་རྣམས། །འ་འདོགས་ནང་དུ་རང་གི་ཆོས་སྐྱོང་རྣམས། །


CMR018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ལྷ་དབྱེའི་གནོད་པ་མི་ཚུགས་གནད། །ཧ་ཁོག་ནང་དུ་རང་ཉིད་ཐ་མལ་ལུས། །རིན་ཆེན་སྣ་ཚོགས་ལས་ནི་གྲུབ་པར་བསམ། །དེ་ཡི་གཡས་སུ་བསྲུང་བྱ་ཕོ་རིགས་རྣམས། །གཡོན་དུ་མོ་རིགས་རྒྱབ་ཏུ་ཞིང་ཁང་སྦྲ། །མདུན་དུ་ནོར་ཕྱུགས་བྲན་གཡོག་གལ་ཆེ་རིམ། །རང་ལ་ངོ་ལོག་བྱེད་དོགས་མེད་རྣམས་བསྒོམ། །རང་ཉིད་མཁའ་འགྲོས་གཡས་གཡོན་ཆོས་འབྱུང་ནང་། །གཡས་སུ་ཕོ་རིགས་གཡོན་དུ་མོ་རིགས་རྣམས། །རྒྱབ་ཏུ་ཞིང་ཁང་སྦྲ་ཁྱིམ་མདུན་དུ་ནི། །བྲན་དང་ནོར་ཕྱུགས་བསྲུང་བྱར་གྱུར་རྣམས་བྷེ། །རང་གི་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་དང་། །ལྷ་སྲིན་སྡེ་བརྒྱད་འཇིག་རྟེན་སྐྱོང་རྣམས་ཀྱི། །མཐུ་སྟོབས་འབྱུང་བ་ལྔ་དང་རིན་ཆེན་བཅུད། །སྐྱེས་བུའི་བསོད་ནམས་དཔལ་འབྱོར་ཐམས་ཅད་ཀུན། །འོད་ཟེར་རྣམ་པར་བསྡུས་ནས་རང་ལུས་དང་། །བསྲུང་བྱ་ལ་ཐིམ་བཀྲག་མདངས་གཟི་བརྗིད་འབར། །དམིགས་པ་དེ་ཙམ་རྒྱས་པར་མ་ཟིན་ན། །ཕྱི་རོལ་རྩིབས་སྟོང་སེང་གདོང་དཀར་མོ་སྟོང་། །ཕྱི་རོལ་རྡོ་ར་མེ་རི་བསྒོམས་པས་འཐུས། ༈ །བློ་ཆུང་དེ་


CMR018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྒོམ་པར་མ་ཐུབ་ན། །གཞུང་ནས་བཤད་པའི་ཆོས་འབྱུང་མེ་འབར་བསྒོམ། །དེ་ལྟར་རྒྱས་བསྡུས་གསུམ་པོ་གང་བསྒོམས་ཀྱང་། །བཟླ་བྱའི་སྔགས་ནི་སྲུང་སྔགས་འབྲུ་བརྒྱད་དེ། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ཕཊ༔ ཅི་ལྕོགས་བཟླས་རྗེས་ཐུན་མཚམས་གཏོར་མ་བསྔོ། །བྱད་ཁ་ཟུག་གམ་རྐྱེན་ཁ་ཆེ་དུས་སུ། །ཞག་ནི་གསུམ་ལྔ་བདུན་སོགས་མཚམས་བྱས་བསྒྲུབ། །གོ་ཆ་གྱོན་དང་རྫོང་བརྩེགས་ཉི་ཟླ་ཤར། །རང་ཉིད་བཙན་པོའི་མཁར་དང་བྲག་ལ་འདུག །གཞན་གྱི་སྲོག་སྐྱབས་བྱས་རྨིས་འགྲུབ་པའི་རྟགས། །རྒྱུན་ཁྱེར་ལ་ནི་སྔ་དྲོ་ཐུན་རེས་ཆོག །རྡོ་རྗེའི་གོ་མཚོན་སྲུང་བའི་མན་ངག་འདི། །གསེར་ཆོས་ཟབ་མོ་སྤེལ་བར་འཕང་བ་སྟེ། །རིན་ཐང་རང་གི་སྲོག་དང་མཉམ་པ་ཡིན། སྤྱི་གུ་ཧྱ་དྷ་ཐིམ་ས་མཱ་ཡ༔ འདི་ཡང་ཕག་ལོ་རྒྱལ་ཟླའི་བཅུ་གསུམ་ཉིན། །ཕྱི་དྲོའི་ཆ་ལ་རཱ་ག་ཨ་སྱས་མཛད་པ་ལ། །བསྟན་པའི་བརྩས་སུ་ཟིན་བྲིས་འདི་ཉིད་བྲིས། །ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བ་འདིས། །བྱང་ཆུབ་བསྒྲུབ་པའི་བར་ཆད་མེད་པར་ཤོག །མངྒ་ལཾ།།


CMR018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེའི་གོ་མཚོན་གྱི་སྲུང་བ་མན་ངག་གསེར་ཆོས་ཟབ་མོའི་ལས་སྦྱོར།next