Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གོ་མཚོན་གྱི་ཟློག་པ་ཡོད་པས་ཆོག་པ་བྱེད་མ་འབུམ་རྡུགས་བྱད་ཟློག་གི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གོ་མཚོན་གྱི་ཟློག་པ་ཡོད་པས་ཆོག་པ་བྱེད་མ་འབུམ་རྡུགས་བྱད་ཟློག་གི་ཟིན་བྲིས།next

རྡོ་རྗེ་གོ་མཚོན་གྱི་ཟློག་པ་ཡོད་པས་ཆོག་པ་བྱེད་མ་འབུམ་རྡུགས་བྱད་ཟློག་གི་ཟིན་བྲིས།


CMR018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གོ་མཚོན་གྱི་ཟློག་པ་ཡོད་པས་ཆོག་པ་བྱེད་མ་འབུམ་རྡུགས་བྱད་ཟློག་གི་ཟིན་བྲིས་བཞུགས་སོ།།


CMR018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཱཀྐི་ནཱི་ཡེ། བླ་མ་ལྷ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །རྡོ་རྗེ་གོ་མཚོན་ཟློག་པའི་ཟིན་བྲིས་བཀོད། །ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཀའ་གནང་སྩོལ། །འདི་ལ་རྒྱས་འབྲིང་བསྡུས་གསུམ་ཡང་ཟློག་བཞི། །དུས་ནི་དགོང་ཆུང་སྤྲེའུ་དུས་ཚོད་ནས་། །སྲོད་ཀྱི་དུས་བར་ནམ་ཡང་རུང་བ་སྟེ། །ཁ་ནི་ནུབ་བམ་གནོད་པའི་ཕྱོགས་སུ་གྱུ། །མདུན་དུ་དམར་གཏོར་གཅིག་ཀྱང་བཤམས་ལ་བཞག ། རྡོ་རྗེའི་གོ་མཚོན་མངོན་རྟོགས་ཚར་གཅིག་འདོན། །ཕྱི་རོལ་འཁོར་ལོའི་རྩིབས་སྟོང་ནང་དུ་ནི། །རང་འདྲ་སྟོང་གིས་ཕྱིར་གཟིགས་ཟློག་སྔགས་


CMR018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །རང་གི་རལ་པ་ཤིང་ལོ་རྒྱུས་ལྟར་སྤྲུག །དེ་ལ་རང་འདྲའི་སྤྲུལ་པས་འཇིག་རྟེན་གང་། །དེ་ཀུན་འབྲུག་སྟོང་ལྡིར་བཞིན་སྔགས་བཟླས་ནས། །རྒྱ་མཚོ་ཁྲོམ་ཁྱོམ་རི་རབ་ལྡིག་ལྡིག་འགུལ། །འུར་སྒྲ་ཐུག་ཆོམ་ས་ཡང་རྣམ་དྲུག་གཡོས། །འཇིག་རྟེན་དྲེགས་པ་ཐམས་ཅད་འདར་ཞིང་བསྔང་། །ཐལ་སྦྱར་བཀའ་ཉན་གསུང་སྡོད་ཟེར་བ་བསྒོམ། །མཁའ་འགྲོ་རྣམས་ཀྱིས་བྱད་མ་ལྷ་སྲུང་བཅས། །གནོད་བྱེད་ཐམས་ཅད་བསད་བཅད་ཤ་ཁྲག་རོལ། །འགའ་ཞིག་བཀུག་ནས་སྲུང་འཁོར་མཚོན་ཆའི་བར། །བསྐུལ་ནས་མཚོན་ཆ་གཡོན་དུ་དྲག་ཏུ་འཁོར། །ཤ་ཁྲག་ཕྱེ་


CMR018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མར་གཏུབ་རྣམས་མཁའ་འགྲོས་གསོལ། །སྲུང་འཁོར་མེ་དཔུང་གཡོན་དུ་འཁྱིལ་ཞིང་འབར། །ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོར་བསྒོམ་ཞིང་། །ཡི་གེ་བཅུ་བཞི་གཏུམ་གཅོད་དྲག་ཏུ་གཅོད། །ལག་གཡས་མཛུབ་མོ་གནམ་ལྕགས་ལྡན་པའི་སྟེང་། །མཐེ་བོང་ཟངས་ཀྱི་སྤུ་གྲི་འབར་བ་ཡིས། །བྱེད་མའི་སྐྱེ་ནི་རྡོག་རྡོག་བཅད་པར་བསྒོམ། །ཕྲེང་རྡོག་ཕར་ལ་བཅད་ཅིང་བགྲང་བའི་ཚེ། །མདུན་དུ་ས་དོང་གྲུ་གསུམ་གཏིང་ཟབ་པ། །དམྱལ་བའི་ཡུལ་དུ་ཟུག་པའི་ནང་དེ་ནས། །ལས་ཀྱི་གཤིན་རྗེའི་ལྟོ་བ་རི་རབ་ཙམ། །ཁ་གདངས་མཆེ་གཙིགས་ལྗགས་ནི་བརྐྱང་པའི་ནང་། །དགྲ་མགོ་ཧྲུག་ཧྲུག་སོང་བར་བསྒོམ་ཞིང་བཟླས། །ཕྲེང་སྐོར་རྫོགས་ནས་རང་གི་ལག་གཡས་མཐིལ། །མེ་ཡི་དཀྱིལ་འཁོར་རྩིབས་སྟོང་ལྟེ་བ་ལ། །ཉི་མས་མཚན་ཞིང་བསྐལ་པའི་མེ་དཔུང་འབར། །ལག་གཡོན་ཆུ་ཡི་དཀྱིལ་འཁོར་ཟླ་བས་མཚན། །བསྐལ་པའི་ཆུ་བོ་རབ་ཏུ་འཁྲུགས་པར་བསྒོམ། །རང་གི་སྣ་བུག་གཡས་ནས་རླུང་བུས་པས། །ནད་ཡམས་རླུང་དམར་འཚུབ་མར་གྱུར་ཏེ་སོང་། །བྱད་མ་ལྷར་བཅས་རང་དབང་མེད་པར་བཀུག །རང་གི་ལག་པའི་བར་དུ་གནས་པར་བསྒོམ། ༈


CMR018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བླ་མ་སངས་རྒྱས་ཆོས་ཚོགས་ནས། །རབ་ཏུ་ཞི་བར་གྱུར་ཅིག་བར་བརྗོད་ནས། །ཐལ་མོ་ལན་གསུམ་བརྡབས་པར་བྱས་པའི་ཚེ། །བྱད་མ་ལྷ་བཅས་སྲུང་མ་མཐུ་ནུས་བཅས། །མེས་བསྲེགས་ཆུས་བཀྲུས་པ་ཡི་ཐལ་འཇིམ་དེ། །མདུན་འོག་གྲུ་གསུམ་གཤིན་རྗེའི་ཁར་སོང་བས། །གཤིན་རྗེ་ཚིམས་ནས་ཁ་བསྡམ་དམྱལ་ཡུལ་སོང་། །རླུང་མེ་ཆུ་ས་ཆགས་པའི་དོང་ཡང་གསུབ། །དེ་ནས་དམར་གཏོར་དེ་ཉིད་བྲན་བྱས་ལ། །མགོན་པོའི་ཐུན་གཏོར་འགུག་གཞུག་དེ་བྱ་སྟེ། །དེ་བཞིན་ཉིད་ཀྱི་བདེན་པ་དང་མཚམས་ལ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་འཁོར་རི་རབ་སུམ་ཅུ་སོ་གཉིས་ཀྱི་རྡུལ་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་བདེན་པ་དང་། །ཞེས་པ་སྦྱར་ལ་བཀུག་གཞུག་བྱས་པའི་རྗེས། ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་གནོད་བྱེད་དགྲ་བགེགས་བྱད་མའི། མ་ཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི་ནས་བསྐང་བའི་མཇུག་ལྟར་ཁ་རཾ་ཁཱ་ཧི། ཞེས་ཞིང་སྐྱོང་ཡུམ་དང་ཐུགས་རྒྱུད་གཅིག་པའི་ཕྱིར། དཔའ་བོ་རྣམ་རོལ་ནང་གི་ཟློག་པ་སྦྱར། ༈ མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་


CMR018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །བདག་ཅག་འཁོར་དང་བཅས་ལ་གནོད་བྱེད་པའི། །སྲིད་པའི་ཁྲམ་ཁ་ཞེས་པ་ནས་བཟུང་སྟེ། །ཆོ་འཕྲུལ་དགྲ་བོའི་སྟེང་དུ་བཟློག་བར་འདོན། །དེ་ནས་རྡོ་རྗེ་གར་གྱི་། ཝཱ་སྐག་ཟློག་སྦྱར། །འདི་ནི་སྲིན་མོ་ཟ་ལམ་དོན་བསྡུས་ཏེ། །གཏོར་ཟློག་ཀུན་ལ་སྦྱར་དུ་རུང་བ་ཡི། །དེ་ནས་རྒྱུ་དུས་འགྲིགས་ན་ཟོར་དུ་འཕང་། ༈ ། བྷྱོ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབ་པ་ཞེས་སོགས་བརྗོད་ལ་འཕང་། །རྒྱུ་ཕྱོགས་མ་འགྲིགས་ན་ནི་འབུལ་རྒྱུ་བསྐུར། །དེ་ནས་དམིགས་མེད་སྟོང་པའི་རྒྱ་ཡིས་གདབ། །རྡོ་རྗེའི་གོ་མཚོན་ཟློག་པ་རྒྱས་པ་ཡིན། །འབྲིང་ནི་མངོན་རྟོགས་ད་ནངས་ཚང་བས་འཐུས། །སྲུང་འཁོར་དམིགས་པ་ཡང་ནི་ཟིན་མི་དགོས། །དྲན་རྫོགས་རང་ཉིད་མཁའ་འགྲོ་སེང་གདོང་མ། །སྐུ་ནི་རི་རབ་ཀྱང་ནི་སུམ་འགྱུར་ཆེ། །གསུང་ནི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ། །གར་སྟབས་བསྒྱུར་ནས་སྟོང་གསུམ་ཤིག་ཤིག་གཡོ། །རལ་པ་སྤྲུགས་པས་རང་འདྲས་འཇིག་རྟེན་གང་། །ལག་གཡས་གནམ་གྱི་དཀྱིལ་དུ་ཉི་མ་དང་། །གཡོན་པས་ས་ཡི་མཐིལ་དུ་ཟླ་བས་མཚན། །གནམ་ས་བརྡབ་པའི་བར་དུ་གནོད་བྱེད་རྣམས། །


CMR018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ང་ལྤགས་བཅིར་དམར་ཆར་སོང་བར་བསྒོམ། །ཡང་ན་ལག་གཡས་གསེར་དང་གཡོན་པ་ཟངས། །འཁོར་ལོ་རྩིབས་སྟོང་བརྡབ་པར་བསྒོམ་ཡང་འདྲ། ༈ ན་མོ་བླ་མ་སངས་རྒྱས་ཆོས་ཚོགས་སོགས་ཞེས་པ་ནས། །ཞི་གྱུར་ཅིག་བར་བརྗོད་ལ་ཐལ་མོ་བརྡབ། །རྡོ་རྗེའི་གོ་མཚོན་ཟློག་པ་འབྲིང་པོ་ཡིན། ༈ །ད་ནངས་མངོན་རྟོགས་བཏོན་རུང་མ་བཏོན་རུང་། །རང་ཉིད་དྲན་རྫོགས་སེང་གདོང་མར་གསལ་བའི། །ཕྱག་གཉིས་ཉི་ཟླའི་ཆ་ལང་ཕྱར་ཐབས་འཛིན། །ཉི་ཟླ་བརྡབས་པས་གནོད་བྱེད་དགྲ་བགེགས་ཀུན། །དམར་དང་ཆལ་ཆལ་སོང་བསྒོམ་ཐལ་མོ་བརྡབ། །བདེན་བདར་ཡང་ནི་མཆོད་བསྟོད་ནང་ལྟར་ཆོག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ་ཟེར་དུས། །དམིགས་པ་སྒོམ་མཁན་སེམས་ཀྱི་ངོ་བོ་བལྟ། །སྔགས་གྲངས་བརྒྱའམ་ཉེར་གཅིག་བདུན་གྱིས་ཆོག །ཤིན་ཏུ་རྐྱེན་ཁ་ཆེ་ན་སྟོང་རེ་བྱ། །ཕ་རོལ་ནུས་པ་ཅན་གྱི་སྔགས་ནག་དང་། །ཁ་ཆད་སྤར་བའི་མཐུ་འདྲེན་ཡོད་ན་ནི། །དགོང་མོ་རེ་ལ་བརྒྱ་ཚོ་ཉེར་གཅིག་བཟླས། །ཟློག་སྔགས་ཞག་རེར་དེ་བས་མང་མི་རུང་། །རྐྱེན་ཆག་ཆེའམ་བྱད་ཁ་རྒྱུན་ཡོད་ན། །རྒྱུན་དུ་ཆག་མེད་བརྒྱ་རེ་


CMR018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། །ཐེབས་ཆེན་ཡོད་ཅིང་རྒྱུ་ལྡོག་འགྲིག་པའི་དུས། །དམར་གཏོར་བསྐུལ་དང་བཅས་ཏེ་དགྲ་ཕྱོགས་འཕང་། །གཞུང་གི་ཡིག་འབྲུ་བཅུ་བཞི་གོ་ལྡོག་འདི། །སྔགས་པ་ནང་བྷ འགྲས་བྱུང་ན་བྱ་རྒྱུ་ཡིན། །དེ་མིན་ཕལ་པར་བྱ་བ་མ་བཤད་དེ། །འོན་ཀྱང་ཕ་རོལ་སྔགས་པས་ཤེས་སྲིད་པས། །བརྒྱ་རེའི་མཇུག་ཏུ་བདུན་རེ་སྦྱར་སྲོལ་འདུག །ཧ་ཀྱང་མང་ན་རུང་བ་མ་ཡིན་ཏེ། །དེ་ཚེ་སྔགས་མཆིལ་ཁོག་ཏུ་འགྲོ་མི་རུང་། །མཐུ་འདྲེན་ཡོད་དམ་རྐྱེན་ཆག་ཆེ་བའི་དུས། །བཟློག་རྟགས་མ་བྱུང་བར་དུ་འབད་བྱ་སྟེ། །རྒྱུན་དུ་སྔགས་འབྲུ་བདུན་རེས་ཆོག་པར་བཤད། །རྟགས་ནི་དངོས་སུ་དོན་མེད་དཔའ་སེམས་སྐྱེ། །ཉམས་དང་རྨི་ལམ་མེ་ཆེར་བསད་པ་དང་། །བཤའ་དང་ཆུ་བསྒྱུར་ཟིབ་དང་སེར་བ་བཟློག །ཟོར་དང་དམར་གཏོར་བཤིག་དང་ཕུར་པ་བཅག །མདའ་གཞུ་བཙག་དང་རང་ཉིད་གཡུལ་ལས་རྒྱལ། །དུད་འགྲོའི་ཁ་བཅིང་མཆེ་བ་རྭ་ཅོ་བཅག །དེ་ལྟར་བཟློག་པའི་རྟགས་མཚན་གསལ་གྱུར་ན། །དམིགས་པ་ལྷོད་ཅིང་སྔགས་གྲངས་ཇེ་ཉུང་བྱ། །དེ་ལྟར་རྡོ་རྗེའི་གོ་མཚོན་ཟིན་བྲིས་འདི། །བདུད་མོ་ཀརྨ་དར་རྒྱས་ཀྱིས་བསྐུལ་བས། །ཚོགས་དང་མཎྜལ་མང་པོ་


CMR018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱས་ཤིང་། །ཕྱི་ནང་གསང་གསུམ་སྲུང་འཁོར་ཡན་ཆད་བྲིས། །དེ་ཚེ་མཁའ་འགྲོ་འདུ་བའི་རྨིས་ལྟས་བྱུང་། །དེ་ནས་ཕྱིར་ནངས་ཟློག་པ་བྲི་བསམ་ཛ། །མཁའ་འགྲོས་མ་གནང་བཀག་པའི་རྨི་ལྟས་བྱུང་། །ཞུ་བ་པོ་ཉིད་བསྙུང་བའང་ཤིན་ཏུ་ཐུ། །དེ་ཕྱིར་ཞག་པོ་བཅུ་ལྷག་ཙམ་ཞིག་བསྒྱུར། །ཚོགས་འཁོར་ལན་མང་ཕུལ་ཞིང་གནང་བ་ཞུས། །དེ་ནས་ཟློག་པ་ལ་སོགས་ལས་ཚོགས་བྲི། །རྡོ་རྗེའི་གོ་མཚོན་ནང་གི་ཚིག་རིས་ལ། །ཆོས་འབྱུང་ཕྱི་ཡི་གྲྭ་ཟུར་རྩེ་མོར་བཞག །ཞེས་སོགས་ཚིག་འབྲུ་དྲུག་ནི་དོན་བཀྲོལ་ནས་། །བསད་ལས་ཐོགས་མེད་གནམ་ལྕགས་ཐོག་འདྲ་བ། །སྔགས་འབྲུ་བཅུ་བཞི་གོ་ལྡོག་འདི་ཡི་དོན། །པང་ཟློག་བྱད་མ་མཐུ་ཆེན་བསྒྲལ་བའི་ཐབས། །བེར་ནག་ཅན་གྱི་སྒྲོལ་གིང་ནག་པོ་ནི། །སྔ་དྲོ་བྱས་ན་ཕྱི་དྲོ་རྟགས་འབྱུང་ཐབས། །དེ་གསུམ་ཟིན་བྲིས་ལག་ཏུ་ལོན་ངེས་ཤིག །བྲིས་ན་རུང་ངམ་བརྟག་པ་བྱས་པའི་ནུབ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །རྡོ་རྗེ་དམྱལ་བར་སྐྱེ་འོ་ཟེར་བའི་སྒྲ། །གསལ་པོར་ཐོས་པས་བྲི་བའི་སྤོབས་པ་ཟད། །རྡོ་རྗེ་དམྱལ་བར་སྐྱེས་ན་ཅི་ཚུགས་བྱེད། །གཅིག་རྒྱུད་ངག་ཁྲིད་ཙམ་ཡང་མི་སྨྲ་


CMR018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བའི་། །ཞེ་བཅད་དམ་བཅའ་རང་གིས་རང་ལ་བྱས། །བཟློག་དམིགས་འདི་ཚོ་ཤིན་ཏུ་བཙོག་འདུག་སྟེ། །ཉེ་བར་མཁོ་ཞིང་གཞུང་དོན་མི་ཚང་དོགས། །བྲི་བར་ཡིད་འདོད་བཞིན་དུ་བྲིས་པ་ཡིན། །བསྟན་པའི་ཆགས་ཕྱིར་རང་ལ་བློ་གཏད་པའི། །རང་དང་འདྲ་བ་འགའ་རེ་མ་གཏོགས་པ། །མང་དུ་སྤེལ་ན་མཁའ་འགྲོའི་བཀའ་ཆད་འབྱུང་། །དོན་ཆུང་ལས་ཀྱིས་རང་ཉིད་དམྱལ་བར་འཕེན། །དེ་ནས་གདམས་ངག་ངོམས་འདོད་མ་ཆེ་བར། །རྐུན་ནོར་བཞིན་དུ་ཕུགས་སུ་སྦ་བར་གྱིས། །ཞེས་པ་ཕག་ལོ་ཆོ་འཕྲུལ་ཆེན་པོ་ཡི། །ཡར་ཚེས་གཉིས་ཀྱི་སྔ་དྲོའི་ཉིན་གྱི་ཚེ། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་ལྟར། །བསྟན་པ་འཛིན་པའི་བུ་ཡིས་ལེགས་པར་བྲིས། །སྦ་འོས་གསལ་བར་བཀོད་པའི་ཉེས་པ་རྣམས། །ཌཱ་ཀི་བྱེ་བ་འབུམ་གྱི་དྲུང་དུ་བཤགས། །དགེ་བས་སངས་རྒྱས་བསྟན་དང་བསྟན་འཛིན་ལ། །བར་དུ་གཅོད་པའི་དགྲ་བགེགས་ཀུན་བཟློག་ནས། །བསྟན་འཛིན་རྣམས་ནི་བསྙུང་བྲལ་སྐུ་ཚེ་བསྟན། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་གསལ་བར་ཤོག །མངྒ་ལཾ།། །།


previousརྡོ་རྗེ་གོ་མཚོན་གྱི་ཟློག་པ་ཡོད་པས་ཆོག་པ་བྱེད་མ་འབུམ་རྡུགས་བྱད་ཟློག་གི་ཟིན་བྲིས།next