Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་བསྙེན་ཐབས་ཀྱི་དམིགས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་བསྙེན་ཐབས་ཀྱི་དམིགས་རིམ།next

མཁའ་འགྲོ་སེང་གདོང་མའི་བསྙེན་ཐབས་ཀྱི་དམིགས་རིམ།


CMR018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མའི་བསྙེན་ཐབས་ཀྱི་དམིགས་རིམ་ཅུང་ཟད། འདི་དབང་ལུང་མ་ཐོབ་པར་བལྟས་ན་མྱུར་དུ་སྲོག་ལ་རྒོལ་བས་སུ་ཐོད་ཐོད་ཀྱིས་ལྟ་བར་མི་བྱའོ། ས་མ་ཡ༔ རྒྱ་རྒྱ་རྒྱ༔


CMR018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་ནཱི་སེང་ཧ་མུ་ཁ་ཡེ། རྡོ་རྗེ་གོ་མཚོན་ཞལ་ཤེས་ཅུང་ཟད་བྲི། ཐུགས་ཀར་པད་མ་དམར་པོ་འདབ་མ་ནི། །བཅུ་བཞི་ཟེའུ་འབྲུ་ཉི་སྟེང་ཧཱུཾ་མཐིང་ནག །འདབ་མ་རེ་རེའི་སྟེང་དུ་ཡི་གེ་རེ། །ཡིག་ངོ་ནང་བསྟན་གཡས་སུ་འཁོར་བ་ལས། །དེ་ཉིད་ཀློག་པའི་ཚུལ་དུ་ཅུང་ཞིག་བཟླ་།ཡིག་འབྲུ་རྣམས་ལས་འོད་ཟེར་ཁ་དོག་ལྔ། །སྟོང་སྐུད་འདྲ་བ་འོད་ཟེར་གཡོན་དུ་འཁོར། །དེ་ནས་ཡིག་འབྲུ་དལ་བུས་གཡོན་དུ་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ལྟར་འཁོར་བཞིན་པ་ལས་འོད་ཟེར་ནི། །དཀར་པོ་ཟླ་ཤར་འདྲ་བ་ཕྱོགས་


CMR018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོས། །བདག་དང་བསྲུང་བྱ་ཀུན་གྱི་ནད་དང་གདོན། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མུན་པར་ཟླ་བ་ཤར་ལྟར་ཞི་བར་གྱུར། །དེ་རྗེས་འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །བདག་དང་བསྲུང་བྱའི་ཚེ་བསོད་དབང་ཐང་དང་། །འགྲོ་བ་ཀུན་ཀྱི་ཡེ་ཤེས་རྒྱས་པར་བྱས། །དེ་རྗེས་འོད་ཟེར་དམར་པོ་གློག་ཞགས་ལྟར། །འཕྲོས་པས་རྒྱལ་བློན་ཡུལ་འཁོར་རྒྱལ་ཁམས་ཀུན། །རང་དབང་མེད་པར་བདག་གི་དབང་དུ་བསྡུས། །དེ་རྗེས་འོད་ཟེར་དམར་ནག་ཚ་ངར་ཅན། །འཕྲོས་པས་བདུད་བཞི་ལོག་འདྲེན་གཞོབ་ཏུ་


CMR018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག །ཐམས་ཅད་ཟིལ་གནོན་དམ་ལ་ཐོགས་པར་གྱུར། །དེ་རྗེས་འོད་ཟེར་སྣ་ཚོགས་འཕྲོས་པ་ནི། །ལྗང་གུ་འཕྲོས་པས་སྣ་ཚོགས་ལས་གྲུབ་ཅིང་། །ནག་པོ་འཕྲོས་པས་༣ གནོད་བྱེད་དགྲ་བགེགས་བཀུག །དབང་པོ་ནག་ཐིབས་དྲན་མེད་རྨོངས་པ་དང་། །རྐང་ལག་འོད་ཟེར་གྱིས་བཅིངས་ཤིང་ལྟར་ཧྲེངས།། །།ཕྱི་ནང་རླུང་གི་རྒྱུ་བ་བཅད་དེ་བསད། །འོད་ཟེར་དུད་ཁ་རླུང་འཚུབ་ལྟ་བུ་ཡིས། །བལ་འདབ་རླུང་གིས་ཁྱེར་ལྟར་རིངས་པར་བསྐྲད། །དེ་ནི་བསྙེན་སྒྲུབ་དུས་ཀྱི་དམིགས་པ་སྟེ། །འདི་ཡི་ལུགས་ཀྱི་སྲུང་ཟློག་དམིགས་པ་ནི། །བསྲུང་བྱ་ཐམས་ཅད་ཆོས་འབྱུང་ནང་དུ་ཚུད། །ཆོས་འབྱུང་གནམ་ལྕགས་མཁར་འདྲ་འཇིགས་པ་བྲལ། །གནོད་བྱེད་བྱད་མ་འོད་ཟེར་ནག་པོས་བསྡུས། །འོག་གཞི་ཆོས་འབྱུང་ཕུར་པའི་ཙཀྲས་གཟིར། །ཆོས་འབྱུང་ཕྱི་ནས་མེ་ལྕེས་གཞོབ་ཏུ་བསྲེག །ཐལ་བ་བསྐལ་པའི་རླུང་བྱུང་རྗེས་མེད་གཏོར། ༈ །དེ་ནི་སྲུང་ཟློག་དམིགས་རིམ་བསྡུས་པ་ལ། །དེ་ལ་ཡི་གེ་བཅུ་བཞིའི་བཟླས་ཆོག་གི །གོ་ལྡོག་ནང་འགྲས་མིན་པ་མི་དགོས་སོ། །དགོང་མོ་ནུབ་ཏུ་ཁ་བལྟས་ཕྲེང་བ་ནི། །ཕྱིར་ལ་བཅད་ཅིང་དམིགས་པ་བྱ་ཚུལ་ནི། །ཕྲེང་བ་དགྲ་བོ་དངོས་སུ་དམིགས་བྱས་ལ། །མཐེ་བོང་


CMR018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི་སྤུ་གྲི་རྣོ་ངར་ཅན། །གུང་མཛུབ་གསེར་གྱི་ཙག་གདན་ཡིན་པའི་བར། །དགྲ་མགོ་ཧྲུག་ཧྲུག་བཅད་ནས་འཕང་བ་དེ། །མདུན་དུ་ས་དོང་གྲུ་གསུམ་རྒྱ་ཆེ་བ་། །དེ་ནང་ལས་ཀྱི་གཤིན་རྗེ་ཁ་གདངས་པའི། །ནང་དུ་དགྲ་མགོ་ཧྲུག་ཧྲུག་སོང་བར་བསམ། །དེ་ནི་རྒྱུན་གྱི་ཟློག་པ་ཡིན་མོད་ཀྱི། ན་མོ་བླ་མ་སངས་རྒྱས་ཆོས་སོགས་བདེན་བདར་རྗེས། སྤྲོ་ན། བྱད་ཁ་དྲག་པོ་ཡོད་པ་ལྟ་བུ་ལ། །ཉེར་དགུ་ལ་སོགས་ཐེབ་ནི་དྲག་པོའི་དུས། །སྐུ་གསུང་ཐུགས་རྟེན་ཀ་བའི་ལོགས་ལ་བཅིངས། །དེ་ནས་བསྐོར་བ་གཡོན་དུ་བྱ་བཞིན་དུ། །གོས་ཀྱང་མགོ་མཇུག་ལྡོག་ནས་གྱོན་བྱ་ཞིང་། །ཕྲེང་བ་ཕྱིར་བཅད་དམིགས་པ་དེ་བསྒོམ་ཞིང་། །ཡི་གེ་བཅུ་བཞི་པ་ཡི་སྔགས་ཤམ་དུ། ཧྲཱིཿཧཱུྃ་བྷྱོ༔བཟློག་ཕཊ༔ཡ༔ར༔མ༔ས༔ར༔ད༔ཙ༔ར༔མ༔ས༔ཀ༔ཨ༔ དེ་ནས་བདེན་བདར་རྒྱས་བསྡུས་གང་རུང་མཇུག །ཕྱག་གཡས་གནམ་ལྕགས་འཁོར་ལོ་རྩིབས་སྟོང་པ། །ལྟེ་བར་ཉི་མས་མཚན་ཞིང་མེ་དཔུང་འབར། །གཡོན་པའང་རྩིབས་སྟོང་མཐིལ་དུ་ཟླ་བོས་མཚན། །དེ་ལས་བསྐལ་པའི་ཆུ་བོ་རྦ་རླབས་འཁྲུགས། །རང་གི་ཤངས་ནས་རླུང་ནག་འཚུབ་མ་འཕྲོས། །གནོད་བྱེད་ཀུན་བཀུག་ལག་མཐིལ་གཡོན་དུ་བཞག །ཉི་ཟླ་བརྡབས་པས་ཤ་སྐྱོ་ཁྲག་སྐྱོར་གྱུར། །བསྐལ་པའི་


CMR018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མེས་བསྲེགས་ཆུས་བཀྲུས་ཐལ་འཛིམས་དེ། །མདུན་དུ་དོང་ནང་གཤིན་རྗེའི་ཁར་སོང་དམིགས། །འདི་ནི་གཉན་པས་མང་དུ་མི་རུང་གསུངས། །དེ་ནི་ཟློག་པའི་དམིགས་རིམ་མདོར་བསྡུས་ཏེ། །དགྲ་བོ་བསད་དང་བརླགས་དང་རྣམ་པ་གཉིས། །མདུན་དུ་ཤི་ང་རྡུལ་ནང་དུ་ཤིང་བུ་ཡི། ཧཱིཧཾ་བྷྱོ་བཟློག་ཚར་གསུམ་བྲིས་ནས་ཀྱང་། །དེ་ཉིད་དགྲ་བོ་མི་ནོར་འཁོར་བཅས་དམིགས། །ཡི་གེ་བཅུ་བཞི་པ་ཡི་མཇུག་ཉིད་དུ། །ཧཱུྃཧཱུྃ་བྷྱོབཟློག་སྦྱར་བ་ཚར་བརྒྱ་བཟླས། །ཕུ་བྱས་ཡི་གེ་དེ་ཉིད་བསྣོག་པའི་ཚེ། །དགྲ་བོ་མི་ནོར་འཁོར་དང་བཅས་པ་རྣམས། །ཐལ་བ་རླུང་གིས་གཏོར་ལྟར་རྗེས་མེད་བསམ། །དེ་ནི་དགྲ་བོ་རྗེས་མེད་བརླག་ཐབས་སོ། །རང་ཉིད་ཌཱཀིར་གསལ་བའི་འོག་ཕྱོགས་སུ། །གནམ་ལྕགས་ཧོམ་ཁུང་གྲུ་གསུམ་མེ་འབར་ནང་། །སྤྲུལ་པའི་མཁའ་འགྲོ་མང་པོས་དགྲ་བོ་བཀུག །མཚོན་ཆའི་ཆར་ཕབ་ལུས་ནི་དུམ་བུར་གཏུབ། །སྲོག་དང་རྣམ་ཤེས་མར་མེ་བསད་པ་ལྟར། །ནག་དང་སྐེམ་ལ་མེད་སོང་ཡང་ཡང་དམིགས། །ཡི་གེ་བཅུ་བཞི་པ་ཡི་སྔགས་ཤམ་དུ། ཡམར༔ཏྲ༔ཤདརསམར༔ ཡཕཊ༔ སོད་སོད། ཅེས་བཟླས་སྔགས་དམིགས་ཁོ་ནས་ཆོག་པ་སྟེ། །འདི་ཡི་ལུགས་ཀྱི་བསད་ལས་གཙོ་བོ་ཡིན། །སྨྱོན་པ་ལ་སོགས་གདོན་ཆེན་འདུལ་འདོད་ན། །ཕཊ༔ཅེས་བརྗོད་པས་སྐད་ཅིག་དྲན་


CMR018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སུ། །ངོ་བོ་སེང་གདོང་ལྷ་མོ་ཡིན་པ་ལ། །རང་ཉིད་གནམ་ལྕགས་སྡིག་པ་མགོ་དགུ་པ། །རྭ་ནི་བཅོ་བརྒྱད་ལུས་པོ་གཉེར་མས་གང་། །གཉེར་མའི་གསེབ་ནས་ཁ་གདངས་མཆེ་བ་གཙིགས། །མགོ་བོ་རེ་ལ་སྤྱན་གསུམ་སྡང་མིག་བགྲད། །བ་སྤུ་ཐམས་ཅད་དུག་གི་ཚེར་མ་ཅན། །དྲི་མ་མི་ཞིམ་དཔག་ཚད་རྒྱང་གྲགས་ཁྱབ། །ལུས་ཀྱང་ཆེ་བ་རི་རབ་ཙམ་དུ་བསམ། །དེ་ལས་སྡིག་པ་ཆུང་ངུ་གྲངས་མེད་འཕྲོས། །གནོད་བྱེད་གདོན་དེ་བཀུག་ཅིང་གཏུབ་ནས་ཀྱང་། །ཤིན་ཏུ་ཐུལ་དཀའ་སྨྱོ་རྒོད་ལ་སོགས་པ། །སྡིག་པ་འོག་སྒོར་ཞུགས་ནས་ཁོག་པ་བརྐྱང་། །རྭ་གཉིས་ཕྲག་པ་གཡས་གཡོན་གཉིས་ནས་ཕུད། །མགོ་དེས་སྙིང་ནས་འདྲད་ཅིང་ཟ་བར་བསྒོམ། །དམིགས་པ་འདི་ཉིད་དྲག་ཏུ་བསྒོམས་པ་ཡིས། །ཞག་གསུམ་ནང་ནས་ཐུལ་རྟགས་ལག་བླངས་ཡིན། །བསྙེན་པའི་སྔགས་ནི་ཡི་གེ་བཅུ་བཞི་པ། །གནོད་བྱེད་མཱ་ར་ཡ་ཕཊབཏགས་ལ་བཟླས། །རྡོ་རྗེ་གོ་མཚོན་ཟབ་གནད་ཞལ་ཤེས་འདི། །དཔལ་ལྡན་བླ་མ་དྲུང་པ་ཚེར་ལུང་པ། །ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གྱི། །གསུང་གིས་བསྐུལ་ཕྱིར་རཱ་ག་ཨ་སྱས་བྲིས།།


CMR018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གདོང་མའི་བསྙེན་ཐབས་ཀྱི་དམིགས་རིམ།next