Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གོ་མཚོན་གྱི་ཐལ་མོ་བརྡབ་ཆོག་གི་གཏོར་སྐུལ་གྱི་ཟློག་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གོ་མཚོན་གྱི་ཐལ་མོ་བརྡབ་ཆོག་གི་གཏོར་སྐུལ་གྱི་ཟློག་པའི་འདོན་འགྲིགས།next

རྡོ་རྗེ་གོ་མཚོན་གྱི་ཐལ་མོ་བརྡབ་ཆོག་གི་གཏོར་སྐུལ་གྱི་ཟློག་པའི་འདོན་འགྲིགས།


CMR018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གོ་མཚོན་གྱི་ཐལ་མོ་བརྡབ་ཆོག་གི་གཏོར་སྐུལ་གྱི་ཟློག་པའི་འདོན་འགྲིགས་བཞུགས་སོ།།


CMR018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དམར་གཏོར་ཕུད་རྒོད་དམ་ཆུ་གཙང་གིས་བྲན་ལ། ཨོཾ་བི་ཤྭ་ཌཱཀི་ནི་ཨོཾ་སྭ་བྷ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་ཐུན་གཏོར་གནམ་ལྕགས་ལས་གྲུབ་པའི་ཏྲི་ཤུ་ནག་པོ་ཁ་གྱེན་དུ་བལྟ་བ། རྩ་བ་རབ་ཏུ་བརྟན་པ། །དེའི་མགུལ་དུ་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། རྣོ་བའི་ངར་དང་ལྡན་པ། གཅོད་པའི་དབལ་དང་ལྡན་པ། གཡོན་དུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་དགྲ་བགེགས་བྱད་མ་ཐམས་ཅད་མངོན་སུམ་དུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་


CMR018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བཀའ་བདེན་པ་དང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་འཁོར་རི་རབ་སུམ་ཅུ་སོ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ།


CMR018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རིག་འཛིན་གྱི་བརྒྱུད་པ་གཅོད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉན་པོ་བཅོམ་པ། མཚམས་མེད་པ་ལྔ་ལ་སྤྱོད་པ། མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ། ཕོད་བཙུགས་པ། དོ་བསྡོ་བ། འགྲས་ཚོལ་བ། །གླགས་ལྟ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་ལང་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་ཐཾ༔ བཛྲ་གནྡྷེ་ཧོ༔ ལན་གསུམ་དང་ཞེས་པས་བཀུག་ལ། དེ་ཡི་སྙིང་གར་པདྨ་འདབ་མ་བརྒྱད་པའི་འདབ་མ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་བསམ་ལ། མཁའ་འགྲོ་མའི་ཤངས་ནས་ཧཱུྃ་འཕྲོས། བསྒྲུབ་བྱའི་དྲི་འཛིན་ལས་ཞུགས་ཁོལ་ཏེ་སྙིང་གར་པདྨའི་ལྟེ་བར་གྲི་གུག་གི་འཁོར་ལོར་གྱུར་པས་དུམ་བུར་གཏུབ་ཅིང་སྔགས་ལས་གྲུབ་པའི་མཚོན་


CMR018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་ཕྱི་ནང་གཏུབས་པས། ཁྲག་ཁོལ་ཏེ་ཁྲག་གི་རྒྱ་མཚོ། ཤ་རུས་ཏིལ་ཙམ་དུ་ཞུ་བ་དམ་ཚིག་གི་བདུད་རྩི་དང་། སྙིང་གི་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་ཞུ་ཞིང་འདྲེས་པའི་ཡེ་ཤེས་ཀྱི་བདུད་རྩི་དབྱེར་མེད་དུ་གྱུར་པས་མཁའ་འགྲོ་མ་འཁོར་དང་བཅས་པས་གསོལ་བར་བསམ། ཡང་བསྡུས་པ་ནི། གཏོར་མར་བསྒྲུབ་བྱ་བཀུག་ལ་རྣམ་ཤེས་སྤར་བ། ཕྱག་གཡོན་པའི་ཐོད་པར་བཅུག །གཡས་ཀྱི་གྲི་གུག་གིས་གཏུབས་ནས་ཤ་ཁྲག་གི་རྒྱ་མཚོར་གྱུར་པ་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བར་བསམ་ཞིང་། ཨོཾ་ཌཀི་ནཱི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་གནོད་བྱེད་དགྲ་བགེགས་བྱད་མའི་མ་ཧཱ་ནཱཾ་ས་ལ་ཁ་རཾ་ཁཱ་ཧི། དེ་བཞིན་དུ། རཀྟ༔ ཙིཏྟ གོ་རོ་ཙ་ན༔ བ་ལི་ཏ༔ ཀིང་ནི་རི་ཏི་ལ༴ ཞེས་ཞིང་སྐྱོང་ཡུམ་དང་ཐུགས་རྒྱུད་གཅིག་པའི་ཕྱིར། །དཔའ་བོ་རྣམ་རོལ་ནང་གི་ཟློག་པ་སྦྱར། ཧཱུཾ། མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་སྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་


CMR018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །ཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག །ས་བདག་ཀླུ་ཡིས་བྱེད་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོའི་སྲི་རྐུན་ཐམས་ཅད་ཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག །རྒྱལ་བསེན་རྣམས་ཀྱི་སྨྱོ་འབོག་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག །ཞང་ཞུང་ཇོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་བརྡ་ཟོར་འཕེན་པ་ཟློག །བནེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་ཟློག །བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག་སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་། །ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐགེ །མི་མཐུན་ཕྱོགས་རྣམས་


CMR018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྟེང་དུ་ཟློག །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །རྡོ་རྗེ་གར་གྱི་སྐག་ཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་སྐག་ཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་སྐག་བཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག ། བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་སྐག་ཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཟོར་འཕེན་པ་ཟློག །མཆེ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག །མ་མོས་ཐུན་ཟོར་འཕེན་པ་ཟློག །ཀླུ་ཡི་བྱད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་འཕྲོག་པ་ཟློག །ཐེའུ་རང་ཚེ་ལ་བརྐུབ་ཟློག །མུ་སྟེགས་


CMR018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་བྱེད་པ་ཟློག །ཞང་ཞུང་ཇོ་དམར་འཕེན་པ་ཟློག །བོན་པོས་སྔགས་ལོག་སྒྲུབ་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་ཟོར་འཕེན་པ་ཟློག་བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བ་བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །སྐག་ཟློག་གོ །འདི་ནི་སྲིན་མོ་ཟ་ལམ་དོན་བསྡུས་ཏེ། །གཏོར་ཟློག་ཀུན་ལ་སྦྱར་དུ་རུང་བ་ཡིན། །དེས་ན་རྒྱུ་ལྡོག་འགྲིགས་ན་ཟོར་དུ་འཕང་། །གཏོར་མ་ཕྱིར་ཁྱེར་བཅུག་ལ། །བྷྱོ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབ་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཞིང་མ་ཐོགས་པར། །ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ལས་མཛོད་ཅིག །དཔེར་ན་རྔོན་པས་རི་དྭགས་བཤོར་བ་བཞིན། །བསད་པ་དོན་དུ་གཉེར་བའི་ལས་མཛད་མ། །གསོད་པ་དོན་དུ་གཉེར་བའི་ལས་མཛོད་ཅིག །ཨོཾ་ཧཱུྃ་ཏྲིག་ཁྲོ་བྷྱོ༔ མ་ནི་མཱ་ར་ནི་བྷྱོ མཱ་ར་དུ་ན་


CMR018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ རཀྵ་རཀཱན་བྷྱོ ཏིང་ཡ་རཀྵ་བྷྱོ༔ དགྲ་བགེགས་བྱད་མ་མཱ་ར་ཡ། ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ༔ ཞེས་སོགས་བརྗོད་ལ་འཕང་། རྒྱུ་ཕྱོགས་མ་འགྲིགས་ན་ནི་འབུལ་རྒྱུ་བསྐུར། །དེ་ནས་དམིགས་མེད་སྟོང་པའི་རྒྱ་ཡིས་གདབ། །རྡོ་རྗེའི་གོ་མཚོན་ཟློག་པ་རྒྱས་པ་ཡིན། །ཕག་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་གཉིས་ཀྱི་སྔ་དྲོའི་ཉིན་ཚེར་ཡོད་ཆོག་བྱད་མ་འབུམ་རྡུགས་ཀྱི་བཟློག་པའི་ཟིན་བྲིས་བཅས། ༢ སྔགས་རྒན་རཱ་ག་ཨ་སྱས་སྨྲས་ལྟར། བརྒྱུད་འཛིན་བུ་ཡིས་ལེགས་པར་བྲིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR018_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་གོ་མཚོན་གྱི་ཐལ་མོ་བརྡབ་ཆོག་གི་གཏོར་སྐུལ་གྱི་ཟློག་པའི་འདོན་འགྲིགས།next