Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་ཆད་བསྟན་དང་རྗེས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་ཆད་བསྟན་དང་རྗེས་ཆོགnext

སེང་གདོང་མའི་ཆད་བསྟན་དང་རྗེས་ཆོག


CMR018_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྗེས་ཆོག་སྤྱི་ལྟར་བྱའོ་གསུངས་པ་ལྟར་འདི་མན་ཡོད་པར་གོ་ནས་ལྷར་སབ་པ་ཡིན། དེ་ནས་ཆད་མདོ་འདི་ལྟར་བསྒྲགས་ལ་དཔལ་འབར་འཛུགས་ཤིང་འདི་སྐད་དོ། ། ཧཱུྃ་བྷྱོ༔ བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྤྲོས་བྲལ་བདེ་ཆེན་ཀུན་ཏུ་བཟང་མོ་ཡིས། །བྱ་རྩོལ་བྲལ་བ་ཡིད་ཆེས་བསྟན་པའི་ཚེ། །རིགས་ལྔ་བདེ་ཆེན་མཁའ་དབྱིངས་བཀོད་པའི་ཚོགས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་སུ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །ཡོན་བདག་བར་ཆད་བཟློག་༣ པར་མ་ཆད་དམ། །ཇི་ལྟར་ཁས་བླངས་བཞིན་དུ་གཏོར་མ་ལོངས། །དེ་ལྟར་དམ་བཅའ་བཞིན་དུ་ཕྲིན་ལས་བཛོད། །ཧཱུྃ་བྷྱོ༔ དེ་འོག་སྙིགས་མའི་དུས་ལ་བབ་པའི་ཚེ། །དུད་ཁྲོད་རོ་ལངས་བསིལ་བའི་ཚལ་ཆེན་དུ། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །གསང་སྔགས་རྒྱུད་སྡེ་གཏེར་དུ་སྦས་པའི་ཚེ། །སྣང་སྲིད་འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་ཀྱི། །སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ། །བླ་མའི་


CMR018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དགོངས་བསྒྲུབ་པར་མ་ཚད་དམ། །རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ། །དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་བཅའ་དེ་བཞིན་དུ། །མཆོད་གཏོར་བཞེས་ནས་ཕྲིན་ལས་བསྒྲུབ་པར་མཛོད། ། ཧཱུྃ་བྷྱོ༔ དེ་འོག་གཅོད་པའི་དུས་ལ་བབ་པའི་ཚེ། །མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་ཚར། །གྲུབ་པ་བརྙེས་པའི་རིག་འཛིན་བརྒྱུད་རྣམས་ཀྱི། །གུང་ཐང་དགོངས་པ་མཛད་ནས་གཟིགས་པའི་ཚེ། །མཁའ་འགྲོ་ཤུགས་འགྲོའི་གཏེར་སྒོམ་གཏད་ནས་ཀྱང་། །སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ། །བླ་མའི་ཐུགས་དགོངས་བསྒྲུབ་པར་མ་ཟ ཆད་དམ། །རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ། །དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་བཅའ་དེ་བཞིན་དུ། །མཆོད་གཏོར་བཞེས་ནས་ཕྲིན་ལས་བསྒྲུབ་པར་མཛོད། ། ཧཱུྃ་བྷྱོ༔ དེ་འོག་འདུལ་བའི་དུས་ལ་བབ་པའི་ཚེ། །བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ། །སློབ་དཔོན་ཆེན་པོ་པདྨ་བྱོན་པའི་ཚེ། །


CMR018_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །རང་རང་སོ་སོའི་གཟུགས་མཆོག་བསྟན་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ། །བླ་མའི་ཐུགས་དགོངས་བསྒྲུབ་པར་མ་ཚད་དམ། །རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ། །དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་བཅའ་དེ་བཞིན་དུ། །མཆོད་གཏོར་བཞེས་ནས་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་བྷྱོ༔ ད་དུས་སྙིགས་མ་ལྔ་བདོའི་དུས་འདི་རུ། །པདྨའི་ཡང་སྤྲུལ་གཏེར་སྟོན་ཆེན་པོ་ཡིས། །ཟབ་གཏེར་མཐའ་དག་གཏེར་ནས་བཏོན་པའི་ཚེ། །བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས། །རང་རང་སོ་སོའི་གཟུགས་མཆོག་བསྟན་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ། །བླ་མའི་ཐུགས་དགོངས་བསྒྲུབ་པར་མ་ཆད་དམ།། རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ། །དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་བཅའ་དེ་བཞིན་དུ། །མཆོད་གཏོར་བཞེས་ནས་ཕྲིན་ལས་


CMR018_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་མཛོད། །ཧཱུྃ་བྷྱོ ད་ལྟ་བསྒྲུབ་པའི་རྣལ་འབྱོར་བདག་ཅག་གིས། །མཁའ་འགྲོ་དམ་ལ་འདུལ་བའི་གནས་མཆོག་ཏུ། །ཚེ་འདིར་སངས་རྒྱས་སྐུ་གསུམ་བསྒྲུབ་པའི་ཕྱིར། །མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ། །བླ་མའི་ཐུགས་དགོངས་བསྒྲུབ་པར་མ་ཆད་དམ། །རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ། །དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ། །ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གཏོར་ཞལ་སློབ་དཔོན་མདུན་ལ་བསྟན་ནས་ཕུལ། དང་པོ་ཐུགས་དམ་གནད་ནས་བསྐུལ་བ་ནི། གཏོར་ཟོར་ལ་དཔལ་འབར་འཛུགས་ལ་རཀྟས་བྲན་ལ་ཡི་དམ་མཁའ་འགྲོའི་ང་རྒྱས་གྱིས་སྐད་དོ།། ཧཱུྃ། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཡི་དམ་རྒྱལ་བ་སྐུ་བཞེངས་ཤིག །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་སེམས་ཅན་དོན་མཛོད་ཅིག །བྷྱོ༔ བཞེངས་ཤིག་


CMR018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་དབྱིངས་ནས་བཞེངས། །རྒྱལ་ཡུལ་གཙོ་མོ་སེང་གདོང་མ། །མཐུ་དང་ནུས་པ་བསམ་མི་ཁྱབ། །སྐུ་མདོག་མཐིང་ནག་གར་སྟབས་རོལ། །སྤྱན་གསུམ་སྡང་མིག་ཧྲིགས་སེ་ཧྲིག །གཡུ་ཡི་རལ་པ་ཤ་ར་ར། །ཐུན་དང་དུག་རླངས་ཆི་ལི་ལི། །ཞལ་ནས་སྦྱོ་བཟློག་ཏི་རི་རི། །རུ་ལུའི་སྒྲ་སྐད་འུ་རུ་རུ། །བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ། །དམ་ཉམས་དགྲ་ལ་ར་མདའ་མཛོད། །དམར་གྱི་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་དཀར་མོ་སེང་གདོང་མ། །ཡུལ་འཁོར་དྲུག་གི་བཀའ་སྒྱུར་མ། །དྲི་ཟའི་དམག་ཚོགས་དགྲ་ལ་སྒྱུར། །ནད་ཡམས་དལ་ཁ་ཤར་དུ་སྒྱུར། །ལྷོ་ཕྱོགས་སེར་མོ་སེང་གདོང་མ། །འཕགས་སྐྱེས་པོ་ཡི་བཀའ་སྒྱུར་མ། །གཤིན་རྗེའི་དམག་ཚོགས་དགྲ་ལ་སྒྱུར། །ནད་ཡམས་དལ་ཁ་ལྷོ་རུ་སྒྱུར། །ནུབ་ཕྱོགས་དམར་མོ་སེང་གདོང་མ། །སྤྱན་མི་བཟང་གིས་བཀའ་སྒྱུར་མ། །ཀླུ་གདོན་དམག་ཚོགས་དགྲ་ལ་སྒྱུར། །ནད་ཡམས་དལ་ཁ་ནུབ་ཏུ་སྒྱུར། །བྱང་ནས་ལྗང་མོ་སེང་གདོང་མ། །རྣམ་ཐོས་སྲས་ཀྱི་བཀའ་སྒྱུར་མ། །གནོད་སྦྱིན་དམག་ཚོགས་དགྲ་ལ་སྒྱུར། །ནད་ཡམས་དལ་ཁ་


CMR018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་སྒྱུར། །ཁྲོ་མོའི་སྤྲུལ་པའི་མཁའ་འགྲོ་ནི། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཤུགས་འགྲོ་བྲན་གཡོག་འཁོར་དང་བཅས། །ཐམས་ཅད་རུ་མཚོན་རངས་སེ་རང་། མ་མོའི་དཔུང་ཚོགས་ཉི་ལི་ལི། །བདག་དང་རྒྱུ་སྦྱོར་འཁོར་དང་བཅས། །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །བར་ཆད་འགལ་རྐྱེན་བཟློག་ཏུ་གསོལ། །དལ་ཁ་ཡམས་ཁ་བཟློག་ཏུ་གསོལ། །རྦོད་གཏོང་རྦད་འདྲེ་བཟློག་ཏུ་གསོལ། །བྱད་ཁ་ཟོར་ཁ་བཟློག་ཏུ་གསོལ། །གཏད་ཁ་ཕུང་སེལ་ཐམས་ཅད་བཟློག་ཏུ་གསོལ། །ཕྲ་མེན་རླུང་འཁོར་ཐམས་ཅད་བཟློག་ཏུ་གསོལ། །རྨི་ལྟས་མཚན་ངན་ཐམས་ཅད་བཟློག་ཏུ་གསོལ། ། བྷྱོ༔ ད་ནི་འཇིག་རྟེན་གཡོ་ཞིང་འགུལ། །ད་ནི་སྲིད་གསུམ་ཁྱོམ་ཞིང་ལྡེག །སྣང་སྲིད་ཐམས་ཅད་གཡོ་ཞིང་འགུལ། །མ་བདུད་ཆེན་མོ་སྐུ་བཞེངས་ཤིག །ཟོར་བདག་ཆེན་མོ་བསྐྱོད་པའི་ཚེ། །འཁོར་གྱི་མ་མོ་ཅི་ལ་སྡང་། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱིས། །བྱད་ཁ་ཕུར་ཟོར་ཐམས་ཅད་དང་། །མ་མོ་ཁྱོད་ཀྱིས་ད་ཤུལ་ལ། །དྲག་པོའི་ཟོར་དང་བཅས་ནས་ནི། །སྡང་བའི་དགྲ་དང་


CMR018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལ་འཕེན། །ཟ་བའི་འདྲེ་དང་སྲི་ལ་འཕོངས། །བརྣག་པའི་དགྲ་བགེགས་སྟེང་དུ་འཕོངས། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །བཟློག་གོ་བསྒྱུར་རོ་ས་མ་ཡཱ། །བྷྱོ་བྷྱོ་ཐུན་ཐུན་དགྲ་ལ་བྷྱོ། རྦད་རྦད་ཐུན་ཐུན་དགྲ་ལ་རྦད། །ཅེས་ཡེ་ཤེས་པ་ནམ་མཁའ་ལ་བཏེག་ནས་བཞུགས། འཇིག་རྟེན་པ་འོད་དུ་ཞུ་ནས་གཏོར་མ་དུག་གི་སྡོང་པོ། མཚོན་ཆ་མེའི་ཕུང་པོས་དགྲ་བགེགས་རྩི་སྐྱ་ལ་ཐོག་ཕོག་པ་ལྟར་དམིགས་མེད་དུ་གྱུར་པར་བསམ། དེ་ནས་བརྟན་མ་སྐྱོང་ལ་བག་ཡོད་ཁས་བླངས་དགོངས་པ་ལྟར་ལ། བྷྱོ ཡུལ་གྱི་མིང་ནི་གདོང་དམར་བོད། །དཀར་ཕྱོགས་སྐྱོང་བའི་བརྟན་མ་ནི། །རྡོ་རྗེ་ཀུན་བཟང་ཀུན་གྲགས་མ། །ཡ་མ་སྐྱོང་དང་བགེགས་ཀྱི་གཙོ། །སྤྱན་གཅིག་ཀླུ་མོ་དཔལ་གྱི་ཡུམ། །གྲགས་མོ་རྒྱལ་དང་བོད་ཁམས་སྐྱོང་། །སྨན་གཅིག་གཟུགས་ལེགས་དབྱར་མོ་བསིལ། །རེ་རེའང་འཁོར་ནི་སྨན་བཙུན་འབུམ། །ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས། །སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན། །གཏོར་མ་བཤལ་ཆུ་འདི་བཞེས་ལ། །བཀའ་བརྒྱུད་བསྟན་པ་ཡུན་དུ་གནས། །བོད་ཁམས་བདེ་ལ་འགོད་པའི་ཕྱིར། །རྣལ་འབྱོར་བཅོལ་


CMR018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མཛོད། །དེ་ནས་གཏོར་མ་ཕུལ་ནས་གཏོར་གཞུང་ཐམས་ཅད་ཁ་མར་བསྐོར། འོག་ཏུ་བྱེད་མ་དམ་སྲི་ཚུད་ནས་རི་རབ་ཀྱིས་མནན། སྟེང་དུ་ཁྲོ་བོ་ཁྲོ་མོའི་བྲོ་འཁྲབ་ལ་མི་ཐར་བར་བསམ་ལ། ཧཱུྃ་གཏེར་བུ་ཁྲོས་ནག་སེང་གེའི་གདོང་། །ཕྱག་མཚན་གྲི་ཁུག་ཐོད་ཁྲག་དང་། །ཁ་ཊཾ་ལྕགས་ཀྱུའི་བརྒྱན་པ་རྣམས། །ལྕགས་རལ་གསེབ་ནས་ཕུར་ཆར་འབེབས། །རང་འདྲ་མཁའ་འགྲོ་བརྒྱ་དང་བཅས། །ཀུན་ཀྱང་བྲོ་རྡུང་ཁྲིགས་སེ་ཁྲིག །དམ་སྲི་ཐལ་བ་རྡུལ་དུ་རློགས། །རི་རབ་གླིང་བཞིའི་འོག་ཏུ་མནན། །འགྱུར་བ་མེད་པའི་རྒྱས་གདབ་བོ། །ཕཊ་ཡརམསརདཏ༔མ༔རམས༔ཀཨ༔ ཤ་ཏྲི་ཛནི་ཏྲི་ཁུག །དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ནན། ཛཾ་བྷ་ཡ་ནན། ཙཱ་བྷ་ཡ་ནན། ཞེས་ཕྲིན་འགེབ་ལྟར་བྱའོ། །དང་པོ་གཏོར་གཞུང་ཁ་ཡར་ཟེད་ལ་མེ་ཏོག་འཐོར། དེ་ནས་གཏང་རག་གི་མཆོད་བསྟོད་ནི། ཧཱུྃ་བྷྱོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་ཅི་མཆིས་པ། །ནམ་མཁའ་གང་བ་སེམས་ཀྱིས་དངོས་སྤྲུལ་ནས། །སེང་གདོང་ཌཱ་ཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་


CMR018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །ༀ་བཛྲ་ཌཱཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ཨརྒྷཾ་ཨཱཧཱུྃ། སོགས་ནས། ཤཔྟ་ཨཱཎཱཧཱུཾ། བར་དང་། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཧཱུཾ་བྷྱོ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །བསྟན་དང་གཡོ་བའི་ཁྱབ་བདག་བདེ་ཆེན་སྐུ། །ནམ་མཁའི་མདོག་ཅན་ཌཀི་བྱེ་བའི་གཙོ། །དཔལ་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་སྟོད། །བསྟོད་པ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཡི་གེ་བརྒྱ་པ་བཟློས་ལ་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་མགོན་པོའི་བཟོད་པར་གསོལ། །དེ་ནས་དངོས་གྲུབ་ལེན་པ་ལ་གཙོ་གཏོར་དང་སྨན་རཀ་ཕྱག་ཏུ་ཐོགས་ནས། བྷྱོ༔ རང་བཞིན་གདོད་ནས་རྣམ་པར་དག །འཆི་མེད་རང་བྱུང་བདུད་རྩིའི་མཆོད། །གསང་བ་ཡོངས་རྫོགས་དངོས་གྲུབ་ཞུ། །ཁམས་གསུམ་དབང་བསྡུས་སྲིད་གསུམ་འགྲན་ཟླ་བྲལ། །གནས་གསུམ་ཌཱཀི་ཚོགས་ཀྱིས་དངོས་གྲུབ་སྩོལ། །


CMR018_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མི་ཐུབ་མཐུ་རྩལ་དྲག་པོ་ནི། །དྲག་མོ་སེང་གདོང་ལྷ་མོའི་དངོས་གྲུབ་སྩོལ། །མདོ་སྔགས་རྒྱུད་འཛིན་གཞན་དོན་ལྷུན་གྲུབ་པའི། །ཚེ་ཡི་ལྷ་མོའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཧཱུྃཀཱ་ཡ་སིདྡྷི་ཧཱུཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧོ། དེ་ནས་བདུད་རྩིར་ལོངས་སྤྱོད་གཏོར་མ་རང་གི་གནས་བཞིར་འཇོག་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པའི་མོས་གུས་བྱའོ། །དང་པོ་བཀྲ་ཤིས་བྱ་བ་ནི། ཉི་ཤུ་རྩ་བཞིའི་གནས་མཆོག་དང་། །ཁྱད་པར་ཨུ་རྒྱན་དབེན་གནས་སུ། །དམ་ཚིག་ཅན་རྣམས་སྐྱོང་མཛད་མ། །མཁའ་འགྲོ་མ་རྣམས་བཀྲ་ཤིས་ཤོག །དེ་ནས་བདག་བསྐྱེད་མདུན་བསྐྱེད་རྫོགས་རིམ་བསྡུས་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཀྲ་ཤིས་སྨོན་ལམ་གྱིས་རྒྱས་འདེབས་ཤིང་དགེ་བ་སེམས་ཅན་དོན་དུ་བསྔོ། ཞེས་ལས་ཀྱི་རིམ་པ་མ་རྒྱུད་ཌཀིའི་ཚོགས་ལས་འདི། མདོ་སྔགས་ཟུང་འཇུག་འདི་ནི། །བ་རི་ལུགས་ཀྱི་ལས་ཚོགས་སངས་རྒྱས་གླིང་པའི་གཏེར་ཁ་མཁའ་འགྲོ་ལྤགས་ཀྱི་སྨེ་བ་ཅན་གྱི་ལུགས་དང་། བླ་མ་རྒྱལ་ཚབ་པའི་ལུགས་འཇམ་དབྱངས་པདྨ་གར་དབང་ལུགས་ཀྱི་སྙན་བརྒྱུད་དང་། མངའ་བདག་མྱང་གི་གཏེར་ཁ་སོགས་


CMR018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དོན་གཅིག་ཏུ་དྲིལ་བ་བྱས་ནས་ཕྱོགས་གཅིག་ཏུ་སབ་ཕྲི་གང་དགོས་སོགས་ནི་གོང་མ་རྣམས་ཀྱིས་མཛད་སྲོལ་ལྟར་དུ། མཁའ་འགྲོའི་བཀའ་གནང་ལ་བརྟེན་ནས། དོན་གསལ་ཁྱེར་བདེ་བ་ལག་ལེན་འགྲིགས་ཆགས་སུ་བཀོད་པ་བདག་འདྲ་རྨོངས་པ་རྣམས་ལ་ཕན་སྙམ་ནས་བཀོད། འདི་བྲིས་འགལ་འཁྲུལ་ཉེས་སྐྱོན་ཅི་མཆིས་པ་ཐམས་ཅད་བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མ་མཆིས་ཌཱཀིའི་ཚོགས་ཀྱི་བདག་མོ་འཁོར་དང་བཅས་པ་ཆོས་བདག་སྲུང་མའི་ལྷ་ཚོགས་འཁོར་དང་བཅས་པ་ལ་བཤགས་སོ། །དགེ་བས་འདི་ཉིད་ཉམས་སུ་ལེན་མི་དང་། །བདག་དང་བུ་སློབ་དམ་ཚིག་ལྡན་པ་དང་། །དེ་ལ་མཐུན་རྐྱེན་བསྒྲུབ་པའི་སྦྱིན་བདག་རྣམས། །རྐྱེན་ངན་བར་ཆད་དབང་དུ་མི་འགྲོ་ཞིང་། །སུན་མ་བྱད་ཁ་ཕུར་ཁས་མི་ཚུགས་ཤིག །ཅི་འདོད་འདོད་འཇོ་བ་ལས་བྱུང་བ་བཞིན། །མཆོག་ཐུན་དངོས་གྲུབ་ཚེ་འདིར་མྱུར་ཐོབ་ནས། །འབྱུང་བཞི་བསྡུས་ནས་ཚེ་འཕོས་གྱུར་པའི་ཚེ། །ནུབ་ཕྱོགས་ཞིང་ཁམས་བདེ་ཆེན་ཕོ་བྲང་ནས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསུ་བར་ཤོག །ཞིང་དེར་ཆོས་འཁོར་བསྐོར་བསྐོར་ཞིང་བཞུགས་གྱུར་ཅིག །དེ་སྐད་སྨྲ་བ་སྔགས་འཆངས་ཨ་རཱ་པ། །རྣལ་འབྱོར་རིག་པ་འཛིན་དེས་བྲིས་པའོ། །མངྒ་ལཾ། ཤུ་བྷཾ། །


CMR018_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསེང་གདོང་མའི་ཆད་བསྟན་དང་རྗེས་ཆོགnext