Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་མིན་འཆི་བ་བཟློག་ཐབས་དཀར་མོ་སྐུའི་ཌཱཀིའི་ཚེ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུས་མིན་འཆི་བ་བཟློག་ཐབས་དཀར་མོ་སྐུའི་ཌཱཀིའི་ཚེ་སྒྲུབ།next

དུས་མིན་འཆི་བ་བཟློག་ཐབས་དཀར་མོ་སྐུའི་ཌཱཀིའི་ཚེ་སྒྲུབ།


CMR018_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མིན་འཆི་བ་བཟློག་ཐབས་དཀར་མོ་སྐུའི་ཌཱཀིའི་ཚེ་སྒྲུབ་བཞུགས་སོ།།


CMR018_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་ཌཱཀི་ཡེ། དཀར་མོ་སྐུ་ཡི་ཌཱ་ཀི་ལ་བརྟེན་ནས་ཚེ་སྒྲུབ་པ་ནི། གནས་དབེན་པར་མཎྜལ་འདབ་བཞི། མཆོད་པ་རྣམ་ལྔ་དང་། སྨན་རཀ་བཤམས། གཏོར་མ་ཚེ་བུམ་གཟུགས་ལ་རྩེ་ལ་མར་གྱི་སེང་ཞལ། ཉི་ཟླ་ནོར་བུས་མཚན་པ། མཐར་ཚེ་རིལ་གྱིས་བསྐོར་བ་དང་། འཛོམ་ན་ཚེ་ཆང་དང་། ཚེའི་མདའ་དར་བཤམས། སྐྱབས་འགྲོ་སེམས་བསྐྱེད་བྱ། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་རྒྱས་པར་སྲུང་འཁོར་ཡོངས་རྫོགས་སམ་བསྡུ་ན་འདི་རང་གི་ཡང་འཐུས་ཏེ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་རྩེ་ཚངས་པའི་གནས་སུ་སླེབ་པ། མར་རྩེ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུགས་པ། སྲ་ཞིང་བརྟན་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་


CMR018_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུ། སྟེང་ཟླ་བ་དང་འོག་ཉི་མའི་གྲྭའུ་ཁ་སྦྱོར་རྒྱ་ཆེ་བའི་ནང་དུ། འོད་ཁ་དོག་རིམ་པ་དཀར་སེར་དམར་ལྗང་མཐིང་ཁ་ལྔའི་གུར་ཁང་གི་དབུས། སྣ་ཚོགས་པདྨ་ཟླ་བའི་གདན་ལ། རང་ཉིད་སྐད་ཅིག་བརྫུས་སྐྱེས་དྲན་རྫོགས་སུ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། །སྐུ་མདོག་དཀར་མོ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གཡུ་རལ་གཞན་འཕྲུལ་དབང་བྱེད་དུ་སླེབས་ཤིང་སྤྲུག་པའི་གསེབ་ནས་ཌཱཀིའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། ཐོད་པ་སྐམ་རློན་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་གྲི་གུག་དང་གཡོན་ཐོད་པ་


CMR018_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ནོར་བུ་ཁཊཾ་བརྟེན་ཞིང་གར་ཐབས་ཀྱིས་ཨུ་མའི་སྙིང་ཁར་མནན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་ཞིང་བ་སྤུའི་གསེབ་ནས་རང་འདྲའི་སྤྲུལ་པ་དུ་མ་འཕྲོ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དབང་ལྷ་སྤྱན་དྲངས་དབང་བསྐུར་རྣམ་སྣང་གིས་དབུ་བརྒྱན་། ཨགྷོ་པཱཏྱཾ་སོགས་ཀྱིས་མཆོད། དཔལ་ལྡན་སངས་རྒྱས་ལྷ་མོ་ནི། །དྲག་མོ་སེང་གེའི་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་བའི་གདན་ལ་ཧི༔ཡིག་དཀར་ལ་དམར་མདངས་ཅན་གྱི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས། །བ་སྤུའི་བུ་ག་ནས་སེང་གདོང་མ་སྐུ་ཆུང་ལ་ཡན་ལག་དོད་པ། གཡས་ལྕགས་ཀྱུ་དང་གཡོན་ཚེ་བུམ་ཐོགས་པ་འཇིག་རྟེན་ཁྱབ་པར་འཕྲོས་ནས། རང་གི་བླ་ཚེ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་དང་། སྟེང་ལྷ་འོག་ཀླུ་བར་མི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་གཟི་མདངས་ཐམས་ཅད་དང་། འབྱུང་བ་བཞི་དང་ནོར་བུ་དང་རྩི་སྨན་གྱི་ནུས་པ་ཐམས་ཅད་ལྕགས་ཀྱུས་བཀུག་ནས་ཚེ་བུམ་དུ་བླུགས་ནས་ཕྱུར་བུར་བཀང་སྟེ། མྱུར་


CMR018_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱེར་འོང་སྟེ་བདག་གི་སྤྱི་གཙུག་ཏུ་བླུགས་པས་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་བདུད་རྩིས་གང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཨོཾ་ཨཱཧཱུྃ ཨཱཡུ་ཛྙཱ་ན་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ། །ཐུན་མཚམས་སུ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཨོ་རྒྱན་གྱི་གནས་ནས་སེང་གདོང་དཀར་མོ་ལ་འཁོར་རིགས་བཞིའི་ཌཱཀི་སེང་གདོང་ཅན་རེ་རེ་ལ་ཡང་རང་འདྲ་བ་འབུམ་འབུམ་གྱིས་བསྐོར་བ་སྐད་ཅིག་ལ་སྤྱན་དྲངས་ལ། མདུན་གྱི་མཎྜལ་དབུས་སུ་བཞུགས་པ་ལ་གཏོར་མ་བདུད་རྩིར་བྱིན་རླབས་ལ་འབུལ། གཏོར་མ་བསྔོ་ལུགས་རྡོ་རྗེ་གོ་མཚོན་ལྟར་བྱས་ཀྱང་རུང་སྟེ། འདོད་གསོལ་ལ་མཇུག་ཏུ། ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་བརྗོད། ཨརྒྱུ་སོགས་ཀྱིས་མཆོད། དཔལ་ལྡན་སྐུ་ཡི་ལྷ་མོ་ནི། །དྲག་མོ་སེང་གེའི་སོགས་ཀྱིས་བསྟོད། དེ་ལྟར་ཞག་བདུན་ལ་སྔགས་འབུམ་ཕྲག་གཅིག་གམ། ཡང་ན་རྒྱུན་བསྙེན་པས་རུང་སྟེ། རྨི་ལམ་ཉི་ཟླ་ཤར་བ་མཁར་རྩིག་པ། བཙན་པའི་མཁར་ན་འདུག་པ། །འོ་མ་དང་བདུད་རྩི་འཐུང་བ། གོ་ཆ་གྱོན་པ། ཚེ་ཡི་ལུང་སྟོན་པ་ལ་སོགས་དང་། དངོས་སུ་ཁམས་བདེ་རིག་པ་དངས་ནད་ཉུང་བ་སོགས་འབྱུང་ངོ་། །དེ་ནས་ཚོགས་འཁོར་བྱ་འཇིག་རྟེན་པ་གཤེགས། ཡེ་ཤེས་པ་རང་ལ་བསྟིམས་ནས་མི་


CMR018_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་བྱའོ། །དེས་ནི་ཚེ་ཡི་བར་ཆད་སེལ་བར་ཐེ་ཚོམ་མེད་དོ། །ཨྠྀི། ཡང་ལུགས་གཅིག་ལ་གཞན་འདོན་ལུགས་ཐམས་ཅད་གོང་དང་འདྲ་བ་ལས། རང་ཉིད་སེང་གདོང་མ་དཀར་མོ་གོང་ལྟར་ལས། གཡས་ཚེ་འགུགས་པའི་ལྕགས་ཀྱུ་ཕྱར་ཞིང་། གཡོན་ཚེ་ཡི་བུམ་པ་འཛིན་པར་བསྒོམ། དམིགས་པ་གོང་ལྟར་ལས། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཐ༔ཕཊ༔ བྷྲཱུཾ་ཌཱ་ཀི་ཕ་ལ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བཟླས་གཏོར་བསྔོས་རྟགས་ཡིག །རྗེས་ཆོག་གོང་ལྟར་བྱའོ། །གཞུང་གི་ཚེ་འཁོར་བཏགས་གྲུབ་ན་བཟང་ངོ་། །ཞེས་ཨ་རཱ་གས་སྦྱར་བ་ཉེས་བཤགས་དགེ་བས་ཚེ་དཔག་མེད་འགྲུབ་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདུས་མིན་འཆི་བ་བཟློག་ཐབས་དཀར་མོ་སྐུའི་ཌཱཀིའི་ཚེ་སྒྲུབ།next