Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་མའི་རྒྱུན་ཁྱེར་ལས་བྱང་བསྡུས་པ་བྱིན་རླབས་མྱུར་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་མའི་རྒྱུན་ཁྱེར་ལས་བྱང་བསྡུས་པ་བྱིན་རླབས་མྱུར་འགྲུབ།next

ཐུགས་རྗེ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་མའི་རྒྱུན་ཁྱེར་ལས་བྱང་བསྡུས་པ་བྱིན་རླབས་མྱུར་འགྲུབ།


CMR018_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་མའི་རྒྱུན་ཁྱེར་ལས་བྱང་བསྡུས་པ་བྱིན་རླབས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།


CMR018_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །རྡོ་རྗེའི་ར་གུར་མེ་རི་ཡིས། །སྟེང་འོག་ཕྱོགས་མཚམས་ཁྱབ་པར་གཏམས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཧཱུཾ། བདག་ཉིད་དག་པའི་གནས་མཆོག་འདིར། །དུར་ཁྲོད་བདག་མོ་འཁོར་བཅས་ཀྱིས། །མཆོད་རྫས་བདུད་རྩི་བྱིན་གྱིས་རློབས། །ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧ༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །


CMR018_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་ཁྲོས་མར་གསལ། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །སོ་ས་གླིང་ནས་རྗེ་བཙུན་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །ཚོགས་ཞིང་རང་གི་སྙིང་ཁར་ཐིམ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་ཉམས་མེད་


CMR018_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ཤོག །ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བདག་དང་མདུན་གྱི་དཀྱིལ་འཁོར་མེ་རི་རྡོ་རྗེའི་ཕྲེང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ། དུར་ཁྲོད་ཀྱི་རྒྱུ གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཡོངས་སུ་རྫོགས་པ། དེ་ཡི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གདེངས་ཀ་གྱེན་དུ་བསྟན་པའི་དབུས་སུ་པདྨ་འདབ་བཞི་དང་། འདབ་བརྒྱད། ཉི་མའི་གདན་ལ། ཨ་མཐིང་ནག་ལས་འོད་འཕྲོས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས། དབུས་སུ་རྗེ་བཙུན་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཁ་ཊཾ་ག་དཀུར་བརྟེན་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབས་ཤིང་། ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ། སྤྱི་གཙུག་རལ་པའི་སྐྲ་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པར་གྱུར་དེའི་ཤར་གྱི་འདབ་མ་ལ་བདེ་ཆེན་དཀར་མོ། ལྷོའི་འདབ་མ་ལ་སེར་མོ་དོན་གྲུབ། ནུབ་ཀྱི་འདབ་མ་ལ་དམར་མོ་སྒྲ་སྒྲོག །བྱང་གི་འདབ་མ་ལ་སྣ་ཚོགས་མཐར་


CMR018_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ཕྱོགས་མདོག །ཤར་ལྷོར་དམ་ཚིག་མཁའ་འགྲོ། ལྷོ་ནུབ་སྣ་ཚོགས་མཁའ་འགྲོ། ནུབ་བྱང་ཐམས་ཅད་མཁའ་འགྲོ། བྱང་ཤར་འཇིག་རྟེན་མཁའ་འགྲོ་དེ་ཐམས་ཅད་མཁའ་འགྲོ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་སྒེག་པ་ཞི་བ་བཞད་པ་གར་གྱི་ཉམས་དགུ་དང་ལྡན་པ། དབུ་སྐྲ་སྣུམ་ལ་གྲོལ་བ་སྐྱེད་པའི་ཨན་མན་ཆད་སླེབ་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ། སྐུ་སྟོད་སེང་གེ་ལྟར་འགྱིང་བ་། སྐུ་སྨད་དུང་ལྟར་འཁྱིལ་བ། གྲི་གུག་དང་ཐོད་ཁྲག་བསྣམས་པ། ཁ་ཊཾ་ག་ལ་འཁྱུད་ཅིང་གཙོ་མོ་ལ་གུས་པའི་ཚུལ་གྱིས་གར་བྱེད་པའོ། །བདག་ལུས་རང་བྱུང་གཞལ་ཡས་ཁང་དུ་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔའི་དབུས་སུ་ཕག་མོ་རིགས་ལྔ། རྩ་འདབ་རྣམས་སུ་རང་འདྲའི་ཌཱཀྐི་མ་རང་རང་གི་ས་བོན་གྱིས་མཚན་པ་དང་། མདུན་གྱི་ལྷ་ཚོགས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། དུར་ཁྲོད་སོ་ས་གླིང་ནས་ཁྲོས་མའི་ལྷ་ཚོགས་


CMR018_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་སྤྱན་དྲངས། ཧཱུྃ། མཚན་མོ་སྒྲ་སྒྲོག་གཅེར་བུར་གནས། །རྐང་པས་བགེགས་མནན་སྟེང་དུ་ལྟ། །གྱེན་དུ་ཕག་སྐད་སྒྲ་སྒྲོག་ཅིང་། །མཁའ་འགྲོ་འཁོར་དང་བཅས་པ་རྣམས། །ཕོ་ཕོ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་དབང་བསྐུར་བས། །གཙོ་མོར་རྟ་མགྲིན་ཡབ་ཡུམ་དང་། །འཁོར་རྣམས་གཙོ་མོས་དབུ་བརྒྱན་གྱུར། །བདག་གི་ཐུགས་ལས་སྤྲུལ་པ་ཡིས། །མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་ཅིང་བསྟོད་པ་བྱེད་པར་གྱུར། །ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་དམ་པ་འདི། །ཁྲོས་མ་འཁོར་དང་བཅས་ལ་* འབུལ། །འབྲས་རྒུན་བུ་རམ་བཅོས་པའི་ཆང་། །ཚོགས་དང་ལོངས་སྤྱོད་དབང་པོ་ལྔ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་ཡེ་ཤེས་བདུད་རྩི་འདི། །ཁྲོས་མའི་ལྷ་ཚོགས་རྣམས་ལ་འབུལ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །དགའ་བ་ཆེན་པོ་བྱང་ཆུབ་སེམས། །ཉོན་མོངས་དུག་ལྔ་ལས་བྱུང་བའི། །ཡེ་ཤེས་ལྔ་ཡི་མཆོད་པ་


CMR018_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་བྷ་ར་ཧི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཤརྡ་སརྦ་པཱུ་ཙ་ཨ་མྲྀ་ཏ་བྷ་ལིཾ་ཏ་རཀྟ་ཁཱ་ཧི། ཧཱུྃ། སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ། །རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་དཀར་མོས་འཇིགས་པ་ཀུན་ལས་གྲོལ། །སེར་མོ་དོན་གྲུབ་ཚེ་དབང་རྒྱས་པར་མཛད། །དམར་མོ་སྒྲ་སྒྲོག་ཁམས་གསུམ་དབང་དུ་སྡུད། །སྣ་ཚོགས་མཐར་ཕྱིན་མངོན་སྤྱོད་ལས་རྣམས་མཛད། །མཁའ་འགྲོ་སྡེ་བརྒྱད་ཕྲིན་ལས་སྣ་ཚོགས་བསྒྲུབ། །བདེ་སྟོང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་དག་བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་སྐུ་སྔགས་བཛྲ་བྷ་ར་ཧི། །མགྲིན་པར་གསུང་སྔགས་ཀྲོ་ཏི་ཀཱ་ལི་དང་། །སྙིང་ཁར་ཐུགས་སྔགས་ཧ་རི་ནི་ས་དང་། །ལྟེ་བར་ཨ་བེ་ཤ་ཡ་ཡོན་ཏན་སྔགས། །གསང་བར་སརྦ་ཀརྨ་སྔགས་རྣམས་ལས། །འོད་འཕྲོས་ཨོཾ་རྒྱུན་གནས་ནས་མཁའ་འགྲོ་མའི། །སྐུ་དང་ཕྱག་མཚན་བྱང་སེམས་དཀར་དམར་ཚོགས། །དཔག་མེད་


CMR018_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་བདག་མདུན་སོ་སོར་ཐིམ། ༣ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཟླའོ། །དེ་ནས་སྐུ་ལ་འཁོར་ལོ་བཞིའི་རྒྱས་གདབ་སྟེ། སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་དང་། དེ་ལྟར་རྩ་འཁོར་བཞི་ལ་པདྨ་འདབ་མ་བཞི་རེ། དབུས་སུ་པདྨའི་སྟེང་དུ་ཨཱཿ སྤྱི་བོའི་འདབ་མར་བཛྲ་བྷ་ར་ཧི། མགྲིན་པར་ཀྲོ་ཏི་ཀཱ་ལི། ཐུགས་ཀར་ཧ་རི་ནི་ས། ལྟེ་བར་ཨ་ཝེ་ཤ་ཡ། དེ་རྣམས་པད་འདབ་རེ་རེ་ལ་བཀོད། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨ་ཝེ་ཤ་ཡ་སརྦ་ཀརྨ་ཧྲིང་ཧྲིང་སྭ་ཧཱ། ཞེས་བཟླས་པས་སྤྱི་བོའི་ཡི་གེ་ལས་འོད་ཟེར་དཀར་པོ་འཕྲོས། མགྲིན་པར་དམར་པོ། སྙིང་ཁར་མཐིང་ནག །ལྟེ་བ་ནས་སྣ་ཚོགས་འཕྲོས་ཚེ པས། ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་རྡོ་རྗེ་ཕག་མོར་གྱུར། དེ་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ། སྒྲ་གྲག་ཐམས་ཅད་རྡོ་རྗེ་ཕག་མོའི་གསུང་། སེམས་ཀྱི་དྲན་རྟོག་ཐམས་ཅད་ཕག་མོའི་ཐུགས༔ སྣང་སྲིད་ཐམས་ཅད་རྡོ་རྗེ་ཕག་མོའི་ཀ་ཝཱ་ཙི་ལམ་ལམ་དུ་བསྒོམ་ལ་བཟླས་པ་བྱའོ། །དེ་བཟླས་པས་རབ་སྐུའི་ཞལ་མཐོང་། འབྲིང་གསུང་གིས་ལུང་སྟོན། ཐ་མར་སྣང་བ་འགྱུར་བའོ། །དུས་རྒྱུན་ཆད་མེད་པར་རྡོ་རྗེ་ཕག་མོའི་ཀཱ་ཝཱ་ཙིའི་ང་རྒྱལ་དང་མི་འབྲལ་བར་བྱའོ། །དེ་ལྟར་ཟླ་བ་དྲུག་གིས་འགྲུབ་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་ཐེ་ཚོམ་མེད་དོ།། ༈ དེ་ནས་ལས་སྦྱོར་སྔགས་རྣམས། ཨོཾ་བཛྲ་བྷ་ར་ཧི་


CMR018_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧྲི་ཡ་ཨ་ཀར་ཤ་ཡ་ཧཱུྃ་ཛཿ ཛྲ་པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ ཨོཾ་འགུལ་འགུལ་མ་མ་ཧྲིང་ཧྲིང་༔ མ་མ་ཁཱ་ཧི་ནི་མི་སྙིང་སྤྲུལ་སྤྲུལ། མི་འགྲམ་ཆོག་ཆོག་ཧྲིང་ཧྲིང་བསྡུས་བསྡུས། མ་མ་ཧི་སྭཱ་ཧཱ། དབང་སྡུད་སྔགས་ནི། ཀྲོ་ཏི་ནི་ཀཱ་ལི། ཐོག་སེར་བ་གཅོད་འདོད་ན། བདག་ཉིད་ཕག་མོ་ནག་མོར་བསྒོམ། ཐལ་ཆེན་ཡུངས་ཀར་ལ་སྔགས་འདི་བཟླས། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་མུ་ཡུ་ཧཱུྃ་ཕཊ། ཀི་ལི་མི་ལི་ཧཱུཾ་ཕཊ། ཛ་ཡེ་བྲ་བ་ཧཱུྃ་ཕཊ། ཐུ་རི་ལི་ལི་ཤར་བྷྱོ་ཆད༔ ཅེས་པ་དྲག་ཏུ་བཟླ་བར་བྱ། སྡིགས་མཛུབ་བསྟན་ཅིང་སྔགས། །མེ་དཔུང་འོད་ཀྱིས་བཞུས་པར་བསམ། །སྤྲིན་ལ་གཏད་ཅིང་བཟླས་པས་ཐུལ། །གདོང་ཟློག་མན་ངག་གསང་བར་བྱ། །ཨྠྀི། རྒྱ་རྒྱ་རྒྱ། ཐུན་མཇུག་སྨོན་ལམ་བཏབ་པ་ནི། ཧོ། དགོངས་སུ་གསོལ་ལོ་བཀའ་བརྒྱུད་ཀྱི་བླ་མ། ཡི་དམ་ལྷ་ཚོགས། མ་རྒྱུད་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་དང་། ཁྱད་པར་དུ་ཐུགས་རྗེ་ཁྲོས་མ་ནག་མོ། ཡི་དམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་གྲོལ་བར་མཛད་དུ་གསོལ། བྱིན་གྱིས་རླབས་པར་མཛད་དུ་གསོལ། བསམ་པ་ཡིད་


CMR018_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འགྲུབ་པར་མཛད་དུ་གསོལ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་སྟེ་ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པ་སྟེ་རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། སྣང་བ་ཐམས་ཅད་དབང་དུ་འདུ་བ་སྟེ། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། དགྲ་བགེགས་ཐམས་ཅད་ཚར་གཅོད་པ་སྟེ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། རྐྱེན་ཕྱི་ནང་གི་བར་ཆད་ཞི་ནས། ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་བློགི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཅེས་སྨོན་ལམ་བཏབ། ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་བརྗོད། སྟོང་པའི་ངང་ལ་བཞག །ཅེས་པ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྒོམ་ཟླས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པའི་བཅུད་བསྡུས་རྒྱུན་ཁྱེར་ཉུང་ངུ་འདི་ཡང་སྔགས་འཆོང་རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་མའི་རྒྱུན་ཁྱེར་ལས་བྱང་བསྡུས་པ་བྱིན་རླབས་མྱུར་འགྲུབ།next