Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཁྲོས་མ་ནག་མོའི་མངོན་རྟོགས་རྒྱུན་ཁྱེར་བདེ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཁྲོས་མ་ནག་མོའི་མངོན་རྟོགས་རྒྱུན་ཁྱེར་བདེ་བར་བཀོད་པ།next

ཐུགས་རྗེ་ཁྲོས་མ་ནག་མོའི་མངོན་རྟོགས་རྒྱུན་ཁྱེར་བདེ་བར་བཀོད་པ།


CMR018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཁྲོས་མ་ནག་མོའི་མངོན་རྟོགས་རྒྱུན་ཁྱེར་བདེ་བར་བཀོད་པ་བཞུགས་སོ༔


CMR018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཁྲོས་མ་ལ་ཕྱག་འཚལ་ལོ༔ མཚམས་གཅོད་ནི༔ ཧཱུྃ་བྷྱོ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ རྡོ་རྗེའི་ར་གུར་མེ་རིས་བསྐོར༔ ཕྱོགས་མཚམས་སྲུང་བའི་གུར་དུ་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་དག་པའི་གནས་མཆོག་ནས༔ དུར་ཁྲོད་བདག་མོ་འཁོར་བཅས་ཀྱིས༔ མཆོད་པ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྐྱབས་སེམས་ནི༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས༔ སངས་རྒྱས་ཆོས་དང་དགེ་


CMR018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྟོག་པར་བདག་ནི་སྐྱབས་སུ་མཆི༔ ཤེས་རབ་སྙིང་བརྩེ་དང་ལྡན་པར༔ བརྩོན་པས་སེམས་ཅན་དོན་སླད་དུ༔ སངས་རྒྱས་མདུན་དུ་གནས་བྱས་ནས༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི༔ ཚོགས་ཞིང་ནི༔ སྐད་ཅིག་བདག་ཉིད་ཁྲོས་མར་གསལ༔ ཐུགས་ལས་འོད་ཟེར་འཕྲོས་པ་ཡིས༔ སོ་སོའི་གླིང་ནས་རྗེ་བཙུན་མ༔ སྤྱན་དྲངས་ནམ་མཁར་བཞུགས་པར་གྱུར༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ༔


CMR018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞིང་རང་གི་སྙིང་ཁར་ཐིམ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ཚོགས་ཞིང་སྙིང་ཁར་བསྡུས་ལ་ཚད་མེད་བཞི་བསྒོམ༔ བདག་མདུན་དུས་གཅིག་ལ་བསྐྱེད་པ་གསང་སྔགས་རྙིང་མའི་ལུགས་སོ༔ ཨོཾ་སྭ་བྷ་ཝས་སྦྱང་༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བདག་མདུན་གྱི་དཀྱིལ་འཁོར་་་་་་བདག་བསྐྱེད་རྐྱང་པའི་སྐབས་འདི་དོར་མཆན། མེ་རི་རྡོ་རྗེའི་ཕྲེང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ༔ དུར་ཁྲོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར༔ དེ་ཡི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་དབུས་སུ༔ འདབ་མ་བརྒྱད་པ་དང་འདབ་མ་བཞི་པ་ཉི་མའི་གདན་ལ༔ ཨ་མཐིང་ནག་ལས་འོད་ཟེར་འཕྲོས་པས༔ དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་རྗེ་བཙུན་མ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས༔ གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ ཁ་ཊཾ་ག་དཀུར་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ་ཅིང་༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ སྤྱི་


CMR018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ༔ རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པར་གྱུར༔ དེའི་ཤར་གྱི་འདབ་མ་ལ་བདེ་ཆེན་དཀར་མོ༔ ལྷོའི་འདབ་མ་ལ་སེར་མོ་དོན་གྲུབ༔ ནུབ་ཀྱི་འདབ་མ་ལ་དམར་མོ་སྒྲ་སྒྲོག༔ བྱང་གི་འདབ་མ་ལ་སྣ་ཚོགས་མཐར་ཕྱིན༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ཕྱོགས་མདོག༔ ཤར་ལྷོར་དམ་ཚིག་མཁའ་འགྲོ༔ ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ༔ ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ༔ བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ༔ དེ་ཐམས་ཅད་ཀྱང་མཁའ་འགྲོ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་སྒེག་པ༔ ཞི་བ་བཞད་པ་གར་གྱི་ཉམས་དགུ་དང་ལྡན་པ༔ དབུ་སྐྲ་སྣུམ་ལ་སིལ་ལེར་གྲོལ་ནས༔ སྐེད་པའི་ཨརྒ་ཡན་ཆད་སླེབ་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ༔ སྐུ་སྟོད་སེང་གེ་ལྟར་འགྱིང་བ༔ སྐུ་སྨད་དུང་ལྟར་འཁྱིལ་བ༔ གྲི་གུག་དང་ཐོད་ཁྲག་བསྣམས་པ༔ ཁ་ཊཾ་ག་ལ་འཁྱུད་ཅིང་གཙོ་མོ་ལ་གུས་པའི་ཚུལ་གྱིས་གར་བྱེད་པའོ༔ བདག་ལུས་རང་བྱུང་


CMR018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་དུ་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔའི་དབུས་སུ་ཕག་མོ་རིགས་ལྔ༔ རྩ་འདབ་མ་རྣམས་སུ་རང་འདྲའི་ཌཱཀྐི་མ་རང་རང་གི་ས་བོན་གྱིས་མཚན་པའོ༔ སྤྱན་འདྲེན་པ་ནི༔ མདུན་བསྐྱེད་སྐབས༔ མདུན་གྱི་ཞེས་བསྒྱུར༔ ལྷ་རྣམས་ཀྱི་གསང་གསུམ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུར་ཁྲོད་ཆེན་པོ་སོ་སའི་གླིང་ནས་ཁྲོས་མའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ༔ ཧཱུྃ༔ མཚན་མོ་སྒྲ་སྒྲོག་གཅེར་བུ་མ༔ རྐང་པས་བགེགས་མནན་སྟེང་དུ་བལྟ༔ གྱེན་དུ་ཕག་སྐད་སྒྲ་སྒྲོག་ཅིང་༔ མཁའ་འགྲོ་འཁོར་དང་བཅས་པ་རྣམས༔ ཕོ་ཕོ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར༔ དབང་ལྷ་སྤྱན་དྲངས་དབང་བསྐུར་ནས༔ གཙོ་མོར་རྟ་མགྲིན་ཡབ་ཡུམ་དང་༔ འཁོར་རྣམས་གཙོ་མོས་དབུ་བརྒྱན་གྱུར༔ བདག་གི་ཐུགས་ལས་སྤྲུལ་པ་ཡི༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ བདག་མདུན་བུམ་ལྷ་སོ་སོ་ལ༔ མཆོད་ཅིང་བསྟོད་པ་བྱེད་པར་གྱུར༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཙང་ཞིང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་


CMR018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་འདི༔ ཁྲོས་མ་འཁོར་དང་བཅས་ལ་འབུལ༔ འབྲས་རྒུན་བུ་རམ་བཅོས་པའི་ཆང་༔ ཚོགས་དང་ལོངས་སྤྱོད་དབང་པོ་ལྔ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་ཡེ་ཤེས་བདུད་རྩི་འདི༔ ཁྲོས་མའི་ལྷ་ཚོགས་རྣམས་ལ་འབུལ་ཐབས་དང་ཤེས་རབ་རང་བཞིན་གྱི༔ དགའ་བ་ཆེན་པོའི་བྱང་ཆུབ་སེམས༔ ཉོན་མོངས་དུག་ལྔ་ལས་བྱུང་བའི༔ ཡེ་ཤེས་ལྔ་ཡི་མཆོད་པ་འདི༔ ཁྲོས་མ་འཁོར་དང་བཅས་ལ་འབུལ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཤརྡ་སརྦ་པཱུ་ཛ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལཾ་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དཀར་མོས་འཇིགས་པ་ཀུན་ལས་གྲོལ༔ སེར་མོ་དོན་གྲུབ་ཚེ་དབང་རྒྱས་པར་མཛད༔ དམར་མོ་སྒྲ་སྒྲོག་ཁམས་གསུམ་དབང་དུ་སྡུད༔ སྣ་ཚོགས་མཐར་ཕྱིན་མངོན་སྤྱོད་ལས་རྣམས་མཛད༔ མཁའ་འགྲོ་སྡེ་བརྒྱད་ཕྲིན་ལས་སྣ་ཚོགས་བསྒྲུབ༔ བདེ་


CMR018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་དག་བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱི༔ སྤྱི་བོར་སྐུ་སྔགས་བཛྲ་བྷ་ར་ཧི༔ མགྲིན་པར་གསུང་སྔགས་ཀྲོ་ཏི་ཀཱ་ལི་དང་༔ ཐུགས་ཀར་ཐུགས་སྔགས་ཧ་རི་ནི་ས་དང་༔ ལྟེ་བར་ཨ་བེ་ཤ་ཡ་ཡོན་ཏན་སྔགས༔ གསང་བར་སརྦ་ཀརྨ་ཕྲིན་ལས་ལྔ༔ འོད་འཕྲོས་ཨོ་རྒྱན་གནས་ནས་ཁྲོས་མ་དེ༔ སྐུ་དང་ཕྱག་མཚན་བྱང་སེམས་དཀར་དམར་ཚོགས༔ དཔག་མེད་སྤྱན་དྲངས་བདག་མདུན་སོ་སོར་ཐིམ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཟླའོ༔ དེ་ནས་སྐུ་ལ་འཁོར་ལོ་བཞིའི་རྒྱས་བཏབ༔ སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་བཞི་སྟེ༔ འཁོར་ལོ་བཞི་ལ་པདྨ་འདབ་མ་བཞི་པ་རེ་རེ། དབུས་སུ་ཨ༔ སྤྱི་བོར་བཛྲ་བྷ་ར་ཧི༔ མགྲིན་པར་ཀྲོ་ཏི་ཀཱ་ལི༔ ཐུགས་ཀར་ཧ་རི་ནི་ས༔ ལྟེ་བར་ཨ་ཝེ་ཤ་ཡ༔ དེ་རྣམས་པདྨ་འདབ་མ་རེ་རེ་ལ་བཀོད་དོ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊ༔ ཅེས་བཟླས་པས་སྤྱི་བོའི་ཡི་གེ་ལས་འོད་ཟེར་དཀར་པོ་འཕྲོས༔ མགྲིན་པའི་ཡི་གེ་ལས་དམར་པོ༔ སྙིང་ཁ་ནས་མཐིང་ནག༔ ལྟེ་བ་ནས་སྣ་ཚོགས་འཕྲོས་པས༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་རྡོ་རྗེ་ཕག་མོར་གྱུར༔ དེ་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ༔ སྒྲ་གྲག་པ་ཐམས་ཅད་རྡོ་


CMR018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཕག་མོའི་གསུང་༔ སེམས་ཀྱི་དྲན་རྟོག་ཐམས་ཅད་རྡོ་རྗེ་ཕག་མོའི་ཐུགས༔ སྣང་སྲིད་ཐམས་ཅད་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དུ་བསམ་ལ་བཟླས་པ་བྱ༔ དེ་ལྟར་བཟླས་པས་རབ་སྐུའི་ཞལ་མཐོང་༔ འབྲིང་གསུང་གི་ལུང་སྟོན༔ ཐ་མ་ཡང་ཐུགས་ཀྱི་རྟགས་སྣང་བ་འགྱུར་བར་བྱེད༔ དེ་ལྟར་ཟླ་བ་དྲུག་གིས་འགྲུབ་སྟེ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་འཐོབ་པར་ཐེ་ཚོམ་མེད་དོ༔ མཐར་མཆོད་བསྟོད་བྱེད་པར་སྤྲོ་ན༔ ཨོཾ་བཛྲ་བྷ་ར་ཧི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས༔ ཧཱུྃ༔ མཚན་མོ་སྐུ་གྲོལ་གཅེར་བུ་མ༔ གར་མཛད་དགྱེས་པའི་གད་རྒྱངས་ཅན༔ བདུད་འཇོམས་དྲག་མོའི་ཆ་ལུགས་ཅན། དབང་བསྒྱུར་ཕག་གདོང་མ་ལ་བསྟོད༔ མ་འབྱོར་པ་དང་སོགས༔ མཆོད་སྦྱིན་གནས་འདིར་སོགས། ཡེ་ཤེས་པ་བཛྲ་མུཿ དམ་ཚིག་པ་རང་གི་སྙིང་ཁར་ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་པ་གཙྪ༔ བླ་མ་རིག་འཛིན་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྒོམ་ཟླས༔ སློབ་དཔོན་པདྨས་མཛད་པ་ལས་རྒྱུན་ཁྱེར་བདེ་བར་བྱེད་པ་པོ་ཨ་རཱ་གས་སོ༔


CMR018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཁྲོས་མ་ནག་མོའི་མངོན་རྟོགས་རྒྱུན་ཁྱེར་བདེ་བར་བཀོད་པ།next