Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་ནག་རྒྱུན་ཁྱེར་བསྡུས་པ།
   
   
   
   
   
   
   
   
   
   
   
   


 
previousཁྲོས་ནག་རྒྱུན་ཁྱེར་བསྡུས་པ།next

ཁྲོས་ནག་རྒྱུན་ཁྱེར་བསྡུས་པ།


CMR018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ནག་རྒྱུན་ཁྱེར་བསྡུས་པ། རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག༔ གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ ཁ་ཊཾ་མཆན་ཁུང་དུ་བཅུག་པ༔ སྤྱི་བོ་ནས་ཕག་ཞལ་ངུར་བ༔ ཞབས་གར་ཐབས་སུ་འཁྱུག་པ༔ ཡེ་ཤེས་ཀྱི་མེ་དཔུང་དབུས་ན་བཞུགས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དང་༔ ལྷོ་རུ་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གཡས་རང་རྟགས་ཀྱི་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཆ་ལུགས་ཅན༔ དེ་རྣམས་ཀྱི་གནས་གསུམ་ཡི་གེ་གསུམ་དང་གཙོ་མོའི་ཐུགས་ཀར་ཨ་མཐིང་ནག་ལ་སྔགས་ཕྲེང་གཡོན་དུ་འཁོར་བའི་ཐུགས་ཀར་ཧ་རི་ནི་ས་དེ་རྣམས་ལས་འོད་ཟེར་འཕྲོས་པས༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཁྲོས་མ་རིགས་ལྔ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་རང་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ དེ་ནས་བཟླས་པ་བྱ་བ་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ༔ བརྒྱ་སྟོང་ཅི་འགྲུབ་སྐབས་དང་སྦྱར་ལ། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས༔ ཨརྒྷཾ་སོགས༔ ཤརྡ་པྲ་ཏིཙྪ་ཡེ་སྭཱ་ཧཱཿ དེ་ནས་


CMR018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་བྱ་བ་ནི། ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ལས་གཟུགས་ཀྱི་སྐུ༔ རྒྱལ་བའི་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཁྲོས་མ་ལྷ་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ལྡན་རྡོ་རྗེ་ཕག་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་ཁྲུག་གཡོན༔ ཁ་ཊཾ་ག་ནི་ཐུགས་ཀར་གཏད༔ དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་དུར༔ རྟོག་མེད་རོ་ཡི་གདན་སྟེང་ནས༔ བརྐྱང་བསྐུམ་ཚུལ་གྱི་འགྱིང་བག་ཅན༔ ཁྲོ་མོ་ཟིལ་གནོན་ཁྲོས་མའི་སྐུ༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པ་རྒྱུན་ཁྱེར་ཉུང་ངུ་འདི། ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁྲོས་ནག་རྒྱུན་ཁྱེར་བསྡུས་པ།next