Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
   
   
   
   
   
   
   
   


 
previousཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།next

ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།


CMR018_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད་བཞུགས་སོ། །


CMR018_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཧཱུྃ། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མ་གཅིག་ཁྲོས་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །གནོད་བྱེད་གདོན་བགེགས་ཐལ་བ་རྡུལ་དུ་རློགས། །ལན་གསུམ་རྡོ་བཀྲབ་ཅིང་། ཧཱུྃ། ཡུམ་ཆེན་ཁྲོས་མའི་རྡོ་བྱུང་གང་ནས་བྱུང་། གང་དགོས་ཁ་བསྒྱུར་མཆན། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་པ་ཆགས་པའི་དབྱིངས་རུམ་ནས། །ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ་པའི་རྡོ། །ཡུམ་ཆེན་ཁྲོས་མས་བྱིན་གྱིས་བརླབས་པའི་རྡོ། །ས་བདག་ཀླུ་གཉན་འདུལ་བྱེད་ཞི་བའི་རྡོ། །ལྷ་སྲིན་སྡེ་བརྒྱད་འདུལ་བྱེད་རྒྱས་པའི་


CMR018_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ། །ཟ་འདྲེ་ཤི་གཤེད་འདུལ་བྱེད་དབང་གི་རྡོ། །དྲེགས་པ་དགྲ་བགེགས་ཚར་གཅོད་དྲག་པོའི་རྡོ། །དུག་ལྔ་དུག་གསུམ་འཇོམས་བྱེད་སྣ་ཚོགས་རྡོ། །ཧཱུྃ། དང་པོ་རྡོ་བྱུང་གང་ནས་བྱུང་། །ཕྱོགས་བཞི་སྟེང་གི་འཇིག་རྟེན་ན། །ཤར་ཕྱོགས་བདེ་ཆེན་དཀར་མོ་ནི། །ཁྲོས་པའི་ཆ་བྱད་དཀར་ནག་འབུམ་གྱིས་བསྐོར། །ལྷོ་ཕྱོགས་སེར་མོ་དོན་འགྲུབ་མ། །ཁྲོས་པའི་ཆ་བྱད་སེར་ནག་འབུམ་གྱིས་བསྐོར། །ནུབ་ཕྱོགས་དམར་མོ་སྒྲ་སྒྲོག་ནི། །ཁྲོས་པའི་ཆ་བྱད་དམར་ནག་འབུམ་གྱིས་བསྐོར། །བྱང་ཕྱོགས་སྣ་ཚོགས་མཐར་ཕྱིན་ནི། །ཁྲོས་པའི་ཆ་


CMR018_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ལྗང་ནག་འབུམ་གྱིས་བསྐོར། །ཐམས་ཅད་ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབས། །འཇིགས་པའི་འཆམ་རྔམ་མེ་དཔུང་ཀློང་ན་འགྱིངས། །ཞི་རྒྱས་དབང་དྲག་ལས་རྣམས་འགྲུབ་པའི་རྡོ། །བདག་དང་ཡོན་བདག་འདི་དག་ལ། །སྟེང་གི་ལྷ་གདོན་འདུལ་བའི་དུས་ལ་བབ། །འོག་གི་ཀླུ་གདོན་འདུལ་བའི་དུས་ལ་བབ། །བར་གྱི་སྡེ་བརྒྱད་འདུལ་བའི་དུས་ལ་བབ། །སྡང་བྱེད་དགྲ་བོ་འདུལ་བའི་དུས་ལ་བབ། །གནོད་བྱེད་བགེགས་རྣམས་འདུལ་བའི་དུས་ལ་བབ། །བར་ཆད་རྐྱེན་རྣམས་འདུལ་བའི་དུས་ལ་བབ། །ཁྲམ་ཐག་བཅད་པའི་དུས་ལ་བབ། །གཤེད་ཁ་བཟློག་པའི་དུས་ལ་བབ། །ཤྭ་རྒྱན་བཟློག་པའི་དུས་ལ་བབ། །རྩིས་ཁ་གཏོར་བའི་དུས་ལ་བབ། །འཆི་རྐྱེན་བཟློག་པའི་དུས་ལ་བབ། །ནད་འདྲེ་གདོན་བགེགས་བཟློག་པའི་དུས་ལ་བབ། །དགྲ་འདྲེ་དགྲ་སྲི་བཟློག་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་བཟློག་པའི་དུས་ལ་བབ། །གོད་འདྲེ་ཆུང་སྲི་བཟློག་པའི་དུས་ལ་བབ། །ཆང་འདྲེ་འོ་འདྲེ་བཟློག་པའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཕཊ༔ ཧཱུྃ། དྲག་པོའི་རྡོ་ཟོར་མེ་འབར་འདི། །ཕོ་གདོན་


CMR018_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་སྟེང་དུ་ཤ་ར་ར། །མོ་གདོན་སྲིན་མོའི་སྟེང་དུ་ཤ་ར་ར། །དྲི་ཟ་གཤེད་འཁྱམ་སྟེང་དུ་ཤ་ར་ར། །ཚེ་ལེན་སྲོག་གཅོད་སྟེང་དུ་ཤ་ར་ར། །ཟ་འདྲེ་ཤི་། བདུད་སྟེང་དུ་ཤ་ར་ར། །གོད་འདྲེ་བླ་འཁྱམས་སྟེང་དུ་ཤ་ར་ར། །དབུལ་འདྲེ་བསེ་རག་སྟེང་དུ་ཤ་ར་ར། །ཤི་འདྲེ་ཤི་བདུད་སྟེང་དུ་ཤ་ར་ར། །ནད་འདྲེ་གདོན་བགེགས་སྟེང་དུ་ཤ་ར་ར། །གོད་འདྲེ་གོད་སྲིའི་སྟེང་དུ་ཤ་ར་ར། །ཡུལ་འདྲེ་འཁྱམས་པོའི་སྟེང་དུ་ཤ་ར་ར། །ཟ་འདྲེ་བསེ་རག་སྟེང་དུ་ཤ་ར་ར། །ཆུང་སྲི་ཁ་ནག་སྟེང་དུ་ཤ་ར་ར། །བྱེ་འདྲེ་ཁ་འཐོར་སྟེང་དུ་ཤ་ར་ར། །གཉའ་འདྲེ་ཐག་ཤལ་སྟེང་དུ་ཤ་ར་ར། །རྡུང་གྲི་རུ་དམར་སྟེང་དུ་ཤ་ར་ར། །ཆུ་གྲི་འདར་གཤང་སྟེང་དུ་ཤ་ར་ར། །དུག་གྲི་ཁྱམ་ནག་སྟེང་དུ་ཤ་ར་ར། །སྲིད་པའི་འདྲེ་དགུའི་སྟེང་དུ་ཤ་ར་ར། །གྲི་མོ་གོ་མོའི་སྟེང་དུ་ཤ་ར་ར། །ཕཊཕཊཕཊ༔ རང་ཉིད་ལྷའི་ང་རྒྱལ་དྲག་པོས་རྡོ་ཟོར་མེ་དམར་ལྷབ་ལྷབ་འབར་བ་འཐོར་བས་ཁྱིམ་དེའི་ནད་འདྲེ་གདོན་བགེགས་ཐམས་ཅད་སྦྲང་བུ་དང་རི་ནག་སེར་བས་བརྡུང་བའམ་བྱིའུ་ཁྲུས་བརྡས་པ་ལྟར་མཐའ་ཡི་རྒྱ་མཚོའི་ཕ་རོལ་དུ་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བརྡསོ་ནས་བར་མཚམས་མེ་རི་དང་མཚོན་ཆས་བཅད་ནས་ཡོད་པར་བསམ་ཞིང་ངག་ཏུ། ན་


CMR018_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་ཡི་དམ་ཁྲོས་མ་ལྷ་ལྔ་འཁོར་དང་བཅས་པའི་བདེན་པའི་མཐུས།། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི། སྟེང་གི་མི་ལ་གནོད་པ། སྒོ་ཡི་ཞིང་ལ་གནོད་པ། ཕོ་ཤི་གྲི་བོའི་གནོད་པ། མོ་ཤི་གྲི་མོའི་གནོད་པ། བན་ཤི་རྒྱལ་འགོང་གནོད་པ། ཁྱད་པར་དུ་ཚེ་ལས་འདས་པ་རྗེ་མོ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱི་སྲོག་འཕྲོག་པར་བྱེད་པའི་ཟ་འདྲེ་ཤི་གཤེད། སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་ལ་སོགས་གྲི་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས་ཅད་སརྦ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊ༔ གནོད་བྱེད་གསོན་བདུད་གཤིན་ལྕགས་བླ་ཁྱེར་ཐམས་ཅད་སརྦ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་ཅིང་ཆུ་ཟོར་འཕང་། དྲག་པོ་འཕྲུལ་གྱི་ཆུ་ཟོར་སོགས་ནས་མཐོང་བརྒྱུད་ལྟར་ལ། སྟག་ཡོས་ལོ་པ་ཤི་བའི་གཤེད། །བྱ་སྤྲེལ་ལོ་པས་གྲི་དེད་བྱ། །རྟ་སྦྲུལ་ལོ་པ་ཤི་བའི་གཤེད། །བྱི་ཕག་ལོ་པས་ཆུ་ཟོར་དེད། །བྱ་སྤྲེལ་ལོ་པ་ཤི་བའི་གཤེད། །རྟ་སྦྲུལ་ལོ་པས་མེ་


CMR018_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་དེད། །ཁྱི་འབྲུག་གླང་ལུག་ཤི་བའི་གཤེད། །སྟག་ཡོས་ལོ་པས་ཚེར་ལྕག་དེད། །བྱི་ཕག་ལོ་པ་ཤི་བའི་གཤེད། །མཚམས་བཞི་ལོ་པས་ས་གཏོར་དེད།། །།དེ་དག་རྟ་མགྲིན་དང་འབྲེལ་གཏོ་བཅོས་རཱ་གའི་ལུགས་དགེའོ།། །། ༄༅། །ཧཱུྃ། ང་ནི་ཁྲོས་མ་ནག་མོ་སྟེ། །དྲག་པོ་འཕྲུལ་གྱི་མེ་ཟོར་འདི། །སྟེང་གི་ལྷ་ལ་ཟོར་མི་འཕེན། །འོག་གི་ཀླུ་ལ་ཟོར་མི་འཕེན། །དཔའ་བོ་རྣམས་ཀྱིས་གོ་གྱོན་ཅིག །དཔའ་མོ་རྣམས་ཀྱིས་མཚོན་ཐོགས་ཤིག །ནད་འདྲེ་གཅོང་སྲིའི་སྟེང་དུ་ཟོར་འདི་འཕེན། །ཟ་འདྲེ་ཤི་གཤེད་སྟེང་དུ་ཟོར་འདི་འཕེན། །གོད་འདྲེ་བསེ་རག་སྟེང་དུ་ཟོར་འདི་འཕེན། །ཆུང་སྲི་སྒབ་འདྲེའི་སྟེང་དུ་ཟོར་འདི་འཕེན། །གཉིས་འཛིན་འཁྲུལ་སྣང་བག་ཆགས་རྡུལ་དུ་རློགས། །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་མཱ་ར་ཡ་ཕཊ། སརྦ་མངྒ་ལཾ། དགེའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།next