Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
གུ་རུ་ཞི་བའི་རྗེས་གནང་བཀའ་གཏེར་སྤྱི་ཁྱབ་མ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་ཞི་བའི་རྗེས་གནང་བཀའ་གཏེར་སྤྱི་ཁྱབ་མ།next

གུ་རུ་ཞི་བའི་རྗེས་གནང་བཀའ་གཏེར་སྤྱི་ཁྱབ་མ།


CMR019_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཞི་བའི་རྗེས་གནང་བཀའ་གཏེར་སྤྱི་ཁྱབ་མ་བཞུགས་སོ།།


CMR019_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ནས༔ སྙིགས་དུས་འགྲོ་ཀུན་ཐུགས་རྗེས་བཟུང་བའི་ཕྱིར༔ གུ་རུའི་རྗེས་གནང་ཟབ་མོ་འདིར་འགོད་བྱ༔ དཀྱིལ་འཁོར་རམ་ནི་ཡང་ན་ཚོམ་བུ་བཀོད༔ མ་འབྱོར་མདུན་བསྐྱེད་དམིགས་རྟེན་གཏོར་མས་བྱ༔ བུམ་པ་ལ་སོགས་དམ་རྫས་ཚང་བར་བསགས༔ གུ་རུའི་ལས་བྱང་གང་ཡིན་གཞུང་བསྲངས་ནས༔ ཆོ་ག་གཅིག་གིས་བདག་མདུན་བུམ་གསུམ་བསྐྱེད༔ དབང་བསྙེན་བརྒྱ་རྩ་འགྲུབ་ནས་སློབ་མ་བསྡུ༔ བགེགས་བསྐྲད་ཁྲུས་བྱས་མཎྜལ་ཕུལ་བྱས་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་གུ་རུ་རིན་པོ་ཆེའི་དབང་ཞུ་བར་འདོད་པ་དེ་སྐལ་པ་ཤིན་ཏུ་བཟང་༔ དེའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན་ཨོ་རྒྱན་གུ་རུ་རིན་པོ་ཆེ་འདི་


CMR019_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྐལ་པ་གྲངས་མེད་པའི་གོང་རོལ་ཡང་ཆེའི་གོང་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཐུགས་ཆོས་ཀྱི་སྐུ་ལ་གཡོ་བ་མེད་པའི་ངང་ནས་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ཐམས་ཅད་འོད་དང་ཐིག་ལེ་ཐིག་ཕྲན་གྱིས་གང་བ༔ ཐིག་ལེ་རེ་རེའི་ནང་དུ་ལོངས་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ༔ ལོངས་སྐུའི་ཞིང་ཁམས་རེ་རེ་ན་ཨོ་རྒྱན་པདྨ་རིགས་ལྔའི་གངས་ཅན་མཚོ་བྱེ་བ་ཕྲག་བརྒྱ་བརྒྱ༔ དེ་རེ་རེའི་བ་སྤུའི་བུ་ག་རེ་རེར་ཡང་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ༔ དེ་རེ་རེར་ཡང་སྟོང་གསུམ་བྱེ་བ་ཕྲག་བརྒྱ་བརྒྱ༔ སྟོང་གསུམ་རེ་


CMR019_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རེར་ཡང་གླིང་བཞི་བྱེ་བ་ཕྲག་བརྒྱ་བརྒྱ༔ གླིང་བཞི་རེ་རེར་ཡང་ཨོ་རྒྱན་པདྨ་རེ་རེ༔ ཨོ་རྒྱན་རེ་རེ་ལ་ཡང་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ༔ སྤྲུལ་པ་རེ་རེ་ལའང་གདུལ་བྱའི་འགྲོ་བ་བྱེ་བ་ཕྲག་བརྒྱ་བརྒྱ་ཡོད་པར་གསུངས་པས་དེ་ལྟ་བུའི་རྣམ་ཐར་རྒྱ་ཆེན་པོ་ནི་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་ངེད་རང་སོ་སོའི་སྐྱེ་བོའི་བློ་ལ་ཤོང་བར་།དཀའ་བ་ཡིན་པས༔ འདིར་མདོར་བསྡུས་གཅིག་བཤད་ན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་ལ་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཧི༔ཡིག་འོད་ཟེར་ལྔ་དང་ལྡན་པ་གཅིག་འཕྲོས་ནས་ལྷོ་ནུབ་འོ་མ་ཅན་གྱི་མཚོ་ལ་ཐིམ་པས༔ པདྨའི་ང་པོའི་སྟེང་ན་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ་འཁྲུངས་སོ༔ དེར་སེམས་དཔའ་སྤྱན་རས་གཟིགས་ཀྱིས་སྟོན་པ་འོད་དཔག་མེད་ལ་ཞུས་པའི་ངོར༔ གུ་རུ་སྐུ་གསུམ་གྱི་རྒྱུད་སུམ་བརྒྱ་དང་གྱ་བཞི༔ དེ་ཉིད་བསྡུས་པ་བླ་མ་དགོངས་པ་འདུས་པའི་རྩ་བའི་རྒྱུད་དྲུག་རྣམས་གསུངས་སོ༔ རྒྱུད་དེ་རྣམས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས་བྲག་ཕུག་མ་ར་ཏི་ཀར་སྤྲུལ་སྐུ་


CMR019_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཕུལ་ལོ༔ དེ་ནས་སྤྲུལ་པ་དེས་འགྲོ་དོན་མཛད་ཚུལ་ནི༔ ལྷའི་གནས་སུ་གུ་རུ་སྲིད་ཐུབ་འཛིན་ལ་སོགས་པ་འགྲོ་བ་རིགས་དྲུག་ཏུ་སྤྲུལ༔ དེ་དག་གི་ཕྱོགས་མཚམས་བརྒྱད་དུ་ཡང་སྤྲུལ་ནས་འགྲོ་བ་རིགས་དྲུག་གི་དོན་མཛད་པ་དང་༔ ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ན༔ ཤཱཀྱ་ཐུབ་པ་དྲི་མེད་རྔ་སྒྲ་དང་༔ གུ་རུ་པདྨ་སྐྱེས་བཟང་ཞེས་བྱ་བས་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ དེ་བཞིན་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཤཱཀྱ་ཐུབ་པ་རེ་རེ་དང་༔ ཨོ་རྒྱན་གུ་རུ་རེ་རེ་གིས་ཕྱོགས་མཚམས་བརྒྱད་དུ་ཡང་གུ་རུ་མཚན་བརྒྱད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་དེ༔ འཇིག་རྟེན་གྱི་ཁམས་འདི་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་༔ གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ་མདོ་སྔགས་ཇི་ལྟ་བཞིན་ཆོས་སྟོན་པ་ལྟར་དུ༔ འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཡང་རྣམ་གྲངས་དེ་ལྟ་བུར་མདོ་སྔགས་བསྟན་པ་གཉིས་ལྡན་དུ་ཆོས་སྟོན་ཏེ་སངས་རྒྱས་རྣམ་པར་གཟིགས་སོགས་འདས་པའི་སངས་རྒྱས་རབས་བདུན་དང་༔ གུ་རུ་བདེ་སྐྱོང་རྡོ་རྗེ་སོགས་བདུན་བྱོན་ནས་མདོ་སྔགས་གཉིས་ལྡན་ཆོས་སྟོན་ཏོ༔ དེ་


CMR019_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟན་པ་འདི་ལ་འགྲོ་དོན་མཛད་ཚུལ་ནི༔ མདོ་སྔགས་དུ་མ་ནས་སངས་རྒྱས་ཀྱི་སྤྲུལ་པར་ལུང་བསྟན་ཞིང་༔ སྟོན་པ་འདས་ནས་ལོ་བཅུ་གཉིས་ན་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་སྤྲུལ་པ༔ ཐུབ་པ་ཉིད་ཀྱི་དུས་བབ་ཀྱང་སྐྱེ་གནས་དང་སྐུ་ཚེ་ནུས་མཐུ་གསུམ་གྱིས་ཁྱད་པར་འཕགས་པ་གཅིག་འབྱུང་བར་ལུང་བསྟན་པ་ལྟར་ནུབ་ཕྱོགས་ཨོ་རྒྱན་ཡུལ་དྷ་ན་ཀོ་ཤའི་མཚོ་དཀྱིལ་དུ་མེ་ཏོག་པདྨའི་སྟེང་དུ་བརྫུས་ཏེ་འཁྲུངས་པས༔ ལྷ་ཀླུ་དང་འགྲོ་བ་རྣམས་འདུས་ནས་མེ་ཏོག་དང་རིན་པོ་ཆེའི་ཆར་ཕབ༔ མཆོད་པ་སྣ་ཚོགས་པས་མཆོད༔ དེར་རྒྱུད་སྡེ་མཐའ་ཡས་པ་གཅིག་གསུངས་པ་མཁའ་འགྲོས་སྤྱན་དྲངས་སོ༔ དེ་ནས་རེ་ཞིག་ཨོ་རྒྱན་ཡུལ་གྱི་རྒྱལ་སྲིད་བསྐྱངས་ནས་ཡུལ་ཁམས་ཆོས་ལ་བཀོད་པས་པདྨ་རྒྱལ་པོར་གྲགས༔ རྒྱལ་སྲིད་སྤང་ནས་ཀུན་དགའ་བོ་ལ་རབ་ཏུ་བྱུང་བས་ས་ཡི་ལྷ་མོས་ཆོས་གོས་ཕུལ༔ སངས་རྒྱས་ཐམས་ཅད་ནམ་མཁའ་ལ་བྱོན་ནས་བསྟན་པའི་བདག་པོ་ཤཱཀྱ་ཐུབ་པར་མཚན་གསོལ༔ དབུའི་གཙུག་ཏོར་བསྒྲེས་པས་གཙུག་ཞྭ་བྱུང་༔ ཤྲཱི་སེ་སོགས་མཁས་གྲུབ་མང་པོ་བསྟེན་ནས་རིག་པའི་གནས་ཐམས་ཅད་དང་༔ ཕྱི་ནང་གི་ཆོས་ལ་མཁས་པའི་


CMR019_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན༔ གསང་བ་ཡེ་ཤེས་ཀྱི་མཁའོ་འགྲོ་དང་༔་རྡོ་རྗེ་རིན་ཆེན་ཆོས་སོགས་ལས་དབང་དང་གདམས་ངག་གསན༔ དག་པའི་ཞིང་ཁམས་མང་པོར་བྱོན་ནས་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་སོགས་གཞན་མ་རྒྱུད་མཐའ་ཡས་པར་གསན༔ དེ་དག་བསྒྲུབས་པས་ཡི་དམ་ནམ་མཁའི་སྐར་ཚོགས་ཙམ་ཞལ་གཟིགས་དབང་བསྐུར་བྱིན་གྱིས་བརླབས༔ དུར་ཁྲོད་ཆེན་པོ་བརྒྱད་དུ་བཞུགས་ནས་མ་མོ་མཁའ་འགྲོ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ རྡོ་རྗེ་གདན་དུ་བསྟན་པ་རྒྱས་པར་མཛད་པས་མཚན་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེར་གྲགས༔ ཨོ་རྒྱན་གྱི་རྒྱལ་པོས་གསོན་བསྲེགས་བྱས་པས་སྐུ་ལ་མ་གནོད་པར་པདྨའི་སྡོང་པོའི་སྟེང་ན་སྐུ་བསིལ་བ་ལྟར་བཞུགས་ཤིང་༔ ས་ཡི་ལྷ་མོ་བརྟན་མས་མངོན་སུམ་དུ་བསྟོད་ཅིང་ཕྱག་འཚལ༔ ཟ་ཧོར་གྱི་རྒྱལ་པོས་གསོན་བསྲེགས་བྱས་ནས་མེ་དཔུང་མཚོ་རུ་བསྒྱུར་ནས་མཚོ་དབུས་མེ་ཏོག་པདྨའི་སྡོང་པོའི་སྟེང་དུ་བཞུགས་པ་ལ༔ ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་ལྷགས་ནས་མ་བཅོས་སྤྲོས་བྲལ་སོགས་བསྟོད་དབྱངས་ཕུལ༔ དེ་ནས་རི་བོ་ཏ་ལའི་རྩེ་ལྷོ་ནུབ་ཏུ་ཚེ་བསྒྲུབས་པས་ཆེ་


CMR019_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར་བས་འཁོར་བ་མ་སྟོངས་ཀྱི་བར་དུ་སྐྱེ་ཤི་བསྒྲེས་རྒུད་མི་མངའ་བ་རྡོ་རྗེའི་སྐུ་ཐོབ༔ ཟ་ཧོར་གྱི་ཡུལ་དུ་མཐའི་དམག་ཚོགས་བྱུང་བ་ལ༔ ཕོ་ཉ་རཱ་ཧུ་ལ་དངོས་སུ་བཏང་ནས་མཐའ་དམག་ཟློག༔ རྒྱ་དཀར་ནག་ཞང་ཞུང་དང་སྟག་གཟིག་གི་ཡུལ་སོགས་ལོ་སུམ་སྟོང་ཙམ་བཞུགས༔ གྲུབ་ཆེན་བརྒྱད་ཅུ་དང་མཇལ་བས་ཆོས་དང་གདམས་ངག་མང་པོར་གསན་རེས་མཛད༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་སྤྱན་དྲངས་པས་བལ་ཡུལ་ནས་མང་ཡུལ་གུང་ཐང་བར་ནམ་མཁའ་ལ་བྱོན༔ དེར་བོད་ཀྱི་བང་ཆེན་པ་རྣམས་ཀྱིས་མཇལ་བས་ཕྱག་གིས་མང་ཡུལ་གྱི་རི་ལ་བརྒྱབས་པས༔ གཡས་ཕྱོགས་ཀྱི་རི་གཡོན་ཕྱོགས་སུ་བསྒྱུར༔ གཡོན་ཕྱོགས་ཀྱི་རི་གཡས་སུ་བསྒྱུར༔ ས་རྡོ་ཐམས་ཅད་མཆོང་དང་བྱི་རུ་ལ་བསྒྱུར༔ སྡིགས་མཛུབ་མཛད་ནས་ཉི་ཟླ་ཐང་ལ་འཕང་༔་ཆུ་བོ་གྱེན་དུ་ཟློག་པའི་རྫུ་འཕྲུལ་བསྟན༔ དེ་ནས་རིམ་པར་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་ལ་སོགས་བོད་ཀྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད༔ ཕྲ་མོ་སྟོང་དང་བཅུ་གསུམ༔ ཨོ་རྒྱན་ཡུལ་དུ་འབུམ་ཕྲག་བཅུ་གཅིག རྒྱ་གར་


CMR019_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབུམ་ཕྲག་བདུན༔ འཛམ་གླིང་ཕལ་དུ་བྱེ་བ་དགུ་ཁྲི་བཞེངས༔ བོད་དུ་མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད༔ དེར་བོད་དུ་སློབ་མ་ནི་ཡོངས་སུ་གྲགས་པའི་སློབ་མ་རྗེ་འབངས་ཉི་ཤུ་རྩ་ལྔ༔ ཉང་བན་ཏིང་འཛིན་བཟང་པོ་སོགས་འཇའ་ལུས་མཁའ་སྤྱོད་འགྲུབ་པ་ཁྲི་ཕྲག་གཅིག བེ་རོ་ཙ་ན་སོགས་སྒྲ་བསྒྱུར་མཁས་པའི་ལོ་ཙཱ་བརྒྱ་དང་བརྒྱད༔ རྡོ་རྗེ་བདུད་འཇོམས་སོགས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་སྔགས་པ་འབུམ་ཚོ་བཅོ་བརྒྱདི༔ ཀླུའི་དབང་པོ་སོགས་ཉེས་ལྟུང་གི་དྲི་མ་དང་བྲལ་བའི་རབ་བྱུང་ལོ༔ བྱེ་བ་གཅིག་དང་འབུམ་ཕྲག་གཅིག༔ ཡེ་ཤེས་མཚོ་རྒྱལ་སོགས་མཚན་ལྡན་གྱི་རིག་མ་འཇའ་ལུས་གྲུབ་པ་ཉི་ཤུ་རྩ་ལྔ༔ དཔལ་གྱི་རྡོ་རྗེ་ལ་སོགས་དྲག་པོ་མངོན་སྤྱོད་ཀྱི་བསྟན་པ་སྲུང་ནུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ༔ ལྡན་མ་རྩེ་མང་སོགས་བརྡ་སྤྲོད་ཀྱི་གཞུང་ལུགས་རྒྱ་མཚོ་ལ་སྦྱངས་པ་བགྲང་ལས་འདས་པར་བྱུང་ངོ་༔ དེ་ནས་སློབ་དཔོན་ཉིད་མཁའ་འགྲོ་བྱེ་བ་འབུམ་སྡེ་ཕྱི་ནང་གསང་བའི་ལྷ་སྲིན་སྟོང་གིས་བསྐོར་ཏེ་སྤྲུལ་པ་ཡང་སྤྲུལ་གྱིས་འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས་འཇིག་རྟེན་ཐམས་ཅད་བཀང་ནས་ལྷ་ཀླུ་མི་གསུམ་གྱི་ཡུལ་


CMR019_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུད་ལུང་མན་ངག་ཐམས་ཅད་བསྡུས་ནས་མདུན་དུ་སྤུང་ངོ་༔ དེའི་ཚེ་འོད་དང་ས་གཡོས་དང་མེ་ཏོག་གི་ཆར་བྱུང་༔ ལྷ་དང་མཁའ་འགྲོ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ། གསང་བའི་བདག་པོའི་གཏད་རྒྱ་བཀྲོལ་ནས་གནང་ངོ་༔ དེ་ནས་ཨོ་རྒྱན་ཆེན་པོས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་ནས་ལྷ་ཡུལ་ཀླུ་ཡུལ་མི་ཡུལ་རྣམས་སུ་གཏེར་བརྗོད་ལས་འདས་པར་སྦས་ཤིང་༔ ཁྱད་པར་རྒྱ་གར་དང་ཨོ་རྒྱན་ཡུལ་དུ་གཏེར་བྱེ་བ་བཞི་ཁྲི༔ བལ་ཡུལ་དུ་སྟོང་རྩ་བརྒྱད༔ བོད་ཡུལ་དུ་བྱེ་བ་གཅིག་སྦས་ཤིང་༔ དེ་རྣམས་ནི་ཉིད་ཀྱི་སྤྲུལ་པས་འདོན་ཞིང་འགྲོ་དོན་འབྱུང་བར་ལུང་བསྟན༔ སྤྲུལ་པ་དཔག་ཏུ་མེད་པས་སྤྱིར་མི་མཇེད་འཇིག་རྟེན་གྱི་ཁམས་སུ་མ་བྱོན་པའི་ས་མེད་ཅིང་༔ ཁྱད་པར་ལྷོ་འཛམ་བུའི་གླིང་༔ ཡང་སྒོས་བོད་ཁ་བ་ཅན་གྱི་ས་ཁོལ་བུ་ཡུངས་འབྲུ་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅག་ཅིང་ཆོས་གསུངས༔ མི་བས་ཀྱང་ལྷ་འདྲེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་མང་ཞིང་དམ་ལ་བཏགས༔ བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བྱོན་པར་དགོངས་པའི་ཚེ་སྤྲིན་གསེབ་ནས་རྟ་མཆོག་སྒ་སྲབ་ཀྱིས་བརྒྱན་པ་གཅིག་བྱུང་བ་ལ་


CMR019_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས༔ ལྷའི་བུ་དང་བུ་མོ་དཔའ་བོ་མཁའ་འགྲོའི་ནམ་མཁའ་གང་སྟེ་མཆོད་པའི་སྤྲིན་ཕུང་ཆེན་པོའི་བསུས༔ དཔའ་བོ་སྡེ་བཞིས་ཆིབས་སྣ་དྲངས༔ མཁའ་ཚོ་འགྲོ་སྡེ་བཞིའི་ཆིབས་ཀྱི་རྐང་ལག་ནས་བཏེག་སྟེ་སྲིན་ཡུལ་དུ་གཤེགས༔ ད་ལྟ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྲིན་པོ་རྣམས་དང་དཔའ་བོ་མཁའ་འགྲོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་སོ༔ འཛམ་བུ་གླིང་བྱེ་བ་ཕྲག་བརྒྱུར་ཨོ་རྒྱན་པདྨ་བྱེ་བ་ཕྲག་བརྒྱར་སྤྲུལ་ཞིང་ཡར་མར་གྱི་ཚེས་བཅུ་ལ་སྤྲུལ་པ་རེ་འཁོར་མཁའ་འགྲོ་སྡེ་བཞིའི་བསྐོར་ནས་བོད་ཀྱི་རྒྱལ་ཁམས་ཐམས་ཅད་ཉུལ་ཞིང་དད་མོས་ཅན་ལ་བྱིན་གྱིས་བརླབ་པར་མཛད༔ ནང་གཅིག་བཞིན་སྤྲུལ་པ་རེས་ཉི་ཟེར་ལ་ཆིབས་ནས་བོད་ལ་གཟིགས་པར་མཛད་དོ༔ ཁྱད་པར་དུ་ཡང་སྙིགས་མ་ལྔ་བདོ་བའི་དུས་ཆོས་གཞན་གྱི་བྱིན་རླབས་ཡལ༔ ལྷ་གཞན་གྱི་ཐུགས་རྗེ་སྡུག༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་རི་རབ་ལ་ཞལ་གཟིགས༔ ནད་མུག་མཚོན་གསུམ་རླུང་ལྟར་འཚུབས༔ བདུད་དང་འདྲེ་སྲིན་ཐམས་ཅད་ཁ་དར་དུས་འདིར༔ ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ་ཞིང་བྱིན་རླབས་མྱུར་བར་ལུང་


CMR019_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཞིང་ཨོ་རྒྱན་ཉིད་ཀྱི་གསུངས་ལས༔ དབང་ཐོབ་ཙམ་ཡང་ང་ཡི་དྲུང་དུ་སྐྱེ༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་ཡིན༔ དེ་ཕྱིར་འདི་དང་སུ་འཕྲད་སྐལ་པ་བཟང་༔ ལུང་ཐོབ་ཙམ་ཡང་གནས་ངན་སྐྱེ་བ་ཆོད༔ ཅེས་དང་༔ དེར་མ་ཟད་འདི་ཉིད་འཆང་བ་དང་མཆོད་བསྟོད་བསྔགས་པ་བརྗོད་ཅིང་བསྙེན་པ་ཐོས་པ་ཙམ་ཡང་བདེ་བར་གཤེགས་པའི་སྲས་དམ་པར་འགྱུར་ཞིང་༔ ལས་སྒྲིབ་ཐམས་ཅད་དུང་དཀར་ཕྱེས་པ་ལྟར་འགྱུར༔ ཚོགས་གཉིས་ཀྱི་བྱ་བ་སྐར་ཚོགས་རྒྱས་པ་ལྟར་འགྱུར་རོ༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད་ལས་གྲོལ་བར་འགྱུར་རོ༔་མཛེ་ལ་སོགས་པ་རྣམ་སྨིན་གྱི་ནད་ཐམས་ཅད་སྲབ་ཅིང་བྱང་བ་དང་༔ གཅོང་ནད་ཞ་གྲུམ་དང་མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཚེ་དང་བསོད་ནམས་ལ་སོགས་པ་འབྱོར་པ་དྲུག་ཏུ་འགྱུར་ཞིང་རིགས་རྒྱུད་འཕྲལ་དུ་འཕེལ་བར་འགྱུར་རོ༔ མོས་ཚུལ་བཞིའི་དབང་དང་ལྡན་ཞིང་ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་ཕྱི་བཞིན་དུ་འབྲངས་པ་དང་བཀའ་ཉན་པར་འགྱུར་རོ༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས༔ བློ་གྲོས་མི་ཟད་པ་དང་ཤེས་རབ་


CMR019_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མེད་དུ་འབར་བར་འགྱུར་རོ༔ དྲག་པོའི་ལས་རྣམས་ཀྱང་འཕྲལ་དུ་འགྲུབ་ཅིང་༔ དུས་ཀྱི་འཆི་བ་ཡང་བར་དོར་རང་ངོ་ཤེས་ཤིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཐུགས་རྗེ་ཆེ་ཞིང་བྱིན་རླབས་མྱུར་བའི་གུ་རུ་རིན་པོ་ཆེའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད་ཀྱེ༔ བླ་མ་སངས་རྒྱས་ཀུན་ཏུ་བཟང་༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་ལ༔ བདག་ཅག་སྨིན་པར་གསོལ་བ་འདེབས༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ༔ དེ་ནས་སྐྱབས་སུ་འགྲོ་བའི་རྗེས་ཟློས་མཛོད༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ དེང་ནས་བྱང་ཆུབ་སྨིན་པའི་སེམས་བསྐྱེད་པའི་རྗེས་ཟློས་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ བདག་གི་དམ་པ་བསྐྱེད་པར་བགྱི༔ ལན་གསུམ༔ འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གི་ལུས་ངག་ཡིད་


CMR019_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གྱི༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ སྲིད་མཚོ་བསྒྲལ་བར་དམ་བཅའ་འོ༔ དེ་ལྟར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་རྒྱུད་སྦྱངས་ནས༔ ད་དབང་ཞུ་བའི་ཡུལ་མདུན་གྱི་ནམ་མཁར་དབང་རྫས་རྣམས་དང་ཐ་དད་མེད་པར་རྩ་བ་གསུམ་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་བདག་སྐྱབས་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་ཆེན་ཁྱོད་ཀྱིས་བསྒྲལ་དུ་གསོལ༔ ལན་གསུམ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧཱིཝཡིག་ལས་གསེར་གྱི་རྡོ་རྗེ་ཧིས་མཚན་པ་དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ཨོ་རྒྱན་པདྨ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་དང་ལྡན་པ་ཟ་འོག་གི་བེར་ཆེན་གསོལ་བ༔ སྟག་ལྤགས་ཀྱི་གོང་སླག་གསོལ་བ༔ མུ་ཏིག་གི་ཆུན་འཕྱངས་ནོར་བུའི་མགུལ་རྒྱན་ཤ་བའི་སྙན་ཞུ་རྩེ་རྒྱལ་དར་སྣ་མེ་ཏོག་མེ་ལོང་གསེར་གྱི་ཉི་ཟླས་


CMR019_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་བྷན་བསྣམས་པ༔ ཁཊ་ཐོད་མཁར་མཆན་ཁུང་དུ་བཅུག་པ༔ པད་སྡོང་དང་ཉི་ཟླའི་གདན་ལ་བཞུགས་པ༔ སྐུ་དཀར་དམར་མཛེས་པའི་མདངས་དང་ལྡན་པ༔ དེ་ཡི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་དབུས་སུ་ཧཱུྃ༔ ཧྲིདེ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ཁང་ནས་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྐུ་ཆེ་ཕྲ་ཅི་རིགས་པའི་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལ་མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་


CMR019_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་གུ་རུ་དང་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཡེ་ཤེས་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཞུགས་པའི་མོས་པ་མཛོད༔ རྡོ་རྗེ་མེ་ཏོག་མགོར་བཞག་ལ༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ད་སྐུ་བུམ་པའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་སྐུ་ཡི་དབང་བསྐུར་སྩོལ༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་བསྣམས་ནས་དབང་བསྐུར་ཞིང་༔ གུ་རུའི་དཔྲལ་བའི་ཨོཾ་ཡིག་དཀར་པོ་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པའི་མོས་པ་མཛོད༔ ཧཱུྃ༔ རྡོ་རྗེའི་སྐུ་སྟེ་སྐུ་ཡི་མཆོག རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མི་འགྱུར་སྐུ་ཡི་དཀྱིལ་འཁོར་ནས༔ རྣམ་དག་སྐུ་ཡིས་བྱིན་རློབས་ལ༔ འཆི་མེད་བུམ་པ་སྐུ་ཡི་དབང་༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ བཛྲ་གུ་རུ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ བུམ་ཆུ་བླུད། སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་


CMR019_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཤོག༔ མེ་ཏོག་དོར། དེས་སྐུ་བུམ་པའི་དབང་ཐོབ་པས་དེང་ཕྱིན་ཆད་གུ་རུ་རིན་པོ་ཆེའི་སྐུ་སྣང་ལ་རང་བཞིན་མེད་པར་སྒོམ་པར་དབང་༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི༔ འབྲས་བུ་བླ་མ་སྤྲུལ་པའི་སྐུའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན༔ ད་གསུང་གི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་གསུང་གི་དབང་བསྐུར་སྩོལ༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་གུ་རུའི་མགྲིན་པའི་ཨཱཿཡིག་དམར་པོ་ལས་བདུད་རྩིའི་རྒྱུན་དམར་པོ་བྱུང་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་བྷན་བདུད་རྩིའི་གང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ རྡོ་རྗེའི་གསུང་སྟེ་གསུང་གི་མཆོག རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ རྣམ་གྲོལ་གསུང་གིས་བྱིན་རློབས་ལ༔ འགག་མེད་བྷན་གསུང་གི་དབང་༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ བཛྲ་གུ་རུ་སོགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཅེས་བྷནྡྷ་མགྲིན་པར་


CMR019_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཏུགས་བདུད་རྩི་བྱིན༔ ཡང་གུ་རུའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འཕྲོས༔ ཁྱེད་རང་གི་ཞལ་དུ་ཞུགས་པས་ཐུགས་ཀའི་ས་བོན་ལ་གཡས་སུ་འཁོར་བར་བསྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད༔ བཛྲ་གུ་རུ་སོགས་ཕྲེང་བར་མགོར་བཞག༔ སྐལ་ལྡན་འདི་རྣམས་ཀྱི་རྒྱུད་ལ་རིག་སྔགས་འདིའི་བྱིན་རླབས་མྱུར་དུ་འཇུག་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་གཏོར་ཞིང་༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ དེས་གསུང་གི་དབང་ཐོབ་དེང་ཕྱིན་ཆད་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པར་དབང་༔ ངག་གི་སྡིག་སྒྲིབ་དག་ལྐུགས་ལ་སོགས་ཐམས་ཅད་ཞི༔ འབྲས་བུ་བླ་མ་ལོངས་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན༔ ད་ཐུགས་ཀྱི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་ཐུགས་ཀྱི་དབང་བསྐུར་སྩོལ་མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་གུ་རུའི་ཐུགས་ཀའི་ཧཱུཾ་སྔོན་པོ་དེ་ལས་བདུད་རྩིའི་རྒྱུན་སྔོན་པོ་


CMR019_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་ཞིང་༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ རྡོ་རྗེའི་ཐུགས་ཏེ་ཐུགས་ཀྱི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣམ་དག་ཐུགས་ཀྱིས་བྱིན་རློབས་ལ༔ འཁྲུལ་མེད་མེ་ལོང་ཐུགས་ཀྱི་དབང་༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ བཛྲ་གུ་རུ་སོགས་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ནས་གཏོར་ཞིང་༔ ཨོཾ༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ མི་འགྱུར་རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག དེས་ཐུགས་ཀྱི་དབང་ཐོབ་པས་དེང་ཕྱིན་ཆད་གུ་རུའི་རྫོགས་རིམ་བསྒོམ་པར་དབང་༔ འབྲས་བུ་བླ་མ་ཆོས་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན༔ ད་སྐུ་བཞི་ཡོངས་རྫོགས་ཡོན་ཏན་གྱི་དབང་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་ཡོན་ཏན་དབང་བསྐུར་སྩོལ༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་གུ་


CMR019_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རུའི་སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ་ཞིང་༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་གུ་རུའི་སྐུའི་ཆོས་གོས་གསེར་གྱི་པ་ཊ་ཅན༔ སྨུག་བེར་ཤ་བའི་སྙན་ཞུ་གསེར་གྱི་རྡོ་རྗེ་བྷན་ཁཊ་རྣམས་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྲིན་ལས་བཞི་ཡིས་བྱིན་རློབས་ལ༔ རྒྱན་དང་ཕྱག་མཚན་ཡོན་ཏན་དབང་༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ བཛྲ་གུ་རུ་སོགས༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱིཿ ཅེས་སྤྱི་བོའམ་ལག་ཏུ་གཏད་པ་གང་རེག་བྱ། གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ མེ་ཏོག་གཏོར། དེས་སྐུ་བཞི་ཡོངས་རྫོགས་ཡོན་ཏན་གྱི་དབང་ཐོབ་པས་དེང་ཕྱིན་ཆད་ངེས་དོན་རྫོགས་པ་ཆེན་པོར་བསྒོམ་པ་ལ་དབང་ཞིང་དྲང་དོན་རྟོགས་ཀྱི་ཕྱག་རྒྱ་དེ་རྣམས་ཀྱང་འཆང་དུ་རུང་ལ༔ འབྲས་བུ་གུ་རུའི་སྐུ་དང་མི་འབྲལ་བ་དང་རྣམ་པར་སྨིན་པའི་ས་བོན་


CMR019_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བཞག་པ་ཡིན༔ ད་ཕྲིན་ལས་ཀྱི་དབང་ཞུ་བའི་ཆེད་དུ་འདིའི་རྗེས་ཟློས་མཛོད༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་ཕྲིན་ལས་དབང་བསྐུར་སྩོལ༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་ཉིད་གུ་རུ་རིན་པོ་ཆེར་གསལ་བའི་སྐུ་ཡི་གནས་ཐམས་ཅད་ནས་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་ནད་གདོན་བར་ཆད་ཞི་བ༔ ཚེ་དང་བསོད་ནམས་རྒྱས་པ༔ སྣང་སྲིད་དབང་དུ་འདུས་པ༔ དགྲ་བགེགས་ཚར་གཅོད་པ་ལ་སོགས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་མོས་པ་མཛོད་ཧྲི༔ གཏོར་སྣོད་བྷན་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལ༔༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉེན་པོར་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང་༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་


CMR019_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར༔ ཕྲིན་ལས་རྣམ་བཞི་རྫོགས་པའི་དབང་ཐོབ་ཤོག༔ བཛྲ་གུ་རུ་སོགས། སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གདམས་པའི་བཀྲ་ཤིས་ཡང་སྙིང་བླ་མའི་ཆོས༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ མེ་ཏོག་འཐོར། དེས་ཕྲིན་ལས་ཐམས་ཅད་ཀྱི་དབང་ཐོབ་པས་དེང་ཕྱིན་ཆད་གུ་རུའི་ལས་ཚོགས་མཐའ་དག་སྒྲུབ་ཅིང་འགྲོ་བའི་དོན་བྱེད་པར་དབང་། འབྲས་བུ་སྤྲུལ་སྐུས་འགྲོ་བ་འདུལ་བའི་ས་བོན་རྒྱུད་ལ་ཐེབ་པ་ཡིན་ནོ༔ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ༔ དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་ནས་ད་ནི་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ཡིན་ཏེ༔ གཏོར་མ་འདི་ཉིད་འདི་ལྟ་བུ་མ་ཡིན་པར་ཨོ་རྒྱན་པདྨ་འབྱུང་གནས་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་དེ་ཁྱེད་རང་གི་སྤྱི་བོར་བྱོན་ནས༔ ངེད་ཀྱི་གསོལ་བ་བཏབ་པ་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡེ་ཤེས་ལྔའི་དབང་བསྐུར་སྐུ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད༔ གཏོར་མ་སྤྱི་བོར་བཀོད་པའོ༔ ཁྲོམ་ལྟ་བུ་ལ་ཚར་གཅིག་ཚར་ནས་སྔགས་བཟླ་ཞིང་འགྲིམ་མོ༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་


CMR019_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གནས༔ སྐུ་གསུམ་ཐོད་ཕྲེང་རྩལ་སྡེ་རེ་རེ་ནས་ལྔ༔ གུ་རུ་མཚན་རེ་རེ་ནས་བརྒྱདི༔ རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད༔ བོད་ཀྱི་གྲུབ་ཐོབ་མི་དགུ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་མངའ་བདག་ཡབ་སྲས༔ དྲི་མེད་སྡེ་ལྔ༔ གླིང་པ་མཆེད་བརྒྱད་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ བཀའི་ལྷ་མ་སྲིན་སྡེ་བརྒྱུད་ཀྱི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག༔ གཟའ་ཀླུ་རྒྱལ་བསེན་དམ་སྲི་ཕོ་མོའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་གུ་རུ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བར་མཛད་དུ་གསོལ༔ བཛྲ་གུ་རུ་སོགས་དང་༔ ཐོད་ཕྲེང་རྩལ་ཚར་གཅིག་གམ་གསུམ་བརྗོད༔ ཧྲི༔ སྐྱེ་ཤི་གཉིས་སྤངས་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ཏོག་འཐོར། རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་དྲན་པའི་སྒོ་ནས་དམ་ཚིག་བསྲུང་ཞིང་མཎྜལ་འབུལ་བའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ ཁྱེད་ཀྱི་རྗེས་སུ་བདག་འཇུག་ཅིང་༔ སྲོག་གི་ཕྱིར་ཡང་དམ་


CMR019_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ན༔ ཁྱེད་ཀྱི་སློབ་མར་བཟུང་བ་དང་༔ ཆ་ཡིས་ཀྱང་ནི་དཔྱད་དུ་གསོལ༔ འདིར་བཛྲ་གུ་རུ་རབ་བྱེ་བ༔ འབྲིང་འབུམ་ཚོ༔ ཐ་མ་སྟོང་ཚོ་རེ་ཁས་ལེན་བྱེད་པ་གལ་ཆེའོ། །ཞེས་པ་འདི་རཏྣ་གླིང་པའི་ཕྱག་ལེན་ལྟར་རཏྣ་ཤུ་རས་མཛད་པའི་གཏོར་དབང་ལ་གཞི་བྱས་ནས་གཞུང་མང་པོ་ནས་ཁ་བཀང་ཕྱག་ལེན་གྱིས་བརྒྱན་ནས་བཀའ་གཏེར་ཐུན་མོང་གི་རྗེས་གནང་འདི་ནི་བཀའ་ཡངས་པས་ཀུན་ལ་བསྐུར་དུ་རུང་བར་འགྲོ་དོན་ཆེ་བ་འཁུ་ལྡོག་ཆུང་བར་སེམས་སོ། །འདི་བྲིས་ཉེས་པ་རྩ་བ་གསུམ་ལ་བཤགས། །དགེ་བས་འགྲོ་ཀུན་གུ་རུའི་རྗེས་བཟུང་ནས། །བདེ་ཆེན་ཞིང་དུ་ས་བཅུ་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་གཅུང་པོས་བསྐུལ་བྱས་ནས། །རཱ་གའི་མིང་ཅན་སྔགས་འཆང་དེ་ཡིས་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་ཞི་བའི་རྗེས་གནང་བཀའ་གཏེར་སྤྱི་ཁྱབ་མ།next