Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
བཀའ་གཏེར་སྤྱི་ཁྱབ་ཀྱི་གུ་རུ་དྲག་པོའི་རྗེས་གནང་།
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་གཏེར་སྤྱི་ཁྱབ་ཀྱི་གུ་རུ་དྲག་པོའི་རྗེས་གནང་།next

བཀའ་གཏེར་སྤྱི་ཁྱབ་ཀྱི་གུ་རུ་དྲག་པོའི་རྗེས་གནང་།


CMR019_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་སྤྱི་ཁྱབ་ཀྱི་གུ་རུ་དྲག་པོའི་རྗེས་གནང་བཞུགས་སོ༔


CMR019_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ནས༔ བཀའ་གཏེར་སྤྱི་ཁྱབ་དྲག་པོའི་རྗེས་གནང་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ རས་བྲིས་སམ་ནི་འབྲུ་ཡི་ཚོམ་བུ་བཀོད༔་བུམ་པ་གཏོར་མ་དབང་རྫས་ཚང་བར་བསགས༔ དྲག་པོའི་ཆོ་ག་གང་ཡིན་གཞུང་བསྲངས་ནས༔ བསྙེན་པ་བརྒྱ་རྩ༔ བྱས་རྗེས་སློབ་མ་བསྡུ༔ བགེགས་བསྐྲད་ཁྲུས་བྱས་མཎྜལ་ཕུལ་བྱས་ནས༔ ཁྱེད་རང་རྣམས་དེང་སང་སྙིགས་མ་ལྔའི་དུས་བདུད་དང་གཟའ་ཀླུ་རྒྱལ་བསེན་ཐམས་ཅད་ཁ་འཕྱོ་བའི་དུས་འདིར༔ སྣང་སྲིད་ལྷ་འདྲེའི་གཉེན་པོ་གུ་རུ་དྲག་པོའི་དབང་ཞུ་བར་འདོད་པ་དེ་ཤིན་ཏུ་ལེགས༔ དེའི་ལོ་རྒྱུས་ནི་སྔོན་ནུབ་ཕྱོགས་བདེ་བ་


CMR019_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཧཱིཝཡིག་འོད་ཟེར་ལྔ་དང་ལྡན་པ་ཞིག་སྤྲོས་ནས་དེ་ལ་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཧཱིདང་ཐུབ་པ་དྲུག་སངས་རྒྱས་སྟོང་རྩ་གཉིས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས༔ ཧཱུྃཡིག་དེ་སྐར་མདའ་འཕངས་བ་ལྟར་དྷ་ན་ཀོ་ཤའི་མཚོ་གླིང་དུ་སོང་ནས་སྤྲུལ་པ་དེས་འགྲོ་དོན་བྱེད་པར་ལུང་བསྟན་ཏོ༔ དེར་སྤྱན་རས་གཟིགས་ཀྱིས་འོད་དཔག་མེད་ལ་རྒྱུད་དང་སྒྲུབ་ཐབས་ཞུས་པས་གུ་རུ་དྲག་པོའི་རྒྱུད་དང་༔ དྲེགས་པའི་སྙིང་འབྱིན་ཞེས་བྱ་བ་ལ་སོགས་པ་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་ནས་གཞན་


CMR019_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟབ་ཅིང་མྱུར་བར་ལུང་བསྟན་ཏོ༔ དེས་ན་སྤྲུལ་པ་དེ་ནུབ་ཕྱོགས་ཨོ་རྒྱན་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལ་བརྫུས་ཏེ་འཁྲུངས་ནས༔ སྐུ་ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་སོགས་གང་འདུལ་དུ་སྟོན་པར་མཛད་ཅིང་༔ རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས༔ རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་བྲན་ཐམས་ཅད་དམ་ལ་བཏགས་ནས་བྲན་དུ་ཁས་བླངས༔ མཚན་རྡོ་རྗེ་དྲག་རྩལ་དུ་གྲགས་སོ༔ དེར་དུར་ཁྲོད་ཆེན་པོ་བརྒྱད་དུ་བྱོན་ནས་ཆོས་སྐྱོང་མ་མགོན་གྱི་གཙོར་བྱས་པའི་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དམ་ལ་བཏགས་ཤིང་རང་རང་གི་སྲོག་སྙིང་སྒྲུབ་ཐབས་དང་བཅས་པ་ཕུལ༔ དེ་ནས་དུར་ཁྲོད་བསིལ་བ་ཚལ་དུ་བྱོན་ནས་དེ་ཉིད་རྡོ་རྗེ་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ༔ ཁྲོ་བོ་ཧཱུཾ་ཆེན་གྱི་བདུད་བཏུལ་བའི་ཞུ་བ་ཕུལ་བ་ལ་བརྟེན་ནས་རྡོ་རྗེ་ཕུར་པ་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ནས་བདུད་དང་རུ་ཏྲ་ཐམས་ཅད་དུས་གཅིག་ལ་བསྒྲལ་ནས་སྙིང་ཁྲག་ཞལ་དུ་གསོལ༔ རྣམ་ཤེས་ཧཱུྃ་དུ་བསྡུས་ནས་ཐུགས་ཆོས་ཉིད་ཀྱི་ཀློང་དུ་བསྟིམ་མོ༔ དེ་ནས་ཁྲོ་རྒྱལ་མི་གཡོ་མགོན་པོར་སྤྲུལ་ནས་བུད་མེད་དམ་ལོག་དམ་སྲི་


CMR019_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐམས་ཅད་དུས་གཅིག་ལ་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམ་རྟ་མགྲིན་དུ་སྤྲུལ་ནས་ཀླུ་དང་ས་བདག་གདུག་པ་ཅན་ཐམས་ཅད་བསྒྲལ་ཏེ་སྐུའི་རྒྱན་དུ་བྱས་ཤིང་རིག་པ་དབྱིངས་སུ་བསྟིམས་པས་མཚན་ནཱ་ག་ཀླུ་འདུལ་དུ་གྲགས་སོ༔ དེ་ནས་ཁྲོ་བོ་ཁྱུང་ཞོན་དུ་སྤྲུལ་ནས་གཉན་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ འབྱུང་པོ་འདུལ་བྱེད་དུ་སྤྲུལ་ནས་གནོད་བྱེད་གདུག་པ་ཅན་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་སྤྲུལ་ནས་བགེགས་དང་འབྱུང་པོ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ འཇམ་དཔལ་དམར་པོར་སྤྲུལ་ནས་ལྷ་ལས་གྱུར་པའི་བགེགས་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས་མཚན་ཚེ་བདག་ཆེན་པོར་གྲགས༔ ཆེ་མཆོག་ཧེ་རུ་ཀར་སྤྲུལ་ནས་མ་མོ་མཁའ་འགྲོ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ རྡོ་རྗེ་གཞོན་ནུར་སྤྲུལ་ནས་ཕོ་བདུད་མོ་བདུད་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས་མཚན་ཡཀཱ་མེ་དབལ་དུ་གྲགས༔ ཧ་ལ་གདོང་དྲུག་ཏུ་སྤྲུལ་ནས་བཙན་འགོང་པོ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ གཡུ་དྲུང་


CMR019_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སུམ་ཅུ་རྩ་གཉིས་སུ་སྤྲུལ་ནས་གཟའ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་སོ༔ གཤིན་རྗེ་གདོང་དྲུག་ཏུ་སྤྲུལ་ནས་གཤིན་རྗེ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས་མཚན་འཇིགས་བྱེད་ཆེན་པོར་གྲགས་སོ༔ དབང་ཆེན་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ནས་རྒྱལ་འགོང་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ སྟོབས་ལྡན་ནག་པོར་སྤྲུལ་ནས་དབང་ཕྱུག་གུ་ལང་ལ་སོགས་མུ་སྟེགས་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས༔ དེ་ལྟར་བདུད་དམག་བྱེ་བ་དུང་ཕྱུར་མིང་ཡང་མི་གྲགས་པར་མཛད༔ དེ་ནས་བལ་ཡུལ་ཡང་ལེ་ཤོད་དུ་བར་ཆད་ཀྱི་བགེགས་ཐམས་ཅད་རྡོ་རྗེ་ཕུར་པས་བསྒྲལ༔ བསེ་མོ་མཆེད་བཞི་དམ་ལ་བཏགས་ནས་ཕུར་སྲུང་དུ་བསྐོས༔ དེ་ནས་བོད་དུ་བྱོན་པས་ཞང་ཞུང་གི་དགྲ་བླ་མོ་ཛ་མུན་གྱིས༔ སློབ་དཔོན་རི་གཉིས་ཀྱི་བར་དུ་བཙིར་བས་སློབ་དཔོན་ནམ་མཁའ་ལ་བྱོན་པས་མོ་དད་དེ་སྲོག་སྙིང་ཕུལ། གངས་ཀྱི་ཡུམ་ཆེན་གཡུ་བུན་མར་བཏགས༔ བྱང་གནམ་ཐང་དུ་གནམ་སྨན་དཀར་མོས་ཐོག་ཕབ་པས་ཕྱག་མཐིལ་དུ་སྲན་རྡོག་ཙམ་དུ་བཏུལ༔ ད་དུང་ཐོག་གཅིག་ཕབ་པས་སློབ་


CMR019_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་ཕྱག་མཛུབ་ལ་དཀྲིས་ནས་མོའི་གངས་རི་ལ་བརྒྱབས་པས་གངས་ཞུ་ནས་མཚོར་གྱུར་པས་མོ་མཚོ་ནང་དུ་བྲོས༔ མཚོ་ལ་སྡིགས་མཛུབ་མཛད་པས་མཚོ་ཁོལ་ནས་ཤ་རུས་བྱེ༔ རྡོ་རྗེ་བརྒྱབས་པས་མོ་ཡི་མིག་གཡས་བཅར༔ དེ་ནས་སྲོག་སྙིང་ཕུལ་དམ་ལ་བཏགས་ཏེ་ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མར་བཏགས༔ དེ་ནས་གཙང་གི་འོ་ཡུག་ཏུ་བརྟན་མ་བཅུ་གཉིས་ཀྱིས་ཐོག་བཅུ་གཉིས་བརྒྱབས་པས་སོལ་དུམ་རེར་བསྒྱུར༔ སློབ་དཔོན་རིའི་བར་དུ་བཅིར་བས་སྡིགས་མཛུབ་ཀྱིས་བྲག་རི་གངས་རི་གཡའ་རི་ལ་སོགས་བརྟན་མའི་གནས་ཐམས་ཅད་བཤིགས་པས་བརྟན་མ་བཅུ་གཉིས་ཡ་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་སོ་སོའི་འཁོར་དང་བཅས་པས་སྲོག་སྙིང་ཕུལ་དམ་ལ་བཏགས་བཀའ་ཡི་སྲུང་མར་བསྐོས་དབང་བསྐུར༔ འོ་ཡུག་བྱེ་མ་རྫོངས་ཀྱི་ལ་ཁར་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསུ་བ་བྱས་ཏེ་དམ་ལ་བཏགས༔ ཤམ་པོ་ལུང་དུ་ཡར་ལྷ་ཤམ་པོས་གཡག་དཀར་པོ་རི་ལོག་ཙམ་ཁ་རླངས་སྤྲིན་དུ་འཁྲིགས་པ་ང་རོ་འབྲུག་ལྟར་དུ་ལྡིར་བ༔ སྣ་རླངས་ཁ་བ་བུ་ཡུག་ཐོག་སེར་དུ་ཕབ་པ་ལས༔ སློབ་དཔོན་གྱིས་ཕྱག་རྒྱ་


CMR019_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་དྲག་ཏུ་གཟིར་བས་ཁྱེའུ་དར་དཀར་གྱི་རལ་ག་ཅན་དུ་གྱུར་ནས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ ཕྱ་ཐང་དུ་གཉན་ཆེན་ཐང་ལྷས་སྦྲུལ་དཀར་པོ་མགོ་བོ་གྲུ་གུའི་ཡུལ་དུ་བསླེབས་པ༔ མཇུག་མ་ཁམས་ཀྱི་སོག་ཆུ་དབྱར་མོ་ཐང་དུ་བསླེབས་པ༔ ཕྲ་སྦོམ་རི་ལོག་ཙམ་དུ་སྤྲུལ་ནས་ལམ་བཀག་པ་ལ༔ སློབ་དཔོན་གྱིས་སྦྲུལ་དེ་ཕྱག་མཁར་གྱི་རྩེ་ལ་རྩེན་གྱིས་བླངས་ནས་འཕངས་པས༔ ཐང་ལྷ་ཁྲོས་ནས་ཐོག་གི་ཆར་ཕབ་པས༔ སློབ་དཔོན་དཔོན་སློབ་རྣམས་སྦ་བེར་གྱི་ནང་དུ་བཞུགས་ནས་སྦ་བེར་གྱི་རྩེར་སྤྱི་བོར་རྡོ་རྗེར་བྱིན་གྱིས་བརླབས་པས་ཐོག་ཐམས་ཅད་འདྲེད་ནས་མཚོ་ནང་དུ་སོང་༔ ཆུ་གནས་ཉ་སྲམ་ཐམས་ཅད་མཚོ་ཁ་ན་ཉི་ལེ་བྱུང་༔ སློབ་དཔོན་གྱིས་སོས་པའི་སྔགས་བཏབ་པས་ཐམས་ཅད་སོས་ནས་ཅོ་སྒྲ་དི་རི་རི་མཚོ་ནང་དུ་སོང་༔ དེ་ནས་སློབ་དཔོན་གྱིས་དབང་ཆེན་གྱི་ཏིང་ངེ་འཛིན་གྱིས་སྤྱན་གཉིས་ཉི་མར་བསྒོམས་ནས་ཐང་ལྷའི་གངས་ལ་གཟིགས་པས་གངས་ཞུ་ནས་རིའི་རྩེ་མོ་ནག་སེང་ངེ་གཡའ་མ་སྔོ་ཉིལ་གྱིས་བྱུང་བས༔ ཐང་ལྷ་བྲེད་ནས་བྱིས་པ་གཡུའི་ཟུར་ཕུད་ཅན་དར་དཀར་གྱི་རལ་ག་ཅན་དུ་བྱས་ནས་སྲོག་གི་སྙིང་པོ་ཕུལ་ཏེ་དམ་ལ་


CMR019_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས༔ འཕན་ཡུལ་དུ་བྱང་གི་ཏིང་ཏིང་ཏིང་མོ་སྨན་གསུམ་དམ་ལ་བཏགས༔ དེ་ནས་གནམ་གྱི་ཤུག་ཐང་སྒྲོན་དུ་བདུད་ཀྱི་དམག་དཔོན་རུ་དར་ནག་པོ་འཕྱར་བ་ཞིག་བྱུང་ནས་སྲོག་སྙིང་ཕུལ༔ ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ དེ་ནས་ཁམས་ཀྱི་སེངྒེ་བྲག་ཏུ་མ་སང་གཡའ་སྤང་སྐྱེས་གཅིག་རྒན་པོ་མགོ་ལ་སྤྲེའུའི་ཞྭ་གྱོན་པ༔ མགོ་བོ་སློབ་དཔོན་གྱི་པང་དུ་བཞག༔ རྐང་པ་ཁམས་ཀྱི་དབྱར་མོ་ཐང་དུ་བརྐྱངས༔ ལག་པ་གཉིས་གངས་ཏི་སེའི་མཚོ་ལ་བརྐྱངས་ནས༔ མི་མ་ཡིན་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པས་མཚོན་ཆའི་ཆར་ཆེན་པོ་ཕབ་པའི་ཚེ༔ སྔོན་གུ་རུ་དྲག་པོ་རིགས་ལྔའི་ཁྲོ་བོའི་སྐུར་སྤྲུལ་ནས་གཡའ་སྤང་གི་གཙོར་བྱས་ཁམས་ཕྱོགས་ཀྱི་རི་ཐམས་ཅད་དང་ལྷ་འདྲེ་ཐམས་ཅད་བཏུལ་ལོ༔ དེ་ནས་ཆུ་བོ་རི་དང་ཁ་རག་གི་མ་མོ་དང་སྲིན་མོ་ཐམས་ཅད་དམ་ལ་བཏགས༔ གཙང་གི་སིལ་མ་ལ་ཁར་སྨན་མོ་ལྷ་སྨན་ཐམས་ཅད་དམ་ལ་བཏགས༔ རོ་ཧཾ་ལུང་པ་ཁྲ་མོར་མ་ཡམས་ཐམས་ཅད་དམ་ལ་བཏགས༔ རོ་ཧཾ་ལུང་པ་ནག་པོར་སྲིན་པོ་ཐམས་ཅད་དམ་ལ་བཏགས༔ མལ་གྲོའི་ལུང་པར་ཀླུ་ཐམས་ཅད་


CMR019_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་བཏགས་ཏེ་མལ་གྲོའི་ཀླུས་གསེར་གྱི་དོང་ཙེ་བདུན་སྟོང་ཕུལ༔ གཡུ་འཛིན་ཕུག་མོར་ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས༔ དུང་མདོག་བྲག་དམར་དུ་དྲི་ཟ་ཐམས་ཅད་དམ་ལ་བཏགས༔ གནམ་ལྕགས་ཆུ་མིག་ཏུ་དགེ་བསྙེན་ཐམས་ཅད་དམ་ལ་བཏགས༔ མང་ཡུལ་བྱེ་མ་རབས་ཁར་ལྷ་སྲིན་སྡེ་བརྒྱད་བཏུལ༔ གངས་དཀར་ཏི་སེར་རྒྱུ་སྐར་ཐམས་ཅད་བཏུལ༔ ལྷ་རྒོད་གོང་དུ་གཟའ་ཆེན་པོ་བརྒྱད་བཏུལ༔ བུ་ལེ་གོང་དུ་བྱོན་པས་ལྷ་འདྲེས་ཚོགས་འཁོར་བཤམས་ནས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་ཕུལ༔ གློ་བུར་བརྟན་མ་སྤུན་དགུ་དམ་ལ་བཏགས༔ ཕུ་མ་གངས་རྗེས་གདན་དྲངས་ཤིང་དམ་ལ་བཏགས་ཏེ་བསྙེན་བཀུར་བྱས༔ གང་བ་བཟང་པོས་གདན་དྲངས་དམ་ལ་བཏགས༔ རྩེ་ལྷ་གོང་དུ་གདན་དྲངས་དམ་ལ་བཏགས༔ མཁའ་རི་བཙན་གྱིས་གདན་དྲངས་དམ་ལ་བཏགས༔ ཁ་ལ་བྲག་ཏུ་བཙན་ཐམས་ཅད་ཀྱིས་གདན་དྲངས་དམ་ལ་བཏགས༔ ཟུར་ཕུད་རྐྱང་བུ་ཚལ་དུ་བདུད་གཟའི་དམ་སྲི་གསུམ་བཏུལ་ནས་དམ་ལ་བཏགས༔ གཡའ་རི་གངས་སུ་ཇོ་རོང་འགོང་པོ་སྭ་ཤ་དམ་སྲི་བཏུལ་ལོ༔ དེ་ནས་བསམ་ཡས་ཀྱི་ས་བཏུལ་ཏེ་ལྷ་འདྲེ་ཐམས་


CMR019_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དབང་དུ་བསྡུས་དུས་རྨ་ཆེན་སྤོམ་ར་འོང་མ་ཉན་པས༔ སློབ་དཔོན་གྱིས་ལྕགས་ཀྱུས་ཕྱག་རྒྱས་སྙིང་ནས་བཟུང་སྟེ་བཀུག་པས༔ ཞང་བློན་སྤྲེལ་ཞ་དང་སྤྱང་ཐུལ་ཅན་གཅིག་ཏུ་གྱུར་ནས་སློབ་དཔོན་གྱི་མདུན་དུ་ལྡིག་གིས་ལྷུང་སྟེ༔ བདག་ཀྱང་གཡར་དམ་ཆེ་བ་གཅིག་ཡིན་ཏེ༔ བན་ཆུང་བཀའ་ནན་ཆེ་བས་མི་འོངས་བའི་དབང་མ་བྱུང་༔ དྲ་ཅི་བགྱིད་བཀའ་སྩོལ་ཅིག་ཟེར༔ ཁ་སྐོམ་ཆས་ལ་དགའ་ཟེར་བས་རྒྱུན་གཏོར་གཅིག་ཏུ་རིན་པོ་སྣ་ལྔ་བདར་ཏེ་བྱིན༔ བཀའ་དང་དམ་ལ་བཏགས་སོ༔ དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་ཕུར་པ་བསྣམས་ནས་ནམ་མཁའ་ལ་ཧཱུཾ་སྒྲ་སྒྲོག་ཅིང་བྱོན༔ ལྷ་འདྲེ་ཐམས་ཅད་ལས་ལ་བསྐུལ་བས་བསམ་ཡས་ལ་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཐམས་ཅད་གེགས་མེད་པར་གྲུབ་བོ༔ དེ་ནས་གཙུག་ལག་ཁང་གི་སྲུང་མ་ཧོར་ཡུལ་ནས་རྒྱལ་པོ་བེ་དཀར་སྤྱན་དྲངས་ཏེ་བསྐོས་སོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེས་མ་འོངས་པ་ན་སྡེ་བརྒྱད་ཀྱི་གནོད་པ་མེད་པ་ཞིག་དགོངས་ནས་སྡེ་བརྒྱད་ཐམས་ཅད་ཀྱིས་བླ་བྱང་ཨརྱ་པ་ལོའི་གླིང་དུ་རྟ་མགྲིན་གྱི་ཞབས་འོག་ཏུ་ཁྲོ་ཆུའི་དོང་གྲུ་གསུམ་དུ་མནན༔ དེ་ལྕགས་ཐག་གིས་


CMR019_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཆེན་པོ་སྣ་ཕུག་ནས་རྟ་མགྲིན་གྱི་ཞབས་ཀྱི་མཐེ་བོང་ལ་བརྟོད་ནས་བཞག་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མ་མཉེས་ནས༔ རྒྱལ་པོ་འདི་ངའི་དཀོར་བདག་ཡིན༔ ཀླུ་འདི་ངའི་ཤག་པོ་ཡིན་ཏེ༔ རྒྱུན་དུ་ང་ལ་གསེར་དཀར་ཡོལ་རེ་སྟེར་བ་ཡིན་པས་འདི་གཉིས་བཏང་དགོས་ཞུས་པས༔ ཨོ་རྒྱན་གྱིས་དོང་ཁ་ཕྱེས་པ་ནས་རླུང་འཚུབས་མ་གཉིས་རེད་ནས་སོང་ངོ་༔ དེར་མ་འོངས་པ་ན་བོད་འདིར་ཀླུ་དང་རྒྱལ་པོས་གནོད་ཚབས་ཆེ་བར་འོང་གསུངས༔ དེར་རེ་ཞིག་བེ་དཀར་གྱིས་གནམ་རྡོ་ལུག་ཙམ་ཞིག་སློབ་དཔོན་གྱི་སྤྱི་བོར་བརྒྱབས༔ དཀྱིལ་འཁོར་དང་དམ་རྫས་རྣམས་ཀྱང་འཁྲུགས༔ མཚོ་རྒྱལ་སོགས་འཁོར་རྣམས་ཀྱང་བརྒྱལ་ལོ༔ དེ་ནས་རྒྱལ་པོ་སེང་གེ་ལ་ཞོན་པ་ཞིག་བྱུང་ནས༔ ཨོ་རྒྱན་ལ་ཅི་ལ་འཇིགས་དྲིས་པས༔ སྡིག་པ་ལ་འཇིགས་གསུངས་པས་ཁོས་ལོག་པར་གོ་ནས༔ སྡིག་པ་ར་ཙ་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་སྤྲུལ་ནས་ལུང་པ་དེ་ལུས་པོས་གང་བར་བྱས༔ རྭ་བར་དུ་བསམ་ཡས་ཧད་པོ་རི་བཅུག་ནས༔ རི་འགུལ་བ་དང་ཕ་བང་ཡང་རློག་ཅིང་བྱུང་བས༔ སློབ་དཔོན་ཉིད་གུ་རུ་དྲག་པོའི་སྐུར་བཞེངས་ནས་དབུ་བར་སྣང་ལ་


CMR019_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ་ཕྲག་པ་གཉིས་ནས་ཉི་མ་དང་ཟླ་བ་འཆར་བ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་འཕྱར་ཞིང་༔ གཡོན་ཁོའི་སྤྲུལ་པའི་སྡིག་རྒོད་དེའི་རྐེ་ནས་བཟུང་ནས་བཅིར་ཞིང་གཟིར་བས་ཁོ་ཁྲག་ཏུ་སྐྱུགས་ཤིང་སྲོག་སྙིང་ཕུལ༔ རང་གཟུགས་འཁོར་དང་བཅས་པ་དངོས་སུ་བསྟན་ནས་བསམ་ཡས་ཀྱི་དཀོར་ཆ་ཐམས་ཅད་སློབ་དཔོན་ལ་ཕུལ༔ སློབ་དཔོན་གྱིས་རྒྱུད་འཛིན་ལ་བར་ཆད་མི་བྱེད་ཅིང་བསྟན་པ་སྲུང་བར་བྲོ་བོར་ནས༔ ཁོ་ན་རེ་ང་ནི་དམ་ལ་གནས་ཀྱང་མི་འདའ་སྟེ༔ ངའི་འཁོར་དང་ཟླ་གྲོགས་སུ་རྒྱལ་ཕྲན་དཔག་ཏུ་མེད་པ་ཡོད་པ་དང་༔ མ་འོངས་པ་ན་དམ་ཚིག་ཉམས་པ་རྣམས་ཀྱང་ངའི་འཁོར་དུ་སྐྱེ་བས་དེ་རྣམས་འདུལ་བའི་ཐབས་མེད་པར་ཞུ་ཟེར་བ་ལ་བརྟེན་ནས༔ གུ་རུ་དྲག་པོའི་སྒྲུབ་ཐབས་དཔག་ཏུ་མེད་པ་མཛད་ནས་གཏེར་དུ་སྦས་སོ༔ དེས་ན་བེ་དཀར་འཁོར་དང་བཅས་པའི་གནོད་འཚེ་བྱུང་ན་ཡང་སློབ་དཔོན་གྱི་རྣམ་ཐར་འདོན་པ་སོགས་གསོལ་བ་བཏབ་ན་གནོད་པ་མི་བྱེད་པར་ཁས་བླངས་སོ༔ དེ་ནས་གཟའ་ར་ཧུ་ལ་སློབ་དཔོན་གྱི་དྲུང་དུ་བྱུང་ནས་བསྟན་པ་སྲུང་བར་ཁས་བླངས་དམ་ལ་བཏགས༔་ཁོའི་དུག་རླངས་བྱུང་ན་


CMR019_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སློབ་དཔོན་གྱི་རྣམ་ཐེར་སྒྲོགས་པས་ནད་ཞི་བར་ཁས་བླངས༔ ཀླུ་གདོལ་པ་ནག་པོ་རིགས་བཞིའི་ཀླུ་ཐམས་ཅད་སློབ་དཔོན་དྲུང་དུ་བྱུང་ནས་བསྟན་པ་སྲུང་བར་ཁས་བླངས༔ དེ་ནས་སློབ་དཔོན་གྱི་དྲུང་དུ་བོད་ཀྱི་ལྷ་འདྲེ་སྲིད་ཚད་ཐམས་ཅད་ཚོགས་ནས་སློབ་དཔོན་གྱི་རྒྱུད་འཛིན་ལ་གནོད་པ་མི་བྱེད་ཅིང་དེ་ལ་གནོད་པའི་དགྲ་བོ་བསྒྲལ་བར་ཁས་བླངས་དམ་བཅས་སོ༔ དེ་ནས་སློབ་དཔོན་སྲིན་པོའི་ཡུལ་དུ་བྱོན་ནས་སྲིན་པོའི་ཁ་ནོན་མཛད་ནས་བཞུགས་སོ༔ དེ་ནས་བོད་ཡུལ་དུ་གཏེར་སྟོན་མངའ་བདག་མྱང་ཡབ་སྲས་གླིང་པ་བརྒྱད་ཚོ༔ སོགས་གཏེར་ཁ་བརྒྱ་ལྷག་ཙམ་རིམ་གྱིས་བྱོན་ཞིང་༔ གཏེར་ཁ་རེ་རེ་ནས་གུ་རུ་དྲག་པོའི་སྒྲུབ་སྐོར་རེ་རེ༔ འགའ་རེ་ལ་གཉིས་རེ་ཡང་ཡོད་པར་སྣང་ཞིང་༔ སྒྲུབ་སྐོར་རེ་རེ་ལའང་ཕྱི་ནང་གསང་བའི་སྒྲུབ་ཐབས་མི་འདྲ་བ་དུ་མ་ཡོད་ཅིང་དེ་ཐམས་ཅད་དོན་ལ་ངོ་བོ་གཅིག་ཅིང་ཁྱད་པར་མེད་ཅེས་ཀ༔ཐོག་པ་པདྨ་སེང་གེས་གསུངས་སོ༔ གཞན་ཡང་རྗེ་དབང་ཕྱུག་རྡོ་རྗེ་དང་༔ འབྲུག་པ་པདྨ་དཀར་པོ་སོགས་ས་ཀར་འབྲི་སྟག་སོགས་ཀྱི་སྐྱེས་བུ་དམ་པ་དུ་མས༔ སྔོན་གྱི་གཏེར་རྙིང་ལ་བརྩམ་གཞིར་མཛད་ནས་རང་རང་གི་ཞལ་གཟིགས་


CMR019_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ནས་དྲག་པོའི་དབང་དང་སྒྲུབ་ཐབས་མང་དུ་མཛད་དོ༔ དེ་ལྟར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདུལ་བ་ལ་ལྷ་གཞན་བས་མཐུ་སྟོབས་དང་ནུས་པ་ཆེ་ཞིང་དུས་ངན་སྙིགས་མའི་དུས་འདིར་ལྷ་གཞན་བས་ཐུགས་རྗེ་དང་བྱིན་རླབས་མྱུར་བ༔ བཅོམ་ལྡན་འདས་གུ་རུ་དྲག་པོའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ དེ་ཉིད་མགོན་པོས་བདག་ལ་སྩོལ༔ ཞེས་ལན་གསུམ༔ ད་ཁྱེད་རང་རྣམས་དེང་ནས་བཟུང་སྟེ་དཀོན་མཆོག་ཀུན་འདུས་བླ་མ་དྲག་པོའི་ལྷ་ཚོགས་ལ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ན་མོ༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ ད་ཁྱེད་རང་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་དྲག་པོའི་ཆོས་སྒོར་འཇུག་སྙམ་པས་འདིའི་རྗེས་ཟློས་མཛོད༔ སེམས་ཅན་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔


CMR019_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ༔ དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སོང་ནས༔ ད་སློབ་མ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་འབེབ་པའི་དོན་དུ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་བདུད་བཞི་དང་དམ་སྲི་སྲིན་པོ་ཕོ་མོ་བསྣོལ་བའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་ཁྱེད་རང་རྣམས་ཀྱི་རིག་པ་ཧཱུཾ་གི་ངོ་བོ་ལ་རྡོ་རྗེ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཧཱུྃ་ལ་ཐིམ་འོད་དུ་འབར༔ སླར་རྡོ་རྗེ་རྩེ་དགུ་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་ཁྱེད་རང་རྣམས༔ གུ་རུ་དྲག་པོ་སྐུ་མདོག་དམར་པོ་མེའི་མདོག་ཅན་ཐོད་སྐམ་དང་རིགས་ལྔས་དབུ་ལ་རྒྱན་པ༔་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་སྟབས་སུ་བསྒྲད་པ༔ སྤྱན་གསུམ་སྡང་མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟངས་ཡག་ཏུ་གཙིགས་པ༔ ཤངས་ནས་རླུང་འཚུབས་པ༔ སྨིན་མ་གློག་ལྟར་འཁྱུགས་


CMR019_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨག་ཚོམ་ལ་མེ་འབར་བ༔ རྐན་སྒྲ་བརྡབས་པས་ནམ་མཁའི་འབྲུག་དང་མཉམ་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་པའི་སྐེ་ནས་བཟུང་བ༔་དབུ་སྐྲ་ཁམ་སེར་སྤྱི་བོར་བཅིངས་ཤིང་ཟར་བུས་སྐུ་རྒྱབ་ཁེབས་པར་གཏིབས་པ༔ གླང་ཆེན་གྱི་ཀོ་རློན༔ ཞིང་གི་གཡང་གཞི༔ སྟག་གི་པགས་པའི་ཤམ་ཐབས༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ་གདོལ་པ་ནག་པོའི་དོ་ཤལ་དང་༔ མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་དང་༔ ཐོད་སྐམ་སྤེལ་མར་བརྒྱུས་པའོ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་མཚམས་ནས་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པར་གྱུར་པ༔ དེའི་སྤྱི་གཙུག་ཏུ་ཡར་ལ་པདྨ་འདབ་བརྒྱད་གསེར་གྱི་འོད་དུ་འབར་བ༔ ཉི་མའི་གདན་ལ་ཐོད་ཕྲེང་རྩལ་མཐིང་ནག་འབར་བ་གཡས་ཁ་ཊཾ་གཡོན་ཐོད་ཁྲག་འཛིན་པ༔ གཡས་ཀྱི་གྲུ་མོ་ན་ཐོད་པ་ལྟག་སྤྲོད་ཀྱི་རྔ་བཀལ་བ༔ དེའི་སྒྲ་རང་གྲག་ཏུ་འཁྲོལ་བ༔ སྟོང་གསུམ་ཀུན་ཀྱང་ཧཱུཾ་སྒྲ་དི་རི་རི་ཡོད་པ༔ དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་འཁྱིལ་ཞིང་༔ སྐུ་ལ་རུས་པའི་རྒྱན་དྲུག་གིས་


CMR019_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ དཔའ་བོ་དང་དཔའ་མོ་འབུམ་གྱིས་བསྐོར་བ༔ དེའི་སྤྱི་བོར་ཨོཾ་ཨཱཧཱུྃ་ཁྲོ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ༔ ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ལ་མེ་འབར་བ༔ མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྲང་ཀྲིང་གི་སྒྲ་སྒྲོག་པ༔ ཨོཾ་ཨཱཧཱུྃ་མཉྫ་ཧཱུཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ དཔྲལ་བར་སྐུའི་ལྷ་འཇམ་དཔལ་གཤིན་རྗེའི་གཤེད་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ༔ ཨོཾ་ཨཱཧཱུཾ་པདྨནྟ་ཀྲྀཏ་བྱ་གཱི་ཝ་ཧཱུྃ་ཕཊ༔ མགྲིན་པར་གསུང་གི་ལྷ་དབང་ཆེན་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཏོ་གཡོན་ཐོད་ཁྲག་འཛིན་པའོ༔ ཨོཾ་ཨཱཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ་ཐུགས་ཀར་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པར་གསང་བདག་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་སྦྲུལ་རིགས་ལྔས་བརྒྱན་པ༔ ཨོཾ་ཨཱཧཱུྃ་ཧིམ་ཧ་རི་ནི་ས་ཧཱུྃ༔ ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ནག་གྲི་ཐོད་བསྣམས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་


CMR019_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གྲི་ཐོད་བསྣམས་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་ཐབས་སུ་བཞུགས་པ༔ ཁ་ཊོ་མཆན་དུ་བཅུག་པ་ཁོ་ནའོ༔་ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ༔ ཡཀཱ་ཧཱུཾ་རཀཱ་ཧཱུྃ༔ གསང་གནས་སུ་ཕྲིན་ལས་ཀྱི་ཡཀཱ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ་གཡས་དབྱུག་ཏོ་གཡོན་སྡིགས་མཛུབ་དང་ཞགས་པ་འཛིན་པ༔ ཨོཾ་བཛྲ་ཛྷཱ་ན་སཏཱ་བཛྲ་ཀྲོ་ཏ་ཧཱུྃ༔ གསང་བའི་བདག་པོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཞིང་སྐུ་འགྱིང་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་ལྟེ་བར་ཧཱུྃ་དམར་པོ་བྱེ་རུའི་མདོག་ཅན་ལས་འོད་ཟེར་འཕྲོས་པས༔ ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་སྐུ་ཆེ་ཆུང་སྣ་ཚོགས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔


CMR019_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་རོལ་མོ་དང་བཅས་པས༔ ཧཱུྃ༔ དབང་དྲག་རོལ་པའི་ཞེས་སོགས་ལས་བྱང་གང་ཡིན་གྱིས་བྱིན་འབེབས་བྱ༔ ཨ་ཙིག་༴ ཨཱ་ཝེ་ཤ་ཡ་ཨ་ཨཱཿ སྤོས་དང་རོལ་མོ་དྲག་ཏུ་བྱ༔ ཡེ་ཤེས་པ་དེ་བྱང་ཆུབ་མ་ཐོབ་བར་བརྟན་པའི་མོས་པ་མཛོད༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཏ༔ ཞེས་མེ་ཏོག་མགོར་བཞག དེ་ལྟར་དབང་རྟེན་ཡེ་ཤེས་པ་འབབ་ཚར་ནས༔ ད་སྐུའི་དབང་གི་དོན་དུ་རྗེས་ཟློས་མཛོད༔༔ ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན། རྣམ་བཅུ་དབང་ལྡན་ཆེ་བ་པོ༔ སྐུ་ཡི་དབང་མཆོག་བདག་ལ་སྩོལ༔ གསུམ༔ དེ་ལྟར་གསོལ་བ་བཏབ་པས་གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་བསྣམས་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ པདྨ་ཐོད་ཕྲེང་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་བུམ་དབང་བསྐུར༔ སྐུ་ནི་འགྱུར་མེད་རྡོ་རྗེའི་སྐུ་འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨ་ཅིག་


CMR019_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས༔ ཨོཾ་ཨཱཧཱུཾ་པདྨ་དྷ་རི་ནི་ཧཱུྃ༔ དབུའི་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པས་དབུ་བརྒྱན་པར་གྱུར༔ མེ་ཏོག་གཏོར་ཞིང་༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ ༈ དབང་དྲག་སེམས་དཔའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་ལུས་ལ་གནོད་པའི་ནད་གདོན་དང་ཕོ་གདོན་གཤིན་རྗེའི་གནོད་པ་ཐམས་ཅད་ཞི༔ སྐུའི་བྱིན་རླབས་འཇུག་པ་ཡིན༔ ད་གཉིས་པ་གསུང་གི་དོན་དུ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ གསུང་གི་དབང་མཆོག་བདག་ལ་སྩོལ༔ གསུམ༔ དེ་ལྟར་གསོལ་བ་བཏབ་པས༔ གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་ཁྱེད་རང་རྣམས་


CMR019_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བའི་མོས་འདུན་མཛོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ པདྨ་ཐོད་ཕྲེང་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་གསུང་དབང་བསྐུར༔ གསུང་ནི་འགགས་མེད་རྡོ་རྗེའི་གསུང་༔ འགགས་མེད་གསུང་གི་དབང་ཐོབ་ཤོག༔ ཨ་ཙིག་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བྷནྡྷ་མགྲིན་པར་གཏུག་ཅིང་བདུད་རྩི་བླུད༔ དེ་ལྟར་དབང་བསྐུར་བས་རྩ་གནས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་ནས་རླུང་འགྲོ་འོང་གནས་གསུམ་རང་བྱུང་རྡོ་རྗེའི་སྔགས་སུ་དག་པར་གྱུར༔ མེ་ཏོག་གཏོར༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་སེམས་དཔའི་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་ལ་གནོད་པའི་དིག་ལྷུགས་དང་འོག་གདོན་ཀླུ་ས་བདག་གི་གནོད་པ་ཞི༔ གསུང་གི་བྱིན་རླབས་འཇུག་པ་ཡིན༔ ད་གསུམ་པ་ཐུགས་ཀྱི་དོན་དུ་འདིའི་རྗེས་ཟློས་མཛོད༔


CMR019_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཐུགས་ཀྱི་དབང་མཆོག་བདག་ལ་སྩོལ༔ གསུམ༔ དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་དང་དབྱེར་མེད་པའི་གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ པདྨ་ཐོད་ཕྲེང་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་ཐུགས་དབང་བསྐུར༔ ཐུགས་ནི་འཁྲུལ་མེད་ཆོས་ཀྱི་དབྱིངས༔ འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ ཨ་ཙིག་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་གཏོར་མ་སྙིང་གར་བཞག དེ་ལྟར་དབང་བསྐུར་སེམས་ཀྱི་སྒྲིབ་པ་དག་ནས༔ ཐུགས་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་


CMR019_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་སེམས་དཔའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ མེ་ཏོག་གཏོར༔ དེས་སེམས་ལ་གནོད་པའི་སྨྱོ་འབོག་བརྒྱལ་ནད་དང་སྟེང་གདོན་གཟའི་གནོད་པ་ཞི༔ ཐུགས་ཀྱི་བྱིན་རླབས་འཇུག་པ་ཡིན༔ དེ་ནས་ཡོན་ཏན་གྱི་དོན་དུ་རྗེས་ཟློས་མཛོད༔ ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཡོན་ཏན་དབང་མཆོག་བདག་ལ་སྩོལ༔ གསུམ༔ དེ་ལྟར་གསོལ་བ་བཏབ་པས་གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་དང་སྤྲུལ་པའི་ལྕགས་སྡིག་ནག་པོ་མགོ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་མེའི་ཚྭ་ཚྭ་འཕྲོ་བ་རེ་ལག་ཏུ་གཏད་ནས་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ རྡོ་རྗེ་འབར་བ་མི་དམིགས་བཟང་༔ རྡོ་རྗེ་འབེབས་པ་འབེབས་པ་ཆེ༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་མེད་རྡོ་རྗེ་རྟགས་ཀྱི་རྒྱ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པའི་དཔལ༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་རྡོ་རྗེ་གཡས་སུ་


CMR019_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཏད༔ ཧཱུྃ༔ ལྕགས་སྡིག་བགེགས་ཀྱི་སྙིང་ཁྲག་འཇིབས༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་མེད་རྡོ་རྗེ་རྟགས་ཀྱི་རྒྱ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པའི་དཔལ༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོ་རཀྵ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ལྕགས་སྡིག་གཡོན་དུ་གཏད༔ དེ་ལྟར་ཕྱག་མཚན་གྱི་དབང་བསྐུར་བས༔ འཁོར་ལོས་སྒྱུར་བ་རྒྱལ་སྲིད་ལ་དབང་བ་ལྟར་ཡོན་ཏན་ཐམས་ཅད་ལ་མངའ་བརྙེས་པར་གྱུར་ཅིག༔ མེ་ཏོག་གཏོར༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་།གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་པདྨའི་ཡོན་ཏན་བཀྲ་ཤིས་ཤོག༔ ད་ཕྲིན་ལས་ཀྱི་དོན་དུ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཕྲིན་ལས་དབང་མཆོག་བདག་ལ་སྩོལ༔ ལན་གསུམ༔ དེ་ལྟར་གསོལ་བ་བཏབ་པས་གུ་རུ་དྲག་པོའི་གོ་ཆའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་རང་འདྲ་བའི་སྐུ་ཆུང་ངུ་དཔག་ཏུ་མེད་པ་


CMR019_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ནས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གོ་ཆའི་ལྷ་རྣམས་ལ་ཐིམ་པས་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་དབང་ཐོབ༔ དབང་རྟགས་སུ་རྡོ་རྗེ་ཕུར་པ་རེ་ལག་ཏུ་གཏད་པའི་མོས་པ་མཛོད༔ ཧཱུྃ༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ ཡེ་ཤེས་བྱ་ཁྱུང་ཀླུ་གཉན་འདུལ༔ འཇམ་དཔལ་སྐུ་ཡི་ཕྲིན་ལས་བདག༔ རྟ་མགྲིན་གསུང་གི་ཕྲིན་ལས་བདག༔ ཕྱག་རྡོར་ཐུགས་ཀྱི་ཕྲིན་ལས་བདག༔ དྷཀི་ཡོན་ཏན་ཕྲིན་ལས་བདག༔ མེ་དབལ་སྣ་ཚོགས་ཕྲིན་ལས་བདག༔ ལྷ་དབང་ལུས་ལ་རྫོགས་གྱུར་ནས༔ ཕྲིན་ལས་ཐོགས་མེད་་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཁྲོ་ག་རུན་ཡ་མཱནྟ་ཀ་ཏྱཱ་གཱི་ཝ་བཛྲ་པཱ་ཎི་ཧ་རི་ནི་ས་བཛྲ་ཡཀྵ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཕུར་པ་ལག་ཏུ་གཏད༔ དེ་ལྟར་དབང་བསྐུར་བས་གོ་ཆའི་ལྷ་དབང་ཡོངས་སུ་རྫོགས་པ་ཐོབ་ནས་ཕྲིན་ལས་གང་བརྩམ་ཐོགས་པ་མེད་པར་གྱུར༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་པདྨའི་ཕྲིན་ལས་བཀྲ་ཤིས་ཤོག མེ་ཏོག་གཏོར༔ ད་གཏོར་མ་འདི་དང་


CMR019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འུར་འུར་ཆེམ་ཆེམ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕོ་ཕེ་གྱི་སྒྲ་དང་རྩ་སྔགས་ཏི་རི་རི་སྒྲོག་ཅིང་དབང་བསྐུར་བྱིན་རླབས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཐིམ་པའི་རྩེ་གཅིག་ཏུ་མཛོད་ཅིག༔ ཧཱུྃ༔ གཏོར་མ་སྐུ་གསུམ་ལྷུན་གྱིས་རྫོགས༔ དྲག་པོའི་སྐུ་དང་གཉིས་སུ་མེད་༔ རྣམ་དག་བདེ་ཆེན་ཡེ་ཤེས་ཆེ༔ མ་ལུས་འདུས་པའི་ཚོགས་ཆེན་པོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ གཏེར་སྟོན་རིག་འཛིན་ཆེན་པོ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ བཅོམ་ལྡན་འདས་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན༔ འཇམ་དཔལ་སྐུའི་ལྷ་ཚོགས༔ རྟ་མགྲིན་གསུང་གི་ལྷ་ཚོགས༔ ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས༔ དྷཀི་ཡོན་ཏན་གྱི་ལྷ་ཚོགས༔ མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས༔ དྲག་པོ་ཁྱུང་གི་ལྷ་ཚོགས༔ ཡེ་ཤེས་ཁྲོ་བཅུའི་


CMR019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་བྱེད་གསོད་བྱེད་ཚོགས་དང་བཅས་པས་སྐལ་ལྡན་གྱི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག ཕོ་གདོན་རྒྱལ་འགོང་སྲོག་བདག་མོ་གདོན་བསེན་མོ་དམ་སྲེ༔ སྟེང་གདོན་གཟའ་བདུད་གདོང་མོ༔ འོག་གདོན་ཀླུ་བདུད་མཚོ་སྨན༔ བར་གདོན་བཙན་བདུད་ཐེའུ་རང་གི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག༔ སྨྱོ་འབོག་བརྒྱལ་ནད་གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ནད་ལ་སོགས་པ་ནད་ཀྱི་རིགས་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག། དུས་འདི་ནས་བཟུང་སྟེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བ་དང་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ༔ ཐོད་ཕྲེང་རྩལ༔ ཨ་ཙིག་སྔོགས་ཤམ་རྒྱས་པར་བརྗོད༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་མེ་ཏོག་གཏོར༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་མཐུ་མངའ་བ༔ དབང་དྲག་སེམས་དཔའི་ལྷ་ཚོགས་བཀྲ་ཤིས་ཤོག འོ་དེ་ལྟར་དབང་ཐོབ་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་དྲན་པའི་སྒོ་ནས་


CMR019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྲུང་ཞིང་མཎྜལ་འབུལ༔ འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ ཁྱེད་ཀྱི་རྗེས་སུ་བདག་འཇུག་ཅིང་༔ སྲོག་གི་ཕྱིར་ཡང་དམ་སྲུང་ན༔ ཁྱེད་ཀྱི་སློབ་མར་བཟུང་བ་དང་༔ ཆ་ཡིས་ཀྱང་ནི་དཔྱད་དུ་གསོལ༔ ས་གཞི་སྤོས་སོགས་བྱ༔ འདིར་བཛྲ་གུ་རུ་ཁས་ལེན་བྱེད་པ་དམ་ཚིག་ཡིན་ནོ༔ འདིར་གཏེར་གཞུང་གི་དབང་རྣམས་གཉན་ཞིང་བཀའ་དོགས་པས་མང་དུ་བསྐུར་ན་རང་གཞན་གཉིས་ཀ་ལ་གནོད་ཚབས་ཆེ༔ འོན་ཀྱང་དེང་སང་སྡེ་བརྒྱད་གནོད་འཚེ་མང་བས་ཞི་དྲག་ཞུ་ཟེར་བ་མང་དུ་བྱུང་འདུག་པ་ལ༔ མ་བསྐུར་ན་སེམས་ཅན་བློས་སྤོང་གི་ལྟུང་བའང་འབྱུང་ཞིང་བསྐུར་ན་དོན་དང་མི་ལྡན་པས༔ འདི་ནི་རྗེས་གནང་སྤྱི་འགྲོས་ཡིན་པས་འགྲོ་དོན་ཆེ་བར་སེམས་ཤིང་འཕྲག་ཡང་ངོ་༔ འདི་ནི་རྗེ་དབང་ཕྱུག་རྡོ་རྗེ་སོགས་ཀྱིས་མཛད་པའི་རྗེས་སུ་འབྲངས་ནས་དབང་ཚིག་ཕལ་ཆེར་ཨོ་རྒྱན་གྱི་གསུང་བྱིན་རླབས་ཆེ་བར་བསམས་ནས་ཨ་རྭགས་བཀོད་དོ༔ དྲག་པོ་སྤྱི་འགྲོས་ཡིན་ན་ཨ་ཙིག་ནི་རང་རང་གི་ཆོ་ག་ནས་བྱུང་བ་ལྟར་བྱའོ༔ བསྐྱེད་ཆོག་ཀྱང་དེ་ལྟར་གནས་ཀྱང་ཆོག་རུང་ངོ་༔ འདི་བྲིས་ཉེས་འགལ་ཆོས་བདག་རྣམས་ལ་བཤགས༔ དགེ་བས་འགྲོ་བའི་བདུད་བཞིའི་རྩད་གཅོད་ནས༔ བདེ་ཆེན་ཞིང་གི་དཔལ་ལ་ལོངས་སྤྱོད་ཤོག༔ པདྨའི་བཀའ་ཉན་སྲུང་མ་ཐམས་ཅད་ཀྱིས༔ ཆོས་འདི་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ མངྒ་ལཾ། ཤུ་བྷཾ། དགེའོ།།


CMR019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་གཏེར་སྤྱི་ཁྱབ་ཀྱི་གུ་རུ་དྲག་པོའི་རྗེས་གནང་།next