Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་དགོངས་གཏེར་ལུགས་ཏེ་གཏེར་ཁ་སྤྱི་ཁྱབ་གང་ལའང་སྦྱར་རུང་བ་ཞིག
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་དགོངས་གཏེར་ལུགས་ཏེ་གཏེར་ཁ་སྤྱི་ཁྱབ་གང་ལའང་སྦྱར་རུང་བ་ཞིགnext

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་དགོངས་གཏེར་ལུགས་ཏེ་གཏེར་ཁ་སྤྱི་ཁྱབ་གང་ལའང་སྦྱར་རུང་བ་ཞིག


CMR019_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་དགོངས་གཏེར་ལུགས་ཏེ་གཏེར་ཁ་སྤྱི་ཁྱབ་གང་ལའང་སྦྱར་རུང་བ་ཞིག་བཞུགས་སོ༔


CMR019_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དེའི་གཏོར་དབང་ནི་དབང་གཏོར་སྤྱི་མཚམས་ཡོད་ན་ཙཀླི་འཛུགས༔ སྐད་ཅིག་དྲན་རྫོགས་སུ་བདག་དང་མདུན་གྱི་གཏོར་མ་རྣམས༔ སོ་སོར་མངོན་རྟོགས་གཅིག་གིས་ལྷ་དམ་ཡེ་དབྱེར་མེད་དུ་བསྐྱེད་ལ་གྲོ་ལོད་ཧཱུྃ་སྒྲུབ་ནི༔ རང་ཉིད་དང་གཏོར་མ་སོ་སོར་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ནག་ཨོཾ་གཙིགས་བསྡམས་པ༔ རལ་པ་སྤྱི་བོར་བཅིངས་པ༔ གཡས་རྡོ་རྗེ་གཡོན་ཕུར་པ་བསྣམས་པ༔ ཕོད་ཁ་སྔོན་པོ༔ མཐང་ཤམ་དང་ཆོས་གོས་དམར་པོ་ཅན༔ མི་མགོའི་ཕྲེང་བས་བརྒྱན་པ༔ སྙན་གཉིས་དུང་གི་ཝང་མིག་གིས་མཚན་པ༔ སྟག་མོ་གྲུས་མའི་སྟེང་ན་འདོར་ཐབས་སུ་


CMR019_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ༔ མེ་རི་དམར་ནག་ཏུ་འཕྲོ་བའི་ཐུགས་ཀའི་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་རྔ་ཡབ་གླིང་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་དང་གཏོར་མའི་ལྷ་ལ་ཐིམ་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་ཧཱུྃ་ལ་བསྙེན་པ་ཅི་འགྲུབ་བྱས་ནས༔ སློབ་མ་འདུས༔ ཁྲུས་བྱས་མཎྜལ་ཕུལ་ལ༔ དེ་ཡང་ཨུ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་དེ་མེ་ཏོག་པདྨའི་སྡོང་པོ་ལས་སྐུ་འཁྲུངས་ནས་རྒྱལ་པོའི་སྲས་མཛད༔ རྒྱལ་ཁམས་ཆོས་ལ་བཀོད་པས་རྒྱལ་པོ་ཐོར་ཅོག་ཅན་ཞེས་གྲགས་སོ༔ དུར་ཁྲོད་བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་


CMR019_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་དབང་དུས་བསྡུས་པས་ཤཱན་རཀྵི་ཏར་གྲགས༔ སྡེ་སྣོད་གསུམ་ལ་མཁས་པར་མཛད་པས་ཤཱཀྱ་སེང་གེར་གྲགས༔ མཁའ་འགྲོ་བདུད་འདུལ་མས་བདུད་དཔུང་འདུལ་བའི་དཔའ་བོར་བསྐོས༔ མཁའ་འགྲོ་ཞི་བ་འཚོས་མཚན་མཚོ་སྐྱེས་རྡོ་རྗེར་གསོལ༔ མཚོ་གླིང་མེ་ཏོག་མདངས་ཅན་དུ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པས་མཁའ་འགྲོ་སྡེ་བཞི་དང་བར་སྣང་གི་གཟའ་ཐམས་ཅད་བྲན་དུ་བཀོལ༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས༔ དགེ་སློང་མ་ཀུན་དགའ་མོ་དང་༔ རིག་འཛིན་བརྒྱད་ཀྱིས་དབང་བསྐུར་ནས༔ བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོར་བསྐོས་པས་ཡི་དམ་ཐམས་ཅད་ཞལ་གཟིགས༔ བཀའ་སྲུང་ཐམས་ཅད་བྲན་དུ་ཁོལ་བས་མཚན་བློ་ལྡན་མཆོག་སྲེད་དུ་གྲགས༔ མ་ར་ཏི་ཀའི་བྲག་ཕུག་ཏུ་སངས་རྒྱས་ཚེ་དཔག་མེད་ཀྱིས་དབང་བསྐུར༔ འཆི་མེད་ཚེའི་རིག་འཛིན་ཐོབ༔ ཟ་ཧོར་ཡུལ་དུ་མེ་དཔུང་མཚོ་རུ་བསྒྱུར་བས་ཟ་ཧོར་ཆོས་ལ་བཀོད་དོ༔ མཚན་པདྨ་སཾ་བྷར་གྲགས༔ རྒྱ་གར་ཕྱོགས་བཞིར་ལྷ་སྲིན་ཐམས་ཅད་བཏུལ༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ་བས་མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས༔ རྒྱ་གར་


CMR019_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་འདྲེ་ཐམས་ཅད་བཀའ་དང་དམ་ལ་མ་འདུས་པ་གཅིག་ཀྱང་མེད་དེ༔ ཀུན་གྱིས་སྲོག་སྙིང་ཕུལ་ནས་བསྟན་པ་སྲུང་བའི་ཆད་མདོ་བྱས༔ དེ་ནས་བལ་ཡུལ་ཡང་ལེ་ཤོད་དུ་རྡོ་རྗེ་ཕུར་པ་བསྒྲུབས་ནས་བལ་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ ཕུར་སྲུང་བཅུ་དྲུག་གིས་སྲོག་སྙིང་ཕུལ༔ གཞན་ཡང་ལི་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ གཡའ་རི་དང་གངས་རི་བྲག་ཕུག་ཏུ་མ་བདུད་དྲེགས་པའི་ཚོགས་ཐམས་ཅད་བཏུལ་ཏེ་སྲོག་སྙིང་ཕུལ༔ ཨ་སུ་རའི་བྲག་ཕུག་ཏུ་མ་མོ་བརྟན་མ་ཐམས་ཅད་དམ་ལ་བཏགས་ཏེ་སྲོག་སྙིང་ཕུལ༔ བལ་བོད་ས་མཚམས་སུ་ལྷོ་བལ་གྱི་ལྷ་སྲིན་ཀུན་གྱིས་བསྐྱལ་ཞིང་ཕྱག་འཚལ༔ སྲོག་སྙིང་ཕུལ་ནས་བསྟན་པ་སྲུང་བར་དམ་བཅས༔ དེ་ནས་མང་ཡུལ་བྱམས་སྤྲིན་ལྷ་ཁང་དུ་མང་ཡུལ་གྱི་ལྷ་འདྲེ་ཐམས་ཅད་བཏུལ༔ སྲིད་པའི་མ་མོ་དམ་ལ་བཏགས་ནས་མ་སྲིང་བཀའི་སྲུང་མར་བསྐོས༔ སྨྱོ་འདྲེ་དང་བྲག་སྲིན་ཐམས་ཅད་རྡུལ་དུ་བརླག༔ ཐམས་ཅད་བཀའ་འབངས་སུ་བྱས་ཏེ་བཀའ་རྟགས་བྲག་ལ་ཞབས་རྗེས་བཞག་ནས༔ དུས་ཀྱི་མཐའ་ལ་བསྟན་པ་དར་བར་མཛད༔ རྡོ་རྗེ་ལེགས་པ་གཙུག་ལག་


CMR019_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྲུང་མར་བསྐོས༔ ཞང་ཞུང་གི་དགྲ་བླ་མོ་ལ་སོགས་པ་མངའ་རིས་སྟོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ དགྲ་བླའི་རྒྱལ་མོ་སྡངས་ཤིང་སྐྲག་སྟེ་སྲོག་སྙིང་ཕུལ༔ བོན་གྱི་ནག་མོ་སྟག་རི་རོང་ཡང་མངའ་འབངས་སུ་བྱས༔ ཁྱུང་ལུང་རྡོ་རྗེ་སྤྱན་གཅིག་མ་ལ་སོགས་པ་ཕུག་བདག་དགུ་དམ་ལ་བཏགས༔ ཏི་སེའི་ལྷ་བཙན་ལ་སོགས་པ་བཙན་རིགས་ཉི་ཤུ་རྩ་དགུ་དམ་ལ་བཏགས༔ སྲིད་པ་རྒྱུད་དགུས་སྲོག་སྙིང་ཕུལ༔ གནམ་སྨན་དཀར་མོ་བཏུལ་ནས་བྱང་སྨན་དགུ་བྲན་དུ་བཀོལ༔ འབྲོག་མོ་དགུའི་རང་རང་སྲོག་སྙིང་ཕུལ་དེ་ནས་དབུས་གཙང་དུ་བྱོན་ནས༔ ཡང་ལེ་བེར་ལ་སོགས་པ་སྟོད་ལུང་གི་བཙན་རྣམས་བཀའ་སྲུང་དུ་བསྐོས༔ བྱང་གི་བཙན་ཐམས་ཅད་བྲན་དུ་བྱས༔ གཞན་ཡང་གུ་གེ་སྟོད་སྨད༔ དོལ་ཕུ༔ གློ་བོ་རོང་ཁ༔ མང་ལུང་༔ ཀུ་ཐང་གི་ཆེ་བའི་བདུད༔ དྲག་པོའི་བཙན༔ བཙུན་པའི་དམུ༔ གདུག་པའི་ཀླུ༔ བྱིང་ཆེ་བའི་རྒྱལ་པོ་དང་ཐེའུ་རང་༔་གཉེན་པོ་ཁ་བཞི༔ མགྱོགས་པ་སྡེ་བརྒྱད་ཐམས་ཅད་ཀྱིས་རང་དམ་སྲོག་སྙིང་ཕུལ༔ བཀའ་འབངས་བྲན་གཡོག་བྱེད་པར་དམ་བཅས༔ མང་ཡུལ་ཁ་ལའི་ལ་ཐོག་ཏུ༔ འོ་དེ་


CMR019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གུང་རྒྱལ་ལ་སོགས་པ་སྲིད་པའི་ལྷ་ཆེན་ཐམས་ཅད་དམ་ལ་བཏགས༔ དཔལ་མོའི་མཚོ་སྨན་མིང་སྲིང་ལ་སོགས་པ་སྨན་དང་ཡུལ་ས་ཐམས་ཅད་དམ་ལ་བཏགས། བྲིན་གྱི་ལྷ་སྨན་ལ་སོགས་པ་ལྷོ་བོད་ཀྱི་ཕུག་བདག་ཐམས་ཅད་དམ་ལ་བཏགས༔ རོང་ཁ་སྡེ་བཞི་ཡན་ཆོད་ཀྱི་ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ སྲོག་སྙིང་མདངས་གསོལ་དུ་ཕུལ་ནས་བྲན་འཁོར་བྱེད་པར་དམ་བཅས༔ དཔལ་མོ་དཔལ་ཐང་དུ་ཤ་མེད་གངས་དཀར་དམ་ལ་བཏགས༔ བརྟན་མའི་ཚོགས་ཐམས་ཅད་ཀྱིས་རང་རང་གི་སྲོག་སྙིང་ཕུལ༔ གཙང་དང་ལ་སྟོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་སློབ་དཔོན་ལ་མཆོད་པ་རྒྱ་ཆེན་པོའང་ཕུལ༔ གནམ་མཚོ་ཕྱུག་མོའི་འགྲམ་དུ་ལྷའི་དགེ་བསྙེན་དྲེགས་པ་ཅན་ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ གཙང་གཡས་རུ་ལྷོ་བྱང་གི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཤངས་དང་འོ་ཡུག་གི་སོ་མཚམས་སུ་བརྟན་མ་བཅུ་གཉིས༔ སྐྱོང་མ་བཅུ་གཉིས༔ བཅུ་གཉིས་དམ་ལ་བཏགས༔ ལྕེ་ཕུ་ཤ་ཕོ་ལུང་བརྒྱད་དུ་ཡར་ལྷ་ཤམ་པོ་དམ་ལ་བཏགས༔ སྐུ་ལྷ་ཐང་ལྷའི་རྩ་བ་རུ་ཐང་ལྷ་ཡར་ཞུད་དམ་ལ་བཏགས༔ བྱང་ཐང་འཕན་


CMR019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བྱང་ཕུག་མ་རྣམས་དབང་དུ་བསྡུས༔ ཡེ་ཤེས་མེའི་ཏིང་ངེ་འཛིན་གྱིས་གནོད་སྦྱིན་ཐམས་ཅད་གཟིར་ནས་བཀའ་ཉན་བྲན་དུ་བྱས༔ སྟོད་ལུང་གྲམ་ཚལ་གོང་ཀ་རུ་བཙན་ཐམས་ཅད་དམ་ལ་བཏགས༔ བྱང་ཕུག་དང་གནམ་ཕུག་ཏུ་བདུད་ཐམས་ཅད་དམ་ལ་བཏགས༔ གཡའ་རི་དང་གཡའ་གོང་དུ་རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ མལ་གྲོ་ལུང་པའི་ཕུ་སྟོད་དུ་མལ་གྲོ་གཟི་ཆེན་ལ་སོགས་པ་ཀླུ་ཐམས་ཅད་དམ་ལ་བཏགས༔ ཧས་པོ་རིའི་རྩེ་མོ་ན་རྨ་ཆེན་སྤོམ་ར་དམ་ལ་བཏགས༔ གཞན་ཡང་དབུས་གཙང་རུ་བཞི༔ མདོ་ཁམས་སྒང་གསུམ༔ རྒྱ་བོད་ཀྱི་ལྷ་འདྲེ་ཐམས་ཅད་བཀུག་ནས་དམ་ལ་བཏགས༔ ཟིལ་གྱིས་མནན་པས་མཚན་རྡོ་རྗེ་གྲོ་ལོད་ཅེས་གྲགས་སོ༔ དེའི་ཚེ་ཕུང་སྟག་འུར་བ་མི་ཟན་གྱིས་མི་ཐམས་ཅད་གསོན་པོར་ཟ་བ་དེ་སྟག་ཚང་སེང་གེ་ཕུག་ཏུ་བྱོན་ནས་ཞབས་འོག་ཏུ་མནན་ནས་དམ་ལ་བཏགས༔ བོད་དུ་སྟག་གིས་གནོད་པ་མེད་པར་མཛད༔ སྟག་གི་རིགས་ཐོབ་པའི་གུང་རྣམས་ཀྱི་རྒྱབ་ཏུ་ཕྱག་རྗེས་རེ་བྱིན་གྱིས་བརླབས་ནས༔ མི་ལ་མི་དགྲ་བར་མཛད་པའི་ཕྱིར༔ རྡོ་རྗེ་གྲོ་ལོད་སྟག་གི་སྟེང་ན་བཞུགས་པ་ཡང་དེའི་དོན་ཡིན་


CMR019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ རྡོ་རྗེ་གྲོ་ལོད་ཀྱིས་ལྷ་འདྲེ་ཐམས་ཅད་གཅིག་ཀྱང་མ་ལུས་པ་བསྡུས་ནས་བཀའ་སྩལ་པ༔ མ་འོངས་པའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་ཙམ་འཛིན་ཅིང་འདོན་པ་རྣམས་ལ་ཡང་ཁྱེད་ལྷ་སྲིན་གཏེར་སྲུང་རྣམས་ཀྱིས་གཡོ་སྒྱུ་མེད་ཅིང་བསམ་པ་ཐག་པ་ནས་དད་ཅིང་གུས་པས་སྤྱི་བོའི་གཙུག་ཏུ་བཀུར་བ་དང་༔ དེའི་དགོས་པ་གང་ཡིན་པ་ཐམས་ཅད་མ་ལུས་པར་མྱུར་དུ་སྒྲུབས་པར་གྱིས་ཤིག གལ་ཏེ་དེ་ལྟར་མ་བྱས་ན་ལྷ་སྲིན་གང་ཡིན་དེའི་མགོ་བོ་འགས་ཤིང་༔ ལུས་དང་སྙིང་གཏུབ་ཅིང་རུལ་ནས་ཁྲོ་བོ་ཡཀྵ་མེ་དབལ་གྱིས་དེའི་སྙིང་ཁྲག་འཇིབས་ཤིང་འཐུང་ནས༔ ཕྱི་མ་རབ་ཏུ་ཚ་བའི་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཅིག ཅེས་གསུངས་པས༔ དེའི་ཚེ་ལྷ་འདྲེ་ཐམས་ཅད་རྒྱུ༔ ཀྱིས་ཁས་བླངས་དམ་བཅས་ནས་ཐ་ཚིག་གི་མནའ་བོར་རོ༔ དེའི་ཕྱིར་ན་རྡོ་རྗེ་གྲོ་ལོད་ཀྱི་དབང་ཐོབ་ཕྱིན་ཆད་ལྷ་འདྲེ་གང་གིས་ཀྱང་གནོད་པ་མི་བྱེད་པར་སྡོང་གྲོགས་བྱེད་པ་ཡིན་ནོ༔ དེ་ལྟ་བུའི་དབང་ཟབ་ཅིང་གཉན་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ གྲོ་ལོད་བླ་མ་དབྱེར་མེད་ལ༔ གསོལ་བ་འདེབས་སོ་


CMR019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་སྩོལ༔ ལན་གསུམ༔ ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བདག་ནི་རྟག་པར་སྐྱབས་སུ་མཆི༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ སྡིག་བྱས་ཐམས་ཅད་མཐོལ་ལོ་བཤགས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས༔ དགེ་བྱས་ཀུན་ལ་རྗེས་ཡི་རང་༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས༔ ཆོས་སྟོན་མཛད་པར་བདག་གིས་བསྐུལ༔ རྫོགས་པའི་སངས་རྒྱས་ཐམས་ཅད་ནི་མྱ་ངན་མི་འདའ་བཞུགས་པར་འཚལ༔ བདག་གིས་དེ་ལྟར་གསོལ་བཏབ་པའི༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ ཉུང་ན་དམ་ཆུ་སྦྱིན༔ མང་ན་ཀུ་ཤས་གཏོར༔་དམ་ལ་མ་འདའ་མཐོ་རིས་སྐྱེ༔ དཀྱིལ་འཁོར་ལྷ་ཡི་ཞལ་ཡང་མཐོང་༔ གལ་ཏེ་དམ་ལ་འདས་ན་ནི༔ རྡོ་རྗེ་དམྱལ་བར་ལྟུང་བར་བྱེད༔ དེ་ཕྱིར་དམ་ལས་མ་འདའ་ཞིག པཉྩ་ཨ་མྲྀ་ཏ་དྷ་ཀ་ཁཱ་ཧཱུྃ་ཕཊ༔ ཅེས་བླུད་ནས་ཀུ་ཤས་སློབ་མ་བྲན་ཚུལ་བྱས་ན་ལེགས༔ ད་དབང་ཞུ་བའི་ཡུལ་གཏོར་མ་དང་༔ དབང་ཞུ་བ་པོ་སློབ་མ་ཁྱེད་རང་རྣམས་སོ་སོར་འདི་ལྟར་དུ་གསལ་ཐོབ་ཅིག༔ ཧཱུྃ་ལས་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་


CMR019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བགྲད་པ༔ ཞལ་མཆེ་བ་དང་བཅས་པས་ཨོཾ་གཙིགས་བསྡམས་པ༔ རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པ་ལ་དར་དམར་པོའི་ཅོད་པན་འཕུར་བ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང་གཡོན་གནམ་ལྕགས་ཀྱི་ཕུར་པ་མེ་འབར་བས་དགྲ་བགེགས་ལ་གཟིར་བ༔ སྐུ་ལ་ཟ་འོག་གི་ཕོད་ཁ་སྔོན་པོ་ཀླུབས་ཆེན་དང་༔ མཐང་ཤམ་དང་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་གསོལ་བ༔ མི་མགོ་ལྔ་བཅུའི་ཕྲེང་བ་སེར་རལ་ཁར་བྱས་ཤིང་སྙན་གཉིས་ལ་དུང་གི་ཝང་མིག་གིས་མཚན་པ༔ ཞབས་གཉིས་ལ་སག་ལྷམ་གསོལ་ཞིང་སྟག་མོ་དྲུས་མའི་སྟེང་དུ་འདོར་ཐབས་སུ་བཞུགས་པ༔ སྐུ་ལས་མེ་རི་དམར་ནག་ཏུ་མཆེད་ཅིང་འཕྲོ་བ༔ དེའི་ཐུགས་ཀར་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་རྡོ་རྗེ་གྲོ་ལོད་དཔག་ཏུ་མེད་པ་འུར་སྒྲ་ཆེམ་སྒྲ་དང་བཅས་ཏེ་བྱོན་ནས་གཏོར་མ་དང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་རྩེ་གཅིག་ཏུ་སྒོམས་ཤིག དབྱངས་རོལ་མོ་སྤོས་དང་བཅས་པས༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཡུལ་ནི་གངས་ཅན་


CMR019_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ཡུལ༔ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་དབྱངས་བྱས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ༔ ཡེ་ཤེས་པ་དེ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ༔ སྐུའི་དབང་ལ་བུམ་པ་རུང་༔ གཏོར་མས་ཆོག༔ ད་མདུན་བསྐྱེད་རྡོ་རྗེ་གྲོ་ལོད་ཀྱི་དཔྲལ་བ་ནས་ཧཱུྃ་དཀར་པོ་མང་པོ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས༔ ལུས་ཧཱུྃ་དཀར་པོས་ལྟེམ་མེར་གང་བར་སྒོམས་ཤིག༔ གཏོར་མ་བཟུང་དབྱངས་དང་བཅས༔ ཧཱུྃ༔ བདུད་དང་དམ་སྲི་འདུལ་བའི་ཕྱིར༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐལ་ལྡན་འདི་ལ་བྱིན་གྱིས་རློབས༔ སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ས་མ་ཡ་སྟེ་ཀཱ་ཡ་ཨ་བྷི་ཤིཉྩ་ཨཱཿ ཞེས་གཏོར་མ་སྤྱི་བོར་བཞག༔ ལོག་འདྲེན་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་


CMR019_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་གཏོར༔ དེས་ལུས་ཀྱི་ན་ཚ་ཞི༔ སྐུའི་བྱིན་རླབས་ཞུགས༔ ལུས་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བསྒོམ་པ་དབང་བ་སྐུའི་དབང་ཡིན༔ ཡང་་མདུན་བསྐྱེད་རྡོ་རྗེ་གྲོ་ལོད་ཀྱི་མགྲིན་པ་ནས་ཧཱུྃ་ཡིག་དམར་པོ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས༔ ལུས་ཐམས་ཅད་ཧཱུྃ་དམར་པོས་ལྟེམ་མེར་གང་བར་སྒོམས་ཤིག༔ ཧཱུྃ༔ བདུད་དང་དམ་སྲི་འདུལ་མཛད་པའི༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐལ་ལྡན་འདི་ལ་བྱིན་གྱིས་རློབས༔ གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ས་མ་ཡ་ས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག༔ ལོག་འདྲེན་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་དག་ལྐུགས་ཞི༔ གསུང་གི་བྱིན་རླབས་ཞུགས༔ ངག་གསང་བ་གསེར་གྱི་འབྲུ་གཅིག་ཧཱུྃ་བསྙེན་པར་དབང་བ་གསུང་གི་དབང་ཡིན༔ ཡང་མདུན་བསྐྱེད་རྡོ་རྗེ་གྲོ་ལོད་ཀྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས་ལུས་ཐམས་ཅད་ཧཱུྃ་མཐིང་ནག་གིས་མེར་གྱིས་གང་བར་སྒོམས་


CMR019_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ ཧཱུྃ༔ བདུད་དང་དམ་སྲི་འདུལ་བའི་ཕྱིར༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐལ་ལྡན་འདི་ལ་བྱིན་གྱིས་རློབས༔ ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ས་མ་ཡ་སྟེ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་གཏོར༔ དེས་སེམས་ཀྱི་སྨྱོ་འབོག་ཞི༔ ཐུགས་ཀྱི་བྱིན་རླབས་འཇུག༔ རྫོགས་པ་ཆེན་པོ་བསྒོམ་པར་དབང་བ་ཐུགས་ཀྱི་དབང་ཡིན༔ དེ་ནས་གཏོར་མ་རྡོ་རྗེ་གྲོ་ལོད་དུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པས་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་ལ་བརྟེན་ནས༔ རྔ་ཡབ་གླིང་ནས་ཨུ་རྒྱན་ཆེན་པོའི་ཐུགས་རྒྱུད་བསྐུལ་ཏེ༔ སྐུ་ལས་རྡོ་རྗེ་གྲོ་ལོད་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས་དང་༔ གསུང་ལས་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་དང་༔ ཐུགས་ལས་གསེར་གྱི་རྡོ་རྗེའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས༔ ཁྱེད་རང་རྣམས་ལ་ཐིམ་ཞིང་མཐར་གཏོར་མ་རྡོ་རྗེ་གྲོ་ལོད་དུ་གསལ་བ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས༔ ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་༔


CMR019_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲོ་ལོད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ནས་ལྷ་སྲིན་སྡེ་བརྒྱད་གང་གིས་ཀྱང་གླགས་མི་རྙེད་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར་པ་རྩེ་གཅིག་ཏུ་སྒོམས་ཤིག གཏོར་མ་ལག་ཏུ་བཟུང་ལ༔ ཧཱུྃ༔ བདུད་དང་དམ་སྲི་འདུལ་མཛད་པའི༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐལ་ལྡན་འདི་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ ཁྱད་པར་དུ་གུ་རུ་རྡོ་རྗེ་གྲོ་ལོད་འཁོར་རིག་འཛིན་ཌཱཀི་བྱེ་བ་འབུམ་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ གཟའ་ཀླུ་རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གག་ལྷོག་གཟེར་གསུམ་བརྒྱལ་ནད་སྨྱོ་འབོག་གི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ དུས་མ་ཡིན་པའི་འཆི་བ་དང་ཆག་ཆེན་ཉམ་ང་ཐམས་ཅད་ཟློག་པར་མཛད་དུ་གསོལ༔ འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་


CMR019_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་མཛད་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ས་མ་ཡ་སྟཱ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧོ༔ མེ་ཏོག་གཏོར་ལ༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ འོ་དེས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་ནས་ལུས་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བསྒོམ༔ ངག་ཧཱུྃ་གི་བསྙེན་པ་ལ་འབད༔ སེམས་རྫོགས་པ་ཆེན་པོ་བསྒོམ༔ ཟ་འཐུང་ཕུད་ཀྱིས་ཨུ་རྒྱན་མཆོད༔ ད་ནས་བཟུང་སྟེ་ཨུ་རྒྱན་རིན་པོ་ཆེ་ལ་སྐྱབས་གནས་ཞུ་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ གཏང་རག་གི་མཎྜལ་ཕུལ༔ ཞེས་པ་འདིའི་དབང་ཚིག་དངོས་བསྟན་རྣམས་ནི་སྤྲུལ་སྐུའི་དགོངས་གཏེར་ཡིན་ལ༔ གཞན་ཡང་འབྲི་གུང་ལུགས་དང་༔ བདུད་འདུལ་རྡོ་རྗེའི་ལུགས་ཀྱི་གྲོ་ལོད་ཀྱི་དབང་རྒྱས་པ་དང་༔ རཏྣ་ལུགས་དང་པད་གླིང་དང་ཉང་ལུགས་སོགས་ཧཱུྃ་སྒྲུབ་ཀྱི་ལུགས་ནི་ཤིན་ཏུ་མང་བ་ཐོབ་པས༔ བརྒྱུད་པ་ཉེ་རིང་གང་འདོད་ལ་དད་ཀྱང་རུང་སྟེ༔ དོན་ལ་ཐམས་ཅད་འདྲ་བར་འདུག་གོ༔ ཞེས་པ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་བཀོད་པ་ལ་ཉེས་འགལ་ཐམས་ཅད་གུ་རུ་རིན་པོ་ཆེ་ལ་བཤགས་ཤིང་༔ དགེ་བས་འགྲོ་དོན་ཕན་ཐོགས་རྒྱ་ཆེན་པོ་


CMR019_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་གྱུར་ཅིག༔ ༔ མངྒ་ལཾ༔ དགེའོ༔ དགེའོ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྣང་བཟོ་རིག་པ་ནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR019_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གཏོར་དབང་དགོངས་གཏེར་ལུགས་ཏེ་གཏེར་ཁ་སྤྱི་ཁྱབ་གང་ལའང་སྦྱར་རུང་བ་ཞིགnext