Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
བཀའ་གཏེར་སྤྱི་ཁྱབ་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་།
   
   
   
   
   
   
   
   
   
   
   
   


 
previousབཀའ་གཏེར་སྤྱི་ཁྱབ་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་།next

བཀའ་གཏེར་སྤྱི་ཁྱབ་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་།


CMR019_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་སྤྱི་ཁྱབ་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་སྟེ༔ འདི་བཀའ་བརྒྱད་གང་རུང་གི་དབང་ཐོབ་ནས་བསྐུར་རུང་བ་འགྲོ་དོན་ཆེའོ༔


CMR019_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཧེ་རུ་ཀ་ཡེ༔ སྒྲུབ་པ་བཀའ་བརྒྱད་གཏོར་དབང་བྱ་བ་ནི༔ གཏོར་མ་རིན་ཆེན་འབར་བ་པད་སྒོར་ཅན༔ དཔལ་དགུའི་ཆེ་མཆོག་ཙཀྱི་ཡོད་ན་འཛུགས་སྨན་རཀ་ལ་སོགས་མཆོད་པ་འཛོམས་ན་བཤམས༔ སྐྱབས་སེམས་སྤྱི་འགྲོས་ད་ནངས་སོང་བས་འཐུས༔ བདག་དང་གཏོར་མ་སོ་སོར་ལྷར་གསལ་བཏབ༔ རང་དང་གཏོར་མ་སོ་སོར་སྐད་ཅིག་ལ་ཀུན་བཟང་འོད་དུ་ཞུ་བ་ལས་བྱུང་བའི༔ ཆེ་མཆོག་ཧེ་རུ་ཀ་སྨུག་ནག་དབུ་ཉི་ཤུ་རྩ་གཅིག༔ ཕྱག་བཞི་བཅུ་ཞེ་གཉིས༔ དེའི་ཐུགས་ཀར་ཆེ་མཆོག༔ དབུ་དགུ་ཕྱག་བཅོ་བརྒྱད་པ༔ དེའི་ཐུགས་ཀར་ཆེ་མཆོག་དབུ་གསུམ་ཕྱག་དྲུག་པ༔ དེའི་ཐུགས་ཀར་ཡང་དག་པར་


CMR019_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པ༔ རྒྱུ་དང་འབྲས་བུའི་ཏིང་ངེ་འཛིན་གྱི་ཚུལ་དུ་དམ་ཚིག་ཡེ་ཤེས་དབྱེར་མེད་གསེར་དང་འོད་ཀྱིས་རྣམ་པར་གསལ་བར་གྱུར༔ དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་ལ༔ ཤར་དུ་ཡང་དག་ཐུགས༔ ལྷོར་འཇམ་དཔལ་སྐུ་ནུབ་ཏུ་པདྨ་གསུང་༔ བྱང་དུ་ཕུར་པ་ཕྲིན་ལས༔ མཚམས་བཞིར་མ་མོ་རྦོད་གཏོང་༔ དམོད་པ་དྲག་སྔགསཾ༔ འཇིག་རྟེན་མཆོད་བསྟོད༔ རིག་འཛིན་སློབ་དཔོན༔ ཐམས་ཅད་ཀྱང་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་གསལ་བར་གྱུར༔ ཧཱུྃ༔ དེ་ལྟར་


CMR019_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་དགུའི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་བཅས་དང་༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔་མ་བཅོས་ལྷུན་གྲུབ་ཛཧཱུྃ་བཾ་ཧོས༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩིས་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ གཉིས་མེད་བླང་དོར་་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་སུ་ཁ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས༔ ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ཤར༔ མཐའ་ཡས་དཔག་མེད་ཡེ་


CMR019_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེ་འོད་འབར༔ བར་ཆད་སྡིག་སྒྲིབ་བསྲེགས་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་དང་སོ་སོའི་སྔགས་བཟླས་ཀྱང་ལེགས་ལ༔ སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་འདི་བཟླས་ཀྱང་ཆོག༔ ཨོ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ལ་སོགས་ཅི་ལྕོགས་བཟློས་པས་དབང་བསྒྲུབས་སོ༔ འདི་ཡན་བཀའ་བརྒྱད་ལ་འབྲེལ་འཇོག་འདོད་པས་རྒྱུན་ཁྱེར་བྱས་ཀྱང་རུང་ངོ་༔ ཁྲུས་མཎྜལ་བགེགས་གཏོར་བཏང་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་ཞིག་བསྐུར་བ་ཡིན་ཏེ༔ སྔོན་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཁྲོ་བོའི་དཀྱིལ་འཁོར་དུ་སྤྲུལ་ནས༔ བདུད་དང་དྲེགས་པ་ཐམས་ཅད་བཏུལ༔ དེའི་ཚེ་དཔལ་དགུ་སོ་སོའི་རྒྱུད་དང་༔ ཡོངས་རྫོགས་གསང་བ་འདུས་པའི་རྒྱུད་ལ་སོགས་པ་གསུངས་པ་རྣམས༔ བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱི་བཀའི་བསྡུ་བ་བྱས་ནས༔ གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ༔ མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་ནས༔ དུར་ཁྲོད་བསིལ་བ་ཚལ་གྱི་རང་བྱུང་གི་མཆོད་རྟེན་ལ་སྦས་ཏེ༔ མཁའ་འགྲོ་མ་


CMR019_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་མ་སྲིན་རྣམས་ཀྱིས་མཆོད་པ་བྱེད་པ་ལ༔ ཕྱིས་རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་བཀའ་བརྒྱད་ཀྱི་བྱེ་བྲག་གི་རྒྱུད་རྣམས་དང་༔ གུ་རུ་པདྨས་ཡོངས་རྫོགས་ཀྱི་རྒྱུད་རྣམས་གཏེར་ནས་བཏོན༔ མཁའ་འགྲོ་དང་རིག་འཛིན་རྣམས་ཀྱིས་དབང་བསྐུར༔ དུར་ཁྲོད་ཆེན་པོ་བརྒྱད་དང་བལ་ཡུལ་ཡང་ལེ་ཤོད་དུ་བསྒྲུབས་པས༔ ལྷ་ཚོགས་ནམ་མཁའི་སྐར་མ་ཙམ་ཞལ་གཟིགས༔ སྡེ་དཔོན་སུམ་ཅུ་དང་དྲེགས་པ་བཅོ་བརྒྱད་སོགས་ཀྱིས་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན༔ ལྷ་སྲིན་དམ་ལ་བཏགས་ནས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་སོགས་བཞེངས༔ དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཀའ་བ་མེད་པར་མྱུར་དུ་སངས་རྒྱ་བའི་གདམས་ངག་ཞུས་པས༔ བཀའ་བརྒྱད་ཀྱི་དབང་བསྐུར་གདམས་པ་བསྟན་པས༔ རྗེ་འབངས་རྣམས་གྲུབ་པ་ཐོབ་ནས༔ སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གྲུབ་ནས་ནམ་མཁའ་ལ་འཕུར༔ ཉི་ཟླ་གདན་དུ་བཏིང་༔ བྲག་ལ་ཕུར་པ་བཏབ༔ རྒྱལ་བ་མཆོག་དབྱངས་ཀྱིས་རྟ་མགྲིན་གྲུབ་ནས༔ དབུ་གཙུག་ནས་རྟ་དབུ་བཏོན་ནས་རྟ་སྐད་འཛམ་གླིང་ཁྱབ་པར་བསྒྲགས༔


CMR019_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོས་ཡང་དག་གྲུབ་ནས༔ ཉི་ཟེར་ལ་ཆིབས་ཤིང་ཚེའི་རིག་འཛིན་ཐོབ༔་གཉགས་ཛྷཱ་ནས་ཆེ་མཆོག་གྲུབ་ནས༔ རྫུ་འཕྲུལ་དང་ལྡན་ཞིང་སྐུ་སྐྱེ་བ་ཕྱི་མར་ཏེ་ལོ་ཤེས་རབ་བཟང་པོར་གྱུར༔ ཡེ་ཤེས་མཚོ་རྒྱལ་གྱིས་ཕུར་པ་གྲུབ་ནས་བསད་པའི་མི་རོ་གསོན་པོར་བསྒྱུར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་དྲོད་གཏོང་འགྲུབ་སྟེ་མ་མོ་དངོས་སུ་རྦད༔ གླང་དཔལ་གྱི་ཡེ་ཤེས་ཀྱིས་སྡེ་བརྒྱད་བྲན་དུ་ཁོལ༔ བེ་རོ་ཙ་ནས་ཡེ་ཤེས་ཀྱི་སྤྱན་ཐོབ༔ ཁྲི་སྲོང་ལྡེའུ་བཙན་གྱིས་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་གཞན་ཡང་གྲུབ་པ་ཐོབ་པ་དཔག་ཏུ་མེད་པ་བྱུང་༔ དེ་ནས་གནུབས་སངས་རྒྱས་ཡེ་ཤེས་སོགས་ནས་བརྒྱུད་པའི་བཀའ་བརྒྱུད་བཀའ་མ་དང་༔ མངའ་བདག ཉང་༔ གུ་རུ་ཆོས་དབང་༔ རིག་འཛིན་རྒོད་ལྡེམ་ཅན་སོགས་ཀྱི་གཏེར་མ་དང་༔ རཏྣ་གླིང་པའི་དག་སྣང་ཡང་ལེ་ཤོད་མ་སོགས་སྙན་བརྒྱུད་དང་༔ དུས་ཕྱིས་འཇའ་ཚོན་པའི་གཏེར་མ་དང་༔ གནམ་ཆོས་དགོངས་གཏེར་སོགས་བརྒྱུད་པ་མང་པོ་ལས་ཅི་རིགས་པར་ཐོབ་པ་ཡིན་ལ༔ རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམས་གློག་ལས༔ གསང་བའི་ཐེག་པ་འདི་ཐོས་པའི་


CMR019_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ནི༔ མིང་ཙམ་ཐོས་པས་ཀྱང་ངན་འགྲོ་ལས་སྐྱོབ་པར་འགྱུར་རོ༔ ཞེས་གསུངས་པ་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན༔ སྒྲུབ་ཆེན་འདི་ཡི་མིང་ཙམ་དུ་གང་འཛིན༔ ཨུ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་དང་༔ པདྨ་ང་ཡི་སྲོག་གི་དྭངས་མ་སྟེ༔ དུས་གསུམ་རྒྱལ་བའི་སྲོག་སྙིང་འདི་ཁོ་ན༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་འདི་ཀ་ཟབ༔ འདི་འཆིང་ཨུ་རྒྱན་ང་དང་འདུ་འབྲལ་མེད༔ རིག་འཛིན་བརྒྱད་འདུས་དམ་ཅན་བྲན་དུ་ཁོལ༔ ཡང་ཟབ་སྙིང་པོ་མར་གྱི་སྙིང་ཁུ་ཕྱུང་༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་པ༔ ཐམས་ཅད་ཐམས་ཅད་མ་ལུས་འདིས་འགྲུབ་སྟེ༔ དེ་ཕྱིར་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཡིན༔ ཚིག་ཚོགས་མང་བས་མི་ཟབ་དོན་ལ་འདི༔ ཨུ་རྒྱན་ང་ཡི་ཐུགས་བཅུད་མིན་རེ་ཀན༔ ཞེས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་འདི་རྣམས་ནི༔ གཞན་ལས་ཁྱད་པར་འཕགས་པའོ༔ ཞེས་པའི་ཕྱིར་ན༔ སློབ་དཔོན་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཅིང་༔ མ་འོངས་པ་ནའང་རྗེས་


CMR019_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཐམས་ཅད་འདི་ལས་གྲུབ་པ་ཐོབ་པ་མང་བར་གསུངས་སོ༔ དེས་ན་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་སྒྲུབས་ཤིག ཤོད་ཅིག༔ སྟོན་ཅིག༔ སྒོམས་ཡཾ༔ ཤིག༔ ཅེས་གསུངས་སོ༔ དེ་ལྟ་བུའི་དབང་བྱིན་རླབས་ཁྱད་པར་འཕགས་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཀྱེ༔ རྣམ་གྲོལ་བདེ་བ་ཆེན་པོའི་སྐུ༔ ཟག་པ་མེད་པའི་ཐུགས་མངའ་བ༔ དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ༔ བདག་སོགས་བློ་གྲོས་དམན་པ་རྣམས༔ རྣམ་གྲོལ་བདེ་བའི་གྲོང་ཁྱེར་དུ༔ བཞུགས་ཤིང་བྱིན་གྱིས་བརླབ་ཏུ་་གསོལ༔ ལན་གསུམ་གསོལ་བ་བཏབ༔ བླ་མས༔ འཁོར་བའི་ཚོགས་རྣམས་རབ་སྤངས་ནས༔ ཐར་པའི་གྲོང་ཁྱེར་རབ་འཇུག་པའི༔ བློ་བཟང་བུ་ཁྱོད་ཚུར་ཤོག་ལ༔ སྲིད་ཞི་ཉེས་པ་ལས་གྲོལ་བའི༔ ཐར་པ་ཆེན་པོའི་ཚུལ་སྟོན་པ༔ གསང་སྔགས་ཆོས་མཆོག་གནས་ལ་བཞག༔ ཅེས་གནང་བ་སྦྱིན༔ སློབ་མ་སྐྱབས་སུ་འགྲོ་བ་ནི༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ རྣམ་དག་འགྲོ་བའི་སྐྱབས་གནས་མཆོག༔ ཡོངས་སུ་དག་པ་དེ་རྣམས་ལ༔ བདག་ནི་གུས་པས་སྐྱབས་སུ་འཆི༔ ལན་གསུམ༔ སེམས་བསྐྱེད་ནི༔ དུས་གསུམ་རྒྱལ་བ་


CMR019_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་ཀྱི༔ བླ་མེད་མཆོག་ཏུ་སེམས་བསྐྱེད་ལྟར༔ བདག་བློ་མོས་པའི་སེམས་བསྐྱེད་ནི༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ ལན་གསུམ༔ སྡོམ་པ་བཟུང་བ་ནི༔ ཞི་ཁྲོ་གསང་བའི་དཀྱིལ་འཁོར་དུ༔ སྒྲུབ་ཆེན་མཆོག་གི་དངོས་གྲུབ་མཆོག༔ བླ་མེད་དམ་པ་རབ་བསྒྲུབ་ཅིང་༔ གསང་བའི་དམ་པ་བསྐྱེད་པར་བྱ༔ དམ་ཆུ་སྦྱིན་ནམ་མང་ནི་གཏོར་ཏེ། འདི་ནི་ཡེ་ཤེས་བདུད་རྩི་སྟེ༔ དམ་ཚིག་ཅན་རྣམས་བསྲུང་བྱེད་ཅིང་༔ དམ་མེད་རྣམས་ལ་ཉེས་བྱེད་པའི༔ ཁྱོད་ཀྱིས་དམ་ཚིག་གཉན་པོ་སྲུངས༔ ཨོཾ་པཉྩ་ཨ་མྲྀ་ཏ་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་པ་ནི༔ དྲན་རྫོགས་སློབ་མ་ཁྱེད་རྣམས་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན༔ གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྷ་བསྣམས༔ རྡོ་རྗེ་རིན་ཆེན་གཤོག་གདེངས་ཆས་བརྒྱད་གསོལ༔ གནམ་ཞལ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་འཁྲིལ༔ ཁ་ཊ་གཡས་འཁྱུད་དུང་དམར་གཡོན་ནས་སྟོབས༔ དེ་ལྟར་ཡོངས་རྫོགས་དཔལ་ཆེན་སྐུ་ཉིད་ལ༔ ཀུན་གྱི་བདག་ཉིད་ཡེ་ཤེས་རྩ་བའི་ལྷ༔ སྤྱི་གཙུག་མགྲིན་པ་སྙིང་ག་ལྟེ་བ་རུ༔


CMR019_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྤྱན་གཟིགས་རྡོར་སེམས་ཕྱག་རྡོར་བསྐྱེད༔ རལ་གྲི་ཨུཏྤལ་པད་ཕྲེང་རྡོར་དྲིལ་བསྣམས༔ སྐུ་མདོག་ཕྱག་མཚན་རང་གསལ་སོ་སོར་བསྐྱེད༔ དབུ་ལ་ཐོད་སྐམ་ལྔ་ནང་རིགས་ལྔ་བསྐྱེད༔ དེ་ནས་སྲས་མཆོག་གོ་ཆའི་ལྷ་བསྐྱེད་པ༔ དཔྲལ་བར་འཇམ་དཔལ་མགྲིན་པར་རྟ་མགྲིན་དབང་༔ ཐུགས་ཀར་བཛྲ་ལྟེ་བར་རྡོར་གཞོན་ཆེ༔ གསང་བར་བླ་མེད་སྤྱི་བོར་རིག་པ་འཛིན༔ བར་གཡས་དྲེགས་པ་བརླ་གཡོན་སྟོབས་ལྡན་འཇིག༔ ཀུན་ཀྱང་གཡས་པས་རང་རྟགས་ཕྱག་མཚན་དང་༔ གཡོན་པས་བྷན་འཛིན་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་རིན་ཆེན་གཤོག་རྩེར་ཀླུ་འདུལ་ཡེ་ཤེས་ཁྱུང་༔ ཕོ་མོ་དཀར་ནག་ཁྲོ་བོ་ཁྲོ་མོ་དང་༔ ཡང་སྤྲུལ་འཁོར་ཚོགས་རྔམ་འཇིགས་རག་པར་སྐབསྐྱེད༔ རང་རང་ཐུགས་ཀར་མཐིང་ནག་ཧཱུྃ་བསྐྱེད་དེ༔ དེ་ལས་འོད་ཟེར་འཕྲོས་པས་བདེ་གཤེགས་ཞི་བའི་ལྷ་ཚོགས་རྒྱ་བོད་ཀྱི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འོད་ཟེར་གྱི་ཕུང་པོར་གྱུར་ཏེ་སློབ་མའི་སྤྱི་གཙུག་ནས་ཐིམ་པར་གྱུར༔ སྤོས་དུད་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་


CMR019_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དབྱིངས་ལས་མ་གཡོས་ཀྱང་༔ ལོངས་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཅིག་ཕོབ༔ ཁྱོད་ཀྱི་ཐུགས་རྗེའི་མཆོག་གི་བཟུང་དུ་གསོལ༔ ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱཿ ཅེས་རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་གམ་མང་ན་བཞག་ཚུལ་བྱ་སྟེ༔ ཏིཥྛ་བཛ྄༔ དེ་ནས་དབང་དངོས་ནི༔ ད་གཏོར་མ་འདི་ཉིད་ཆེ་མཆོག་དཔལ་ལྷ་ཚོགས་དངོས་སུ་གསལ་བའི་དབུས་ན་ཆེ་མཆོག་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་འཕྲོས་ནས༔ ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ དབུས་ནས་ཆོས་དབྱིངས་ཡེ་ཤེས་ཆེ༔ ཆེ་མཆོག་གཏོར་དབང་དམ་པ་འདིར༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཆེ་མཆོག་དབང་གི་རྒྱལ་པོར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག༔ མེ་ཏོག་གཏོར་ཞིང་༔ ཧོ༔


CMR019_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་མཆོག་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག དྲིལ་བུ་འཁྲོལ་ལོ༔ ད་ཡང་གཏོར་མ་ལྷར་གསལ་བའི་འཇམ་དཔལ་གཤིན་རྗེའི་གཤེད་ལས་སྐུ་སྔགས་ཕྲེང་ཕྱག་མཚན་འཕྲོས་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ལྷོ་ནས་མཉམ་ཉིད་ཡེ་ཤེས་ཆེ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འདིས་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འཇམ་དཔལ་ལྷ་ཚོགས་འགྲུབ་པར་ཤོག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དཔྲལ་བར་གཏུག་མང་ན་གཏུག་ཚུལ་ལམ་སྤྱི་བོར་ཡང་རུང་༔ ཤིན་ཏུ་མང་ན་དཔལ་དགུ་གསུམ་རེ་ལ་ལན་རེ་འགྲིམ་ནས་བཀའ་བསྒོ་དང་བཞིའི་ཆོག་གོ༔ ཧོ༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པས་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་གཏོར་མ་རྟ་མགྲིན་པདྨ་དབང་ཆེན་གྱི་ལྷ་ཚོགས་ཀྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས་ཁྱེད་རང་གི་མགྲིན་པར་


CMR019_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ནུབ་ནས་སོར་རྟོག་ཡེ་ཤེས་ཆེ༔ པདྨ་དབང་ཆེན་ལྷ་ཚོགས་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ པདྨ་དབང་ཆེན་འགྲུབ་པར་ཤོག༔ ཨོ་རྒྱ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པོར་བསྐུར༔ ཧོ༔ དཔལ་ཆེན་པདྨ་དབང་ཆེན་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཤར་ནས་མེ་ལོང་ཡེ་ཤེས་ཆེ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཡང་དག་ལྷ་ཚོགས་འགྲུབ་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀར་བསྐུར་རོ༔ ཧོ༔ དཔལ་ཆེན་བཛྲ་ཧེ་རུ་ཀ་འཁོར་དང་བཅས་པས་དབང་བསྐུར་བོས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཐུགས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་རྡོ་རྗེ་གཞོན་ནུའི་སྐུ་


CMR019_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྔགས་ཕྲེང་ཕྱག་མཚན་དཔག་ཏུ་མེད་པ་བྱུང་ནས་ལྟེ་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བྱང་ནས་བྱ་གྲུབ་ཡེ་ཤེས་ཆེ༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་གཞོན་ནུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག་ལ༔ ཧོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་བླ་མེད་ཧེ་རུ་ཀ་ཡི་སྐུ་དང་སྔགས་ཕྲེང་ཕྱག་མཚན་དཔག་ཏུ་མེད་འཕྲོས་ནས་གསང་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཤར་ལྷོ་བླ་མེད་ཡེ་ཤེས་ཆེ༔ བླ་མེད་ཧེ་བྷརུ་དམ་པ་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བླ་མེད་ཁྲག་འཐུང་འགྲུབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤཱི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསང་བར་བསྐུར༔ ཧོ༔ དཔལ་ཆེན་པོ་བླ་མེད་ཧེ་རུ་ཀ་ཡབ་ཡུམ་སྲས་དང་འཁོར་དང་བཅས་པས་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཡོངས་


CMR019_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་གཏོར་མ་ལྷ་ཡི་དཀྱིལ་འཁོར་ལས་དྲེགས་པ་ཀུན་འདུལ་གྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་དཔག་མེད་འཕྲོས་ནས་བརླ་གཡས་སུ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ནུབ་བྱང་རོལ་པ་ཡེ་ཤེས་ཆེ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ དྲེགས་པ་ཀུན་འདུལ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཏྟཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པུས་མོ་གཡས༔ ཧོ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་སྟོབས་ལྡན་ནག་པོའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་འཕྲོས་ནས་བརླ་གཡོན་དུ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བྱང་ཤར་དབྱིངས་ཀྱི་ཡེ་ཤེས་ཆེ༔ དཔལ་ལྡན་སྟོབས་ལྡན་ནག་པོ་འདིས་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྟོབས་ལྡན་ཁྲག་འཐུང་འགྲུབ་པར་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཏྟཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པུས་གཡོན་ནོ༔ ཧོ༔ དཔལ་


CMR019_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྟོབས་ལྡན་ནག་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ མེ་ཏོག་འཐོར༔ ཡང་རིག་འཛིན་ཐོད་པ་རྩལ་གྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་འཕྲོས་ནས་སྤྱི་གཙུག་ཏུ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ལྷོ་ནུབ་མཉམ་ཉིད་ཡེ་ཤེས་ཆེ༔ དཔལ་ཆེན་རིག་འཛིན་རྡོ་རྗེ་ཆོས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རིག་འཛིན་ལྷ་ཚོགས་འགྲུབ་པར་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག་ལ་ཧོ༔ དཔལ་ཆེན་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཆོས་སྒོ་ཡོངས་སུ་རྫོགས་པ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར༔ ད་གཏོར་མ་འདི་ཉིད་སྒྲུབ་པ་བཀའ་བརྒྱུད་ཀྱི་ལྷ་ཚོགས་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་གཏིབས་པ་ལྟར་སྤྱི་བོར་བྱོན༔ འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དབང་བསྐུར་བྱིན་རླབས་ཡོངས་རྫོགས་པ༔ ལུས་ངག་ཡིད་གསུམ་ལྷར་གྱུར་


CMR019_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ འཁོར་འདས་ཆོས་ལ་དབང་བསྒྱུར་བའི༔ དབང་དང་དངོས་གྲུབ་ཐོབ་པར་ཤོག༔ བཅོམ་ལྡན་འདས་ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྒྱལ་བ་རིགས་ལྔ༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ༔ རིག་འཛིན་རྡོ་རྗེ་ཆོས༔ མཁའ་འགྲོ་མ་ལས་ཀྱི་དབང་མོ་མ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན༔ གསུང་གི་རིག་འཛིན་ནཱ་ག་རྫུ་ན༔ ཐུགས་ཀྱི་རིག་འཛིན་ཧཱུཾ་ཆེན་ཀཱ་ར༔ ཡོན་ཏན་གྱི་རིག་འཛིན་བི་མ་ལ་མི་ཏྲ༔ ཕྲིན་ལས་ཀྱི་རིག་འཛིན་པྲ་ཆེན་ཧསྟི༔ མ་མོའི་རིག་འཛིན་དྷ་ན་སཾ་སྐེ་ཏ༔ དྲེགས་པའི་རིག་འཛིན་རོམ་བུ་གུ་ཧྱ་དྷེ་ཝ་ཙནྡྲ༔ དྲག་སྔགས་ཀྱི་རིག་འཛིན་ཤཱནྟཾ་གནྡྷ༔ ཀུན་འདུས་ཀྱི་རིག་འཛིན་པདྨ་འབྱུང་གནས༔ བོད་ཀྱི་གྲུབ་ཐོབ་མི་དགུ༔ རྗེ་འབངས་ཉི་ཤུ་རྩ་བདུན། གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་དམ་པ་རྣམས་དང་༔ བདེ་གཤེགས་ཞི་བའི་ལྷ་ཚོགས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས༔ པདྨ་གསུང་གི་ལྷ་ཚོགས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས༔ ཕྲིན་ལས་ཕུར་པའི་ལྷ་ཚོགས༔ མ་མོ་རྦོད་གཏོང་གི་ལྷ་


CMR019_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ བླ་མ་རིག་འཛིན་གྱི་ལྷ་ཚོགས༔ འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས༔ དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་རྣམས་ཀྱིས༔ སྐལ་ལྡན་དམ་ལྡན་གྱི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག ནད་གདོན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག༔ འཁོར་བ་དང་ངན་སོང་གི་སྡུག་སྔལ་ཐམས་ཅད་ལས་སྐྱོབས་ཤིག མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་ཅིག༔ ཕྱི་མ་རིག་འཛིན་གྱི་གོ་འཕང་ཐོབ་པར་མཛད་དུ་གསོལ༔་ཨོ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང༔ ཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ ཧོ༔ སྨིན་འཇོམ་རིག་ནས་རྟོགས་པར་གྱུར་ཅིག༔ སྨིན་འཇོམ་རིག་ནས་བརྟམ་པར་གྱུར༔ སྨིན་འཇོམ་རིག་ནས་གྲོལ་བར་གྱུར་ཅིག༔ ས་མ་ཡ་ཧོ༔ ཞེས་བརྗོད་ནས༔ འོ་དེས་སྒྲུབ་པ་


CMR019_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀྱི་དབང་གཏོར་མ་ལ་བརྟེན་ནས་དབང་རྒྱས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་འཛིན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སྤོས་ཆུ་སོགས། ཞེས་པ་འདི་ནི་དབོན་པོ་བླ་མ་པདྨ་རྒྱལ་མཚན་གྱིས་བསྐུལ་ནས་༧ རཱ་ག་ཨ་སྱས་བྲིས་པ་སྟེ། དབང་ཚིག་རྣམས་ཆོས་དབང་དང་རཏྣ་སོགས་ཀྱི་གཏེར་གཞུང་བྱིན་རླབས་ཆེ་བར་བསམས་ནས་བསྡུས་ཏེ་བྲིས། བཀའ་བརྒྱད་རིགས་དུ་མའི་དབང་ལུང་འབྲེལ་པ་ཡོད་པས་བརྒྱུད་པ་གང་ལ་དེད་ན་ཡང་རུང་བ་དང་། བཀའ་གཏེར་སྤྱི་ཁྱབ་ཡིན་པས་བཀའ་ཡང་བ་དང་། སྟབས་བདེ་བས་སྐྱེ་བོ་ཕལ་པོ་ཆེ་ལའང་འབྲེལ་པ་ཐོགས་པས་བསོད་ནམས་ཆེ་བར་བསམས་ནས་བྲིས་པ་ལ། ཉེས་པ་མཆིས་ན་རིག་འཛིན་བཀའ་སྲུང་རྣམས་ལ་བཤགས་པས་འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག །དགེ་བས་གསང་སྔགས་རྙིང་མའི་ཆོས་འདི་ལ་ཐམས་ཅད་ཀྱིས་འབྲེལ་པ་ཐོགས་ཤིང་། ཆོས་འདི་དར་གྲགས་ལ་ཡུན་རིང་དུ་འགྲོ་དོན་བསམ་གྱིས་མི་ཁྱབ་པར་གྱུར་ནས། ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་གཏེར་སྤྱི་ཁྱབ་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་དབང་།next