Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
བཀའ་གཏེར་ཟུང་འཇུག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག
   
   
   
   
   
   
   
   
   


 
previousབཀའ་གཏེར་ཟུང་འཇུག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོགnext

བཀའ་གཏེར་ཟུང་འཇུག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག


CMR019_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག་བཞུགས་སོ།།


CMR019_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡ་མཱནྟ་ཀ་ཡེ། བཀའ་གཏེར་ཟུང་འཇུག་འཇིགས་བྱེད་དཔའ་གཅིག་གི་དབང་ནི། བུམ་པ་གཏོར་མ་སོགས་དབང་རྫས་བཤམས་ཏེ། རྡོ་རྗེ་འཇིགས་བྱེད་རྟོགས་པ་ལས། །ཆོས་རྣམས་ཆོས་ཉིད་དབྱེར་མེད་པས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ། །མི་ཤིགས་རྟོག་བྲལ་མཚན་མ་མེད། །བདེ་བ་ཆེན་པོ་རྡོ་རྗེའི་སྐུ། །ཞལ་དྲུག་ཕྱག་དྲུག་ཞབས་དྲུག་གམ། །ཡང་ན་ཞལ་གཅིག་ཕྱག་བཞི་པའམ། །ཞལ་གཅིག་ཕྱག་གཉིས་པའམ་རུང་། །མ་ཧེའི་གདོང་གི་སྦྱོར་བ་ཡི། །ཞེས་གསུངས་པ་ལྟར་དྲན་རྫོགས་སུ་དཔའ་བོ་གཅིག་པར་བསྒོམ་སྟེ། དཀོན་མཆོག་གསུམ་དང་རྡོ་རྗེ་འཇིགས་བྱེད་ཀྱི། །ལྷ་ཚོགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་


CMR019_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྲལ་ཕྱིར། །བདག་གིས་བཅོམ་ལྡན་འཇམ་དཔལ་བསྒྲུབ་པར་བྱ། །ཆོས་རྣམས་སྐྱེ་མེད་སྟོང་པའི་རང་རྩལ་ལས། །ཧཱུཾ་ལས་གནམ་ལྕགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་མེད་ཡངས་ཤིང་རྒྱ་ཆེ་བ། །འོག་གཞི་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་།དེ་འོག་ར་ལས་ཁྲག་མཚོ་རྦ་ཀློང་འཁྲུགས། །སྟེང་ཕྱོགས་ཨོཾ་ལས་འཁོར་ལོ་དཀར་པོའི་གུར། །ཤར་ཕྱོགས་ཧཱུྃ་ལས་རྡོ་རྗེ་སྔོན་པོའི་གུར། །ལྷོ་ཕྱོགས་སཱ་ལས་རིན་ཆེན་སེར་པོའི་གུར། །ནུབ་ཕྱོགས་ཧིལས་པདྨ་དམར་པོའི་གུར། །བྱང་ཕྱོགས་ཧཱ་ལས་རལ་གྲི་ལྗང་གུའི་གུར།


CMR019_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱབ་ཧཱུྃ་ལས་ཁྲོ་བོའི་ཚོགས་ཀྱིས་གུར། །དེ་རྒྱབ་དུར་ཁྲོད་ཐོད་པ་སྐམ་རློན་གུར། །དེ་རྒྱབ་ཧཾ་ལས་མཚོན་ཆ་སྣ་ཚོགས་གུར། །དེ་རྒྱབ་རཾ་ལས་བསྐལ་པའི་མེ་དཔུང་གུར། །དེ་དབུས་གྲུ་གསུམ་གླང་རྒོད་ཟུང་བཞིའི་སྟེང་། །བདག་མདུན་བུམ་པའི་ནང་དང་གཏོར་མའི་རྩེར། །པདྨ་ཉི་ཟླ་བམ་གྱི་གདན་སྟེང་དུ། །སེམས་ཉིད་ཧཱུཾ་མཐིང་འོད་ཀྱིས་དོན་གཉིས་བྱས། །གདུག་པ་ཚར་གཅོད་རྒྱལ་བའི་བྱིན་རླབས་བསྡུས། །ཧཱུཾ་མཐིང་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ། །དཔལ་ཆེན་ཡ་མཱནྟ་ཀ་མཐིང་ནག་འབར། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད། །མ་ཧེའི་གདོང་ཅན་ཤངས་ལ་ཁྲོ་གཉེར་སྡུས། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་གད་རྒྱང་སྒྲོག །གནམ་ལྕགས་རྭ་ཅོ་སྔོ་དཀར་མེ་ལྕེ་འབར། །སྤྱན་གསུམ་དམར་ཟླུམ་སྡང་མིག་གློག་ལྟར་འཁྱུག །ཤངས་ནས་བསྐལ་པའི་རླུང་ནག་འཚུབས་མི་སྤུད། །ཨག་ཚོམ་སྨིན་མ་མེ་ཡི་ཚྭ་ཚྭ་འཕྲོ་། །རལ་པ་གྱེན་གཟེང་ཐོད་སྐམ་རྩེ་བྲན་ལྔ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན། །གླང་ཀོ་ཞིང་ལྤགས་སྟག་གི་ཤམ་ཐབས་གསོལ། །ཚངས་སྐུད་རྒྱུན་


CMR019_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྦྲུལ་རིགས་ལྔ་ཡིས་བརྒྱན། །སྦྲུལ་ནག་ཐོད་རློན་ལྔ་བཅུས་དོ་ཤལ་འཕྱང་། །གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་མཚན། །ཡེ་ཤེས་ལྔ་ཡི་དབང་རྣམས་ཡོངས་སུ་རྫོགས། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུྃ་མཐིང་སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །འོག་མིན་གནས་ནས་ཡེ་ཤེས་པ་སྤྱན་དྲངས། །ཡ་མཱནྟ་ཀ་ཨེ་ཧྱ་ཧི། ཛཧཱུྃ་བཾ་ཧོས་དམ་ཡེ་དབྱེར་མེད་ཐིམ། །ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་མཆོད། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། །རྒྱལ་པའི་བྱིན་རླབས་འཁོར་འདས་མཐུ་སྟོབས་རྣམས། །བསྡུས་ནས་བདག་མདུན་བུམ་པའི་ལྷ་ལ་ཐིམ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཧྲིའྲི་ཝིཎྜི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྒྱ་སྟོང་ཅི་འགྲུབ་བཟླ། །ཨགྷཾ་སོགས། ཧཱུྃ། འོག་མིན་ལྷུན་གྱིས་གྲུབ་པ་ཡི། །ལྷོ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོ་འབར་བའི་སྐུ། །ཡ་མཱན་ཀར་ཕྱག་འཚལ་བསྟོད། །བུམ་ལྷ་འོད་ཞུ་བུམ་པའི་ཆུར་གྱུར། །དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ་


CMR019_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འོ་ན་ད་ལམ་ཁྱེད་རྣམས་ལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བསྐུར་བ་ཡིན་ཏེ། ལྷ་འདིའི་ངོ་བོ་འཇམ་དབྱངས་ཡིན་པ་ལ་ཁྲོ་བོར་བཞེངས་པའི་རྒྱུ་མཚན་དྲག་པོ་འཇིགས་བྱེད་ལས་ཀྱི་གཤིན་རྗེའི་རྒྱལ་པོ་བཞི། ཕྱོགས་སྐྱོང་བཅུ། ལྷ་མ་སྲིན་སྡེ་བརྒྱད། གདོན་ཆེན་བཅོ་ལྔ། དེད་དཔོན་དྲག་པོ་དྲེགས་པ་ཅན་བཅོ་བརྒྱད་ལ་སོགས་པའི་གདུག་པ་ཅན་ཐམས་ཅད་ཀྱི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་འཚེ་ཞིང་སྲོག་བཅད་ནས་མི་རོའི་ས་གཞི་ནི་གཅལ་དུ་བཀྲལ། མི་ཁྲག་གི་རྒྱ་མཚོ་ནི་ཞག་ཏུ་བསྐྱིལ། ཀེང་རུས་ཀྱི་བརྩིགས་པ་ནི་རི་རབ་དུ་དཔུང་ནས་མི་དགེ་བཅུ་སྤྱོད་པའི་དུས་སུ། སྤྲུལ་སྐུ་ཤཱཀྱ་ཐུབ་པས་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ནས་བཏུལ་ཡང་། དྲག་པོ་འཇིགས་བྱེད་ན་རེ། གོའུ་ཏ་མ་གསོ་སྦྱོང་གཞན་དུ་གྱིས་དགེ་སྦྱོང་མགོ་རེག་ང་མི་ཐུལ་ཟེར་ནས། དེ་ནས་ཐུགས་རྗེ་ཆེན་པོ་རྟ་མགྲིན་དུ་སྤྲུལ་ནས་བཏུལ་བས། རྟ་སྐད་ཅན་རྭ་བར་སྡོད་ལ་རྩྭ་ཟོ། རྣ་བོ་ཆེས་ང་མི་ཐུལ་ཟེར། དེ་ནས་ཕྱག་ན་རྡོ་རྗེའི་སྟོབས་འདྲ་བས་ཀྱང་བཏུལ་བས། སྒེག་པོ་འདོད་ཡོན་ལ་སྤྱོད་ཅིག་ང་མི་ཐུབ་ཟེར་ནས་མ་ཐུལ་ལོ། །དེར་སངས་རྒྱས་རྣམས་འོག་


CMR019_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུ་འདུས་ནས་ཐུགས་ཀྱི་དགོངས་པ་ལ་སྙོམས་པར་བཞུགས་པས་འཇམ་དཔལ་གྱིས་ཐུལ་བར་མཁྱེན་ནས་འཇམ་དཔལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བའི་རྫུ་འཕྲུལ་གྱིས་འདུལ་དཀའ་འདི་རྣམས་ཐུལ་ཅིག་ཅེས་བཀའ་བསྒོས་ནས་འཇམ་དཔལ་གྱི་སྐུ་གསུང་ཐུགས་རྡོ་རྗེ་མཆོག་ཏུ་ཁྲོས་པ་ལས། རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ། དེ་ཐམས་ཅད་དམ་ལ་བཏགས་ནས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་ཉན་དུ་དམ་བཅས་སོ། །ལྷོ་ཕྱོགས་རྒྱ་མཚོ་ཕར་བརྒལ་ན་རྡོ་རྗེ་གདན་ནས་ལྷོ་ཕྱོགས་ཀྱི་ངོས་ཕྱིའི་རྒྱ་མཚོ་དེ་ནས་དཔག་ཚད་བརྒྱད་ཁྲིར་ཕྱིན་པ་ན་གཤིན་རྗེའི་གྲོང་ཁྱེར་ཕོ་བྲང་ལིང་ཚེ་བཅུ་དྲུག་འདུག་སྟེ། དེ་ལ་ལས་ཀྱི་གཤིན་རྗེ་དང་གཤིན་རྗེའི་འཁོར་དུ་གཏོགས་པ་ཐམས་ཅད་ཀྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་དབུགས་ལེན་མདངས་འཕྲོག་པས་སྔར་ཤི་ཚད་དེ་རུ་མ་ཕྱིན་པ་མེད། ད་འཆི་ཚད་དེ་རུ་མི་འགྲོ་བ་མེད། ཡོ་བྱད་ཐམས་ཅད་ཤ་དང་ཁྲག་ལ་བྱེད། ལོངས་སྤྱོད་ཐམས་ཅད་ཚེ་སྲོག་དབུགས་ལེན་ལ་བྱེད། དབང་ཐམས་ཅད་བླ་སེམས་ཡིད་གསུམ་ལ་རྒྱུག །གྲོས་དང་འདུན་མ་ཐམས་ཅད་


CMR019_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་དུས་ནམ་གསོད། རྐྱེན་གང་གིས་གསོད། འཆི་བའི་ཐབས་ཇི་ལྟར་བྱ་ཞེས་དེ་རྣམས་ཁོ་ནས་ཉིན་མཚན་དུས་འདའ་བར་བྱེད་ཅིང་། འདི་ལྟར་གནོད་སྦྱིན་ལྟོགས་པ་ཤ་ཁྲག་འདོད་པ་ལྟར། ཁྱི་ཕག་ལྟོགས་ནས་ཟས་འདོད་པ་བཞིན་དུ་བསྐུལ་མི་དགོས་པར་སེམས་ཅན་རྣམས་ཀྱི་ཚེ་སྲོག་ལ་རྒྱུག་པར་མཐོང་ནས། ལ་ལ་ནི་དེ་རྣམས་གཏན་དུ་འདུག་པའི་གནས་དེར་དེ་རྣམས་འདུལ་དུ་བྱོན། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད་དམ་ལ་བཏགས། སྲོག་གི་སྙིང་པོ་ཕུལ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་བྱུང་བའི་ཚེ། །རྣལ་འབྱོར་རིག་འཛིན་མང་ལྡན་ཕྱིར། །བཀའ་བསྒོས་ལས་རྣམས་ཚུལ་བཞིན་གྱིས། །ཞེས་གསུངས་ཏེ་བཀའ་བསྒོས། འདི་ལྟར་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། སྙིགས་མ་ལྔ་བདོ་བའི་དུས་སུ་ཟས་སུ་སྡིག་ཟས་དང་གོས་སུ་རེ་བ་དང་རོ་རས་གྱོན། ལས་སུ་སྲོག་གཅོད་རྐུ་འཕྲོག་བྱེད། བཙུན་པ་ཁྲིམས་ལ་མི་གནས། སྔགས་པ་དམ་ལ་མི་གནས། སྐྱེ་བོ་ངོ་ཚ་ལ་མི་གནས་པ་འོང་བས། དེའི་དུས་སུ་ང་ཡི་བསྟན་པ་འདི་འཆར་བར་འགྱུར་རོ། །ཞེས་ལུང་བསྟན། ཟས་སུ་སྡིག་ཟས་ཟ་བ་


CMR019_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གོས་སུ་རེ་བ་གྱོན་པ་དང་། །ལས་སུ་སྲོག་གཅོད་པ་ཡི་ཚེ། །ང་ཡི་བསྟན་པ་འཆལ་བར་ཤོག །ཅེས་སྨོན་ལམ་བཏབ། དེའི་ཚེ་དེའི་དུས་ན་ས་ལ་བཅུད་མེད། གནམ་ལ་ཆར་པ་མེད། རྒྱལ་པོ་ནི་ནང་འཁྲུགས། སྡེ་བ་ཆོས་འཁྲུགས། བཙད་པོའི་རིགས་འཆོལ། སྐྱེ་བོས་མནའ་ཟ། དགེ་འདུན་ཁྲིམས་ཞིག །སྔགས་པས་ནང་དམེ་བྱེད། ཆོས་སྐྱོང་འདྲེ་རུ་ལང་། འདྲེ་སྲིན་སྒོས་སུ་མི་ཉན། བན་བོན་ནུས་པ་ཟད། སྡིག་ཅན་མཐུ་ལ་མི་འཛེམ་པའི་དུས་ཤིག་འོང་བས། དེའི་དུས་སུ་ངའི་བསྟན་པ་ཤར་ནས་ང་དང་ངའི་རིག་འཛིན་མང་པོས་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་དོན་བྱེད་དུ་འོང་བས། དེའི་ཚེ་ཁྱེད་རྣམས་ཀྱིས་ཀྱང་ང་དང་ངའི་རྒྱལ་པོ་རིག་འཛིན་རྣམས་ཀྱི་ཇི་ལྟར་བསྒོས་པའི་ལས་དེ་ཚུལ་བཞིན་དུ་གྱིས་ཤིག །ཅེས་གསུངས་སོ། །དེའི་ཚེ་འཁོར་རྣམས་ཀྱིས་གལ་ཏེ་ཁྱེད་དང་ཁྱེད་རྣམས་ཀྱི་རྒྱུད་འཛིན་ཅིང་གཤིན་རྗེ་ལ་མཆོག་ཏུ་གནས་པའི་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པ་རྣམས་ཀྱི་ཇི་ལྟར་བཀའ་བསྒོ་བ་དེ་བདག་ཅག་རྣམས་ཀྱིས་རབ་ཏུ་སྒྲུབ་པར་བགྱིའོ། །གལ་ཏེ་དེ་བཞིན་དུ་བདག་


CMR019_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ཀྱིས་མི་སྒྲུབ་ཅིང་བཀའ་ལས་འདས་པར་གྱུར་ན་བདག་ཅག་གི་སྡེ་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་མགོ་ཨརྫ་ཀའི་རྡོག་པོ་ལྟར་གས་ཏེ་ཀླད་པ་ཚལ་པ་སྟོང་དུ་འགྲོ་བར་གྱུར་ཅིག །ཕྱིས་ཀྱང་མི་བཟད་པའི་དམྱལ་བ་ཆེན་པོར་བདག་ཅག་རྣམས་སྐྱེས་ནས་སྡུག་བསྔལ་དཔག་ཏུ་མེད་པ་དང་བཅས་ནས་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་མ་སྟོངས་ཀྱི་བར་དུ་མི་ཐར་བར་གྱུར་ཅིག །ཅེས་མགྲིན་གཅིག་ཏུ་མནའ་བོར་རོ། །དེ་ནས་འདིའི་རྒྱུད་སྡེ་དཔག་ཏུ་མེད་པ་ཡང་གསུངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གཏེར་ནས་བཏོན་པ་དང་། ཨོ་རྒྱན་ཡུལ་ནས་གནད་དྲངས་པའི་གཤིན་རྗེའི་གཤེད་ཀྱི་རྒྱུད་དཔག་ཏུ་མེད་པ་ཡོད། ཡང་གྲུབ་ཆེན་ལ་ལི་ཏ་བཛྲ་གྱིས་འཇིགས་བྱེད་འབུམ་པའི་རྒྱུད། ཨོ་རྒྱན་ཡུལ་ནས་གདན་འདྲེན་པར་དགོངས་ནས་ཀྱང་གདན་མ་དྲོངས་ནས་འཇིགས་བྱེད་རྟོགས་གསུམ་དང་རྟོགས་བདུན་རྣམས་གདན་དྲངས། དེ་རྣམས་ལ་བརྟེན་ནས་རྒྱ་གཞུང་ཡང་མང་དུ་མཛད། དེ་ལ་སྔ་འགྱུར་སློབ་དཔོན་པདྨ་དང་བཱ་སུ་དྷ་རས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཕལ་ཆེར་གཏེར་དུ་སྦས་པ་རཏྣ་གླིང་པ་


CMR019_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན་པའི་གཏེར་མ་དང་། དེ་ནས་རྭ་ལོ་ཙཱ་དང་མྱོས་ལོ་ཙཱ་སོགས་ཀྱིས་རྒྱ་གར་ནས་གདན་དྲངས་པ་གསར་མ་དང་། དེ་ལ་ཡང་དབུ་དགུ་ཕྱག་སུམ་ཅུ་སོ་གཉིས་པ། ཞལ་བཞི་ཕྱག་དྲུག་པ་དང་། མེའི་སྤུ་གྲི་དང་། ཞལ་གཅིག་ཕྱག་བཞི་པ་དང་། ཞལ་གཉིས་ཕྱག་གཉིས་པ་དང་། ཞལ་གཅིག་ཕྱག་གཉིས་པ་དཔའ་བོ་གཅིག་པ་སྟེ། དེ་ཐམས་ཅད་རྟོགས་གསུམ་རྟོགས་བདུན་གྱི་རྒྱུད་ནས་གསལ་བར་གསུངས་ཤིང་དོན་ལ་ཁྱད་པར་མེད། དེ་ལ་མེའི་སྤུ་གྲིའི་དབང་ལུང་ཡོངས་རྫོགས་ཐོབ་ཅིང་དེའི་ནང་ན་རྡོ་རྗེ་འཇིགས་བྱེད་འཇོམས་བྱེད་འབར་བ་ཞེས་བྱ་བ་དཔའ་གཅིག་འདི་བཞུགས། མི་ཏྲ་ཁྲིད་དྲུག་འཇམ་དབྱངས་ཀྱི་སྐབས་སུ་ཡང་ཞལ་གཅིག་ཕྱག་གཉིས་འདི་འབྱུང་། གནམ་ཆོས་ལས་འཇིགས་བྱེད་དཔའ་གཅིག་དྲུག་ཅུ་བྱ་ཐབས་དང་བཅས་པའི་དབང་ལུང་ཐོབ་ཅིང་། ཁྱད་པར་རྭ་ལོ་ཙཱའི་ལུགས་དཔའ་གཅིག་གི་དབང་ས་ལུགས་ནཱ་ལེནྡྲ་ནས་བརྒྱུད་པའི་དབང་ལུང་གི་རྒྱུན་ཡང་ཐོབ་པས། འདིར་བཀའ་གཏེར་ཟུང་འཇུག་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདུས་པ་ཡིན། དེ་ལྟ་བུའི་དབང་ཞུ་


CMR019_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཀྱེ། བླ་མ་རྡོ་རྗེ་འཛིན་པ་ནི། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །དཀྱིལ་འཁོར་ཀུན་གྱི་བདག་ཉིད་དཔལ། །དེ་ཉིད་ཆེན་པོ་བདག་ལ་སྩོལ། །གསུམ། བླ་མས། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་ཡི་བདག་ཉིད་གཤིན་རྗེའི་གཤེད། །ཤིན་ཏུ་གཉན་པས་སྣོད་དུ་རུང་། །དེ་ཉིད་མི་ལྡན་ཕྱིར་དེངས་ཤིག །རྗེས་ཟློས། གསང་བ་གསུམ་གྱི་དམ་ཚིག་གིས། །བདག་ནི་ཡང་དག་སྣོད་གྱུར་ཏེ། །།བཀའ་ལས་འདའ་བར་མི་བྱེད་ཅིང་། །ཚུལ་བཞིན་སྒྲུབ་པར་བདག་ཅག་སྤྲོ་། །བླ་མས་བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་དམ་ཚིག་བདུད་རྩིའི་ཆུ། །ཉམས་ན་བསྐལ་པར་བརླག་པར་འགྱུར། །ཡང་དག་བསྲུངས་ན་མཆོག་ཐོབ་འགྱུར། །བཛྲ་ས་མ་ཡ་ཛ་ཨུད་ཁ་ཁ་ཐམ། དེ་ནས་རྡོ་རྗེ་གནས་གསུམ་གཏུག་ཅིང་། ཧཱུྃ། གསང་བ་གསུམ་གྱི་དམ་ཚིག་ནི། །ཁྱོད་ཀྱི་ཡང་དག་སྣོད་གྱུར་ཏེ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །ཡ་མཱནྟ་ཀའི་སྐུ་གསུང་ཐུགས། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །ཚུལ་འདི་གཞན་ལ་མ་སྨྲ་ཞིག །ང་ནི་འཇམ་དཔལ་གཤིན་རྗེའི་བཀའ། །ཁྱོད་ཀྱིས་འདའ་བར་མི་རུང་


CMR019_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དེ་ནས་སློབ་མ་བསངས་སྦྱངས། །སྟོང་པའི་ངང་ལས་སྐད་ཅིག་གིས་དུར་ཁྲོད་ཀྱི་གཞལ་ཡས་ཁང་། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། ཕྱི་རྡོ་རྗེའི་གུར་ལ་མེ་རི་འབར་བ། དེའི་ནང་དུ་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་དྲེགས་པ་སྡེ་བརྒྱད་ཆུ་གླང་མ་ཧེ་བསྣོལ་བའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ། སློབ་མ་སྐད་ཅིག་གིས་བརྫུས་སྐྱེས་འཇམ་དཔལ་ཡ་མཱནྟ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་མ་ཧེའི་གདོང་པ་ཅན། རལ་པ་དམར་སེར་གྱེན་དུ་ཕྱོགས་ཤིང་ཅུང་ཟད་ཐུར་དུ་བཤལ་བ་ལ་གནམ་ལྕགས་ཀྱི་རྡོ་རྗེ་དང་ཁྲོ་ཆུའི་ཕུར་པ་སོགས་མཚོན་ཆ་སྣ་ཚོགས་ཀྱི་ཐོག་སེར་འཕྲོ་བ། སྤྱན་གསུམ་དམར་ཟླུམ་སྡང་མིག་ལྟ་བ། ཞལ་རབ་ཏུ་གདངས་པ་ལ་ཁྲག་དང་ཞག་ཏུ་འཛག་ཅིང་རྣོ་གདུག་མཆེ་བ་གཙིགས་པ་རྣམ་པར་གཡོ་པའི་ལྗགས་འཁྱུགས་ཤིང་རྐན་སྒྲ་བརྡབས་པའི་སྒྲས་སྟོང་གསུམ་གཡོ་ཞིང་སྲིད་པ་གསུམ་པོ་ཐམས་ཅད་འདར་ཞིང་སྔང་བར་བྱེད་པ། ཕྱག་གཡས་ཀྱི་གྲི་གུག་གིས་ཉམས་པའི་སྲོག་རྩ་ཕྲལ་ཞིང་གཡོན་པས་ཐོད་པ་གདུག་པའི་ཁྲག་གིས་བཀང་བ་དང་སྙིང་ཞལ་དུ་གསོལ་བ་དང་། ཐབས་ཤེས་ཀྱི་རྭ་གཉིས་གཟེང་བ་ལ་བསྐལ་པའི་


CMR019_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་བ། སྐུ་སྟོད་ལ་གླང་ཆེན་གྱི་སྟོད་གཡོགས་དང་སྐུ་སྨད་ལ་སྟག་གི་ཤམ་ཐབས་ཅན། ཞིང་ལྤགས་ཀྱི་སྐེད་ཆིངས་བྱས་པ། དུག་སྦྲུལ་འབར་བ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་གྱི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས། ཧཱུྃ། འོག་མིན་ལྷུན་གྱིས་གྲུབ་པ་ཡི། །ལྷོ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོ་འབར་བའི་སྐུ། །ཡ་མཱནྟ་ཀ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །རྩ་སྔགས། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། དེ་ནས་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། བུམ་པ་བཟང་པོ་གཞལ་ཡང་ཁོང་༔་འཇིགས་བྱེད་འབར་བའི་ལྷ་ཚོགས་བཞུགས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ཏེ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། །བུམ་ཆུ་གཏུང་ཞིང་ཁྲུས་བྱ། བྷནྡྷ་མེ་ལོང་མགྲིན་པར་


CMR019_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། ཡེ་ཤེས་བདུད་རྩི་གསང་བའི་མཆོག མགྲིན་པ་ལོངས་སྤྱོད་བདེ་ཆེན་མཆོག༔ རྩ་ཁམས་འཁོར་ལོ་བདེ་ཆེན་མཆོག༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེ་དྲིལ་བུ་སྙིང་ཁར་བཞག་ལ། མི་རྟོག་ཐུགས་ཀྱི་དཀྱིལ་འཁོར་འདིར༔ མི་འགྱུར་རྡོ་རྗེ་བདེ་ཆེན་པོ༔ ཡེ་ཤེས་ལྔ་ཡི་དབང་མཆོག་ནི༔ ཁྱོད་ཀྱིས་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་དང་བྷཆུ་གཏད་ལ། ཧཱུྃ། གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ བྷནྡྷ་ཁྲག་ཆེན་འཁོར་བ་སྒྲོལ། །ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་དབང་། །བར་ཆད་བདུད་ལས་རྒྱལ་བའི་དབང་། །ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག །རྩ་སྔགས་དང་། བུདྡྷ་ཏྲིང་ཨ་བྷི་ཥིཉྩ་མཱི༔ ཁྲོ་ཆས་ཐོགས་ལ། སྟོབས་བཅུ་ཡོངས་རྫོགས་གླང་ལྤགས་གསོལ༔ དྲེགས་པ་འཇོམས་བྱེད་གཡང་གཞི་གསོལ། །ཐོད་ཕྲེང་སྦྲུལ་ཆུན་བདུད་ལས་རྒྱལ༔ སྟག་ཤམ་དཔའ་གཏུམ་བདུད་ལས་རྒྱལ༔ གར་དགུ་སྟོབས་བཅུ་ཡོངས་རྫོགས་གསོལ༔ རབ་འབྱམས་རྒྱལ་པོའི་དབང་ཐོབ་ཤོག༔ རྩ་སྔགས་དང་། བཛྲ་ཤྲཱི་མ་ཧཱ་ཧེ་རུ་


CMR019_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ད་མདུན་བསྐྱེད་གཏོར་མ་དང་ཐ་དད་མེད་པའི་གནས་ལྔ་ནས་ཨོཾ་ཨཱཧཱུྃ་ཧཱུྃཕཊ༔ དཀར་དམར་མཐིང་སེར་ལྗང་གུ་འོད་ཟེར་ཐིག་ལེའི་ཚུལ་གྱིས་འཕྲོས་ནས་ཁྱེད་ཀྱི་གནས་ལྔར་ཐིམ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པར་ཐོབ་པར་སྒོམས་ཤིག གཏོར་མ་གནས་སོ་སོར་བཞག་ཅིང་། ཧཱུྃ། འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་བཟང་བསྟན་པ་དང་༔་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ། འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་བཟང་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཝཱཀ་ཨ་བྷི་ཨཱཿ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་བཟང་བསྟན་པ་དང་༔


CMR019_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་བཟང་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་བཟང་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། །ཀརྨ་ཨ་བྷི་ཥིཉྩ་ཕཊ༔ ད་གཏོར་མ་འདི་ཉིད་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་། མེའི་སྤུ་གྲི་དང་། འཇོམས་བྱེད་འབར་བ་དང་། ཞལ་གཅིག་ཕྱག་བཞི་པ་དང་། ཞལ་གཉིས་ཕྱག་གཉིས་པ་ལ་སོགས་པས་བསྐོར་བ་སྤྱི་བོར་བྱོན་འོད་དུ་ཞུ་


CMR019_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པར་བསྒོམ། དྲུག་པ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་འཇམ་པའི་དབྱངས། །སློབ་དཔོན་འཇམ་དཔལ་བཤེས་གཉེན། གུ་རུ་པདྨ་འབྱུང་གནས་། གནུབས་སྟོན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རཏྣ་གླིང་པ། མི་འགྱུར་རྡོ་རྗེ། བདུད་འདུལ་རོལ་པ་རྩལ་ལ་སོགས་པ་རྙིང་མ་བརྒྱུད་པ་རྣམས་དང་། འཇམ་དཔལ་བཤེས་གཉེན། ཡུམ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཞིང་པ་པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ལ་སོགས་པ་གསར་མ་བརྒྱུད་པ་རྣམས་དང་། རྡོ་རྗེ་འཇིགས་བྱེད་དབུ་དགུ་ཕྱག་སུམ་ཅུ་སོ་གཉིས་པ། ཞལ་བཞི་ཕྱག་དྲུག་པ། མེའི་སྤུ་གྲི། ཞལ་གཅིག་ཕྱག་བཞི་པ་ཞལ་གཉིས་ཕྱག་གཉིས་པ་ལ་སོགས་པ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ནད་གདོན་དུས་མ་ཡིན་པའི་འཆི་བ་ཐམས་ཅད་སྲུངས་ཤིག །ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད་ཅིག །ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་


CMR019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཨོཾ་ཧྲཱི༔ཥྚི་ཝིཀྵི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ། ནི་ར་མ་ཡ་ཧཱུྃ་ཕཊ། འོ་དེས་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་གི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་བཟུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་་ཅད་བདག་གིས་བགྱི། །གཏང་རག་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། རྗེས་ཆོག་མཆོད་བསྟོད་ཡིད་ཀྱིས་བྱ། མདུན་བུམ་ལྷ་ཚོགས་རྟེན་ལ་བསྟིམ་པའམ་ཡང་ན་རང་ཉིད་ལ་བསྟིམ། རང་ཉིད་ཀྱང་མི་དམིགས་པར་བཞག་གོ །འདིར་ས་ལུགས་དཔའ་གཅིག་གི་དབང་རྒྱུན་ལེགས་པར་ཐོབ་ཅིང་བཀའ་གཏེར་ཟུང་འཇུག་ཏུ་བྱས་པ་ཡིན་ཏེ། མེའི་སྤུ་གྲིའི་དབང་རྒྱས་པ་ཡོད་ཀྱང་ཤིན་ཏུ་གཉན་པས་སྣོད་ལྡན་རྟོགས་ཐུབ་ཀྱི་བུ་ལ་སྟེར་བ་ལས། སྣོད་མིན་ལ་བྱིན་ན་ལས་ཀྱི་གཤིན་རྗེས་ཆད་པ་ཆོད་གསུངས་པས་རྟགས་ཐུབ་ཀྱི་བུ་དཀོན། འདི་ནི་བཀའ་གཏེར་ཟུང་འཇུག་ཡིན་པ་དང་། བཀའ་རྒྱ་མེད་པས་འགྲོ་དོན་ཆེ། །སྔགས་པ་མེའི་སྤུ་གྲི་འདོན་མཁན་ཡོངས་པས་མངོན་རྟོགས་མེའི་སྤུ་གྲི་བྱས་ནས་དབང་འདི་བསྐུར་ན་མེའི་སྤུ་གྲིའི་དབང་བསྡུས་པ་ཡིན་པས་འདོན་པ་བསྙེན་པ་ནི་རུང་ལ་བཀའ་རྒྱ་དེ་དང་མི་འགལ་བས་དཔོན་སློབ་ཀུན་ལ་ཕན་ཆེ་བར་བསམས་


CMR019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རཱ་ག་ཨ་སྱས་བསྒྲིགས་པ་སྟེ། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བྲིས་པ། འདི་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་འདི་དང་འབྲེལ་པ་ཐོབ་ཚད་འཇམ་དཔལ་གྱི་རྗེས་སུ་འཛིན་པར་གྱུར་ཅིག། །།མངྒ་ལཾ། །ཁོ་བོས་སྔར་སྒྲུབ་པ་བྱེད་པའི་སྐབས་ཤིག་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་མཇལ་བའི་སྣང་བ་ཡང་བྱུང་བའི་རྟེན་འབྲེལ་གྱིས་བྲིས་པ་ཡིན་གྱི། རང་གར་ལག་དལ་དུ་བྲིས་པ་མིན་པར་མི་དགོངས་འཚལ། བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་གཏེར་ཟུང་འཇུག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོགnext