Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
བཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི་དབང་ཁྱེར་བདེ་བཀོད་པ།
   
   
   
   
   
   
   
   


 
previousབཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི་དབང་ཁྱེར་བདེ་བཀོད་པ།next

བཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི་དབང་ཁྱེར་བདེ་བཀོད་པ།


CMR019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི་དབང་ཁྱེར་བདེ་བཀོད་པ་ཡོད༔


CMR019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ༔ བཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི མགྱོགས་དབང་བསྐུར་ཐབས་མདོར་བསྡུས་འདིར་བརྗོད་ཀྱི༔ རྩ་གསུམ་ལྷ་ཡིས་བཀའ་གནང་བྱིན་གྱིས་རློབས༔ ཟླུམ་སྐོར་དབུས་སུ་འདབ་བརྒྱད་བྲིས་པའམ༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད་པའི་སྟེང་༔ བུམ་པ་གཏོར་མ་མཆོད་པ་སྤྱི་ལྟར་བཤམས༔ བླ་མེད་ཡིན་ཕྱིར་སྐད་ཅིག་དྲན་རྫོགས་བསྒོམ༔ བདག་མདུན་བུམ་གསུམ་མངོན་རྟོགས་གཅིག་ཆོག་བསྐྱེད༔ ན་མོ༔་དཀོན་མཆོགས་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔


CMR019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ས་གང་བའི་མཆོད་པའི་སྤྲིན༔ ཉེར་སྤྱོད་འདོད་ཡོན་མཆོད་རྫས་ཀྱི༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ བདག་དང་མདུན་དང་གཏོར་མ་དང་༔ བུམ་ལྷ་ཐུགས་རྗེ་ཆེན་པོ་ནི༔ སྐུ་མདོག་དཀར་པོ་འདི་ལྟ་སྟེ༔ གཡས་ཞལ་ལྗང་ལ་གཡོན་ཞལ་དམར༔ དབུས་ཞལ་དཀར་ལ་དེ་སྟེང་ཞལ༔ ལྗང་སྟེ་གཡས་ཞལ་དམར་གཡོན་ཞལ༔ དཀར་བའི་ཞལ་ཏེ་དེ་སྟེང་ཞལ༔ དམར་པོ་གཡས་དཀར་གཡོན་ལྗང་བ༔ དེ་སྟེང་ཁྲོ་ཞལ་དེ་སྟེང་ནི༔ སྣང་བ་མཐའ་ཡས་དབུ་ཡི་ཞལ༔ ཕྱག་བརྒྱད་དང་པོ་གཉིས་ཀྱིས་ནི༔ ཐལ་མོ་སྦྱར་ཏེ་དེ་འོག་གཉིས༔ ཕྲེང་བ་


CMR019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འཛིན་པའོ༔ དེ་འོག་འཁོར་ལོ་མདའ་གཞུ་འཛིན༔ དེ་འོག་མཆོག་སྦྱིན་སྤྱི་བླུགས་འཛིན༔ དེ་དང་བཅས་པའི་གཡས་ལྔ་བརྒྱ༔ དེ་བཞིན་གཡོན་པའང་ལྔ་བརྒྱ་ཡིན། ཐུགས་ཀར་ཟླ་སྟེང་ཧྲིལ་ཡིག་དྲུག་དང་༔ གཟུངས་རིང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས་པོ་ཊ་ལ་ནས་ཕྱག་སྟོང་སྤྱན་སྟོང་སྐུ༔ དཔག་མེད་སྤྱན་དྲངས་བདག་མདུན་བུམ་ལྷར་ཐིམ༔ བུམ་ལྷར་བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་ཨརྱ་ཛྙཱ་ན་སཱ་ག་ར༔ བེ་རོ་ཙ་ན་བྷི་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨདྷ་ཏེ་སཾམྱཀཾ་བུདྡྷ་ཡ༔ ན་མ༔སརྦ་ཏ་ཐཱ་ག་ཏེ་བྷ༔ ཨདྷ་ཏེ་བྷུ༔ སཾམྱཀཾ་བུདྡྷེ༔ ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བོ་དྷི་ས་ཏྭ་ཡ༔ མ་ཧཱ་ས་ཏྭ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨཊྚེ་ཝཊེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ༔ གཟུངས་དེ་གསུམ་བདུན་ལ་སོགས་ཅི་ལྕོགས་དང་༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་བརྒྱ་རྩ་ཡན་ཆད་ཅི་འགྲུབ་བཟླ༔ ཨཱ་ལོ་ཀེ་ཤྭ་ར་ཨརྒྱུ་སོགས༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་


CMR019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ ལས་བུམ་ནང་དུ་སྐད་ཅིག་རྟ་མགྲིན་གསལ༔ ཨོཾ་ཧ་གྲཱི་ཝ་པ༔ ཧཱུྃ་ཕཊ༔ ཅི་འགྲུབ་བཟླས་རྗེས་སློབ་མ་འདུས་ཁྲུས་བྱས༔ མཎྜལ་ཕུལ་ལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་མདོར་བསྡུས་ཤིག་བསྐུར་བ་ལ༔ ཐོག་མར་ལོ་རྒྱུས་ཅུང་ཟད་གཅིག་ཞུ་ན༔ ཞལ་བཅུ་གཅིག་པ་ཇི་ལྟར་བྱུང་ཚུལ༔ དེའི་གཟུངས་དང་རྒྱུད་ཇི་ལྟར་གསུངས་ཚུལ༔ དེའི་མན་ངག་གང་ལས་བརྒྱུད་པ་ཕན་ཡོན་དགོས་ཆེད་བསྟན་པ་དང་གསུམ་ལས༔ དང་པོ་ནི་སྔོན་བསྐལ་པ་མང་པོའི་གོང་དུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་དྲུང་དུ་འགྲོ་དོན་བྱེད་པར་སེམས་བསྐྱེད་དེ་བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱིས་མཛད་པ་དང་༔ རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་སྤྲུལ་ནས༔ སེམས་ཅན་གཅིག་ཀྱང་མ་ལུས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་བར་བྱའོ༔ དེ་ལ་མ་འཁོད་ཀྱི་བར་དུ་རང་ཞི་བདེའི་བློ་


CMR019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་ངའི་མགོ་ཨརྫ་ཀའི་རྡོག་པོ་བཞིན་དུ་ཚལ་པ་བཅུར་འགས་པར་གྱུར་ཅིག༔ ལུས་དུམ་བུ་སྟོང་དུ་འགས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པས༔ སངས་རྒྱས་རྣམས་ཀྱིས་ལེགས་སོ་གསུངས་ནས་སྤྲུལ་པ་དཔག་ཏུ་མེད་པས་གང་ལ་གང་འདུལ་དུ་སྤྲུལ་ནས༔ འགྲོ་བ་རིགས་དྲུག་གི་གནས་ལན་གསུམ་སྟོངས་པར་མཛད༔ དེ་དྲངས་ནས་རི་རབ་ཀྱི་རྩེར་བྱོན་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས༔ སེམས་ཅན་གྱི་ཁམས་ལ་སྐྱེ་འབྲི་མེད་པའི་སྟེང་དུ་དུས་སྙིགས་མར་སོང་བས༔ སེམས་ཅན་རྣམས་ཉོན་མོངས་པ་རགས་སུ་སོང་ཚེ༔ འདུག་པས༔ ངས་སེམས་ཅན་གྱི་ཁམས་ལ་ཟད་པ་མེད་པར་འདུག བདག་གིས་ལན་གསུམ་རིགས་དྲུག་སྟོངས་པར་དྲངས་ཀྱང་སེམས་ཅན་ཉུང་དུ་མ་སོང་༔ འཁོར་བ་མ་སྟོངས་བར་འདུག་སེམས་ཅན་གྱི་དོན་མི་འགྲུབ་པར་འདུག་པས། ང་རང་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་ལ་གནས་པར་བྱའོ་དགོངས་པས་དམ་བཅའ་ཉམས་པས་དབུ་ཚལ་པ་བཅུར་གས་སོ༔ སྐུ་ལུས་དུམ་བུ་སྟོང་དུ་གས་ནས་ན་ཚ་མ་བཟོད་ནས་སངས་རྒྱས་རྣམས་ལ་གསོལ་བ་བཏབ་པས༔ སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་བྱོན་ནས་སངས་རྒྱས་


CMR019_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་ཀྱིས་སྐུའི་དུམ་བུ་རྣམས་སྙེ་མའི་ཆུན་པོ་ལྟར་བསྡུས་ནས་དབུ་ཚལ་པ་བརྒྱར་སོང་བ་ཞིལ་དགུར་བྱིན་གྱིས་བརླབས་སོ༔་ཞི་བས་མི་ཐུལ་བ་ལ་ཕྱག་རྡོར་གྱི་ཞལ་བསྣན་ཏེ་བརུ༔ དེ་སྟེང་རིགས་བདག་འོད་དཔག་མེད་ཀྱི་ཞལ་བཞག་པ་དང་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ༔ དེ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བཀའ་སྩལ་པ་དང་༔ སྤྱན་རས་གཟིགས་ཀྱིས་སྨྲས་པ༔ བདག་གིས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲུབ་པར་གྱུར་ན༔ བདག་ལག་པ་སྟོང་མིག་སྟོང་དང་ལྡན་པར་གྱུར་ལ༔ ལག་པ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་གྱུར་ཅིག མིག་སྟོང་སྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་གྱུར་ལ་གང་ལ་གང་འདུལ་གྱིས་འགྲོ་དོན་བྱེད་པར་གྱུར་ཅིག༔ ཅེས་གསུངས་པས་སྐད་ཅིག་དེ་ཉིད་ལ་ཕྱག་སྟོང་གི་མཐིལ་དུ་སྤྱན་སྟོང་ཡོད་པའི་བཅུ་གཅིག་ཞལ་དུ་གྱུར་ཏོ༔ དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་དབྱངས་གཅིག་དང་ཚིག་གཅིག་ཏུ་ཞལ་བཅུ་གཅིག་པའི་གཟུངས་འདི་ཡང་གསུངས་ཤིང་བྱིན་གྱིས་བརླབས་སོ༔ དེ་ནས་སྤྱན་རས་གཟིགས་དེ་ཡང་སྤྲུལ་པ་དཔག་ཏུ་


CMR019_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་འགྲོ་བའི་དོན་མཛད་དེ་རྒྱུད་སྡེ་རྣམས་གསུང་བ་པོ་དང་ཉན་པ་པོའི་འཁོར་དང་བཀའི་བསྡུ་བ་པོ་དང་༔ དེ་འཛིན་ཅིང་གཞན་ལ་སྟོན་པ་པོ་རྣམས་ཐུགས་རྒྱུད་གཅིག་སྟེ་ལྷ་དེ་ཉིད་དམ་སྟོན་པ་དེ་ཉིད་ཀྱི་སྤྲུལ་པར་བཤད་པ་དང་མཐུན་པར་བསྐལ་པ་གངྒའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྔ་རོལ་ལས་ཆེས་སྔ་རོལ་དུ་སངས་རྒྱས་མནྡ་རའི་དྲི་ཞེས་བྱ་བ་བྱོན་པས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པའི་ཚེ༔ སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཁྱིམ་བདག་དྲག་པོ་ཞེས་བྱ་བས་གཟུངས་འདི་བཟུང་སྟེ༔ སེམས་ཅན་དཔག་ཏུ་མེད་པ་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ལོ༔ དེ་ནས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་ཡང་སྔ་རོལ་ན་སངས་རྒྱས་པདྨའི་རྒྱའི་སྤྱན་གཙུག་གི་ཆགས་པའི་དུས་འཛོམ་པའི་འོད་ཟེར་གྱི་རྒྱལ་པོ་་ཞེས་བྱ་བས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས༔ དེར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་ཞིག་ཡོད་པས་གཟུངས་འདི་ཐོས་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་ཏོ༔ དེ་རྗེས་བསྐལ་པ་གངྒའི་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་སྔ་རོལ་ན་སངས་རྒྱས་ཐོགས་མེད་པདྨའི་སྤྱན་གཙུག་ཏོར་ཡོན་ཏན་རབ་རྒྱས་འོད་ཀྱི་རྒྱལ་པོ་ཞེས་


CMR019_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་གི་བདག་པོ་བྱེ་བ་གཅིག་ཡོད་པ་དེས་རིག་སྔགས་འདི་བསྒྲུབས་པས་ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང་སྐྱེ་མེད་ཆོས་ལ་བཟོད་པ་ཐོབ་པའི་ཚུལ་བསྟན་ཏོ༔ དེ་རྗེས་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྔ་རོལ་དུ་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བྱོན་ཏེ་དེས་ཞལ་བཅུ་གཅིག་པའི་གཟུངས་འདི་གསུངས་པས་འཕགས་པ་སྤྱན་རས་གཟིགས་ཀྱིས་གསན་པས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྤྱན་རས་གཟིགས་ཉིད་ལ་འགྲོ་བ་འདྲེན་པའི་དབང་བསྐུར་ནས༔ འཕགས་པ་སྤྱན་རས་གཟིགས་ཁྱེད་ལ་སྔོན་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་འགྲོ་བ་འདྲེན་པའི་དབང་བསྐུར་བ་ཐོབ་པ༔ དེའི་རྣམ་པར་སྨིན་པས་སངས་རྒྱས་ཀྱི་ཞིང་རབ་ཏུ་མང་པོར་འཕགས་པ་སྤྱན་རས་གཟིགས་ཁྱེད་ཀྱི་སྤྲུལ་པ་ཡང་དང་ཡང་དུ་འབྱུང་ཞིང་མ་འོངས་ཕྱི་མའི་དུས་ན་མི་མཇེད་འཇིག་རྟེན་གྱི་ཁམས་ན་འདྲེན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱོན་ཏེ་མི་ཡུལ་ལས་ཁྱད་པར་པྲ་ཏ་ཡི་དྭགས་ཀྱི་རིགས་བྱང་ཕྱོགས་ཁ་བ་ཅན་ན༔ མི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་འདུན་འཕེལ་ཕྱིར་ཞལ་


CMR019_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པ་ཕྱག་སྟོང་དང་ལྡན་པའི་སྐུ་རང་བྱོན་དུ་འབྱུང་བར་ལུང་བསྟན་ཏེ༔ དེའི་ཚེ་བཅུ་གཅིག་ཞལ་གྱི་སྐུ་ལ་དད་འདུན་བྱེད་པ་དང་མཚན་ནས་བརྗོད་པ་དང་༔ གཟུངས་སྔགས་འདི་འདོན་པ་རྣམས་འཇིག་རྟེན་ན་གང་འདོད་པའི་དོན་འགྲུབ་ཅིང་ཕྱི་མ་ཡེ་ཤེས་གཉིས་ཐོབ་པར་ལུང་བསྟན་ཏོ༔ དེ་དག་ནི་རྒྱས་པར་པདྨ་དྲྭ་བ་ཅན་གྱི་རྒྱུད་ཆེན་པོ་ལས་གསུངས་ཤིང་༔ བསྟན་པ་འདི་ལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་མ་ལ་ཡ་ཙནྡན་གྱི་ནགས་ཚལ་ཆེན་པོར་བཞུགས་པའི་ཚེ༔ འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་ཐུབ་པ་དཔང་པོར་བཞག་སྟེ་བཅུ་གཅིག་ཞལ་གྱི་གཟུངས་དང་༔ པདྨ་དྲྭ་བ་ཅན་གྱི་རྒྱུད་ལ་སོགས་པ་དང་༔ ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལ་སོགས་པ་བཤད་དོ༔ དེར་ཐུབ་པས་ཀྱང་ལེགས་སོ་བརྗོད་ཅིང་བྱིན་གྱིས་བརླབས་སོ༔ དེ་དག་ནི་བྱ་སྤྱོད་ཀྱི་རྒྱུད་ཡིན་ཅིང་༔ རྣལ་འབྱོར་རྒྱུད་པདྨ་ཅོད་པན་གྱི་རྒྱུད་ནི༔ བཅོམ་ལྡན་འདས་ལྷ་ཡུལ་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བཞུགས་པའི་ཚེ༔ སྐུའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཆོད་ཅིང་ཚུར་འདུས་པས་བཅུ་གཅིག་ཞལ་ཕྱག་སྟོང་དང་ལྡན་པའི་སྐུར་བཅོམ་ལྡན་འདས་


CMR019_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཞེངས་ཏེ༔ དེར་ཡང་སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་སྐུར་སྤྲུལ་ནས་བཞུགས་པས་ཞུས་པ་ལ་བརྟེན་ནས༔ བཅུ་གཅིག་ཞལ་འདིའི་གཟུངས་དང་༔ བསྡུས་པ་ཡི་གེ་དྲུག་པ་དང་༔་ལས་ཚོགས་མཐའ་ཡས་པ་གསུངས་སོ༔ དེས་ལྷའི་ངོ་བོ་ཇི་ལྟར་བྱོན་ཚུལ་དང་གཟུངས་དང་རྒྱུད་གསུངས་ཚུལ་སོང་ནས༔ དེའི་མན་ངག་བྱུང་ཚུལ་ནི༔ བོད་དུ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལོ་ཙཱ་བ་ཐོན་མི་སཾ་བྷ་ཊ་རྒྱ་གར་དུ་བཏང་ནས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལ་སོགས་པ་མདོ་རྒྱུད་ཉི་ཤུ་རྩ་གཅིག་བོད་དུ་བསྒྱུར༔ བལ་པོའི་པཎྜི་ཏ་མཉྫ་ཤཱི་གདན་དྲངས་ནས་དབང་ལུང་རྣམས་ཞུས༔ སླར་ཡང་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དབང་ལུང་གནང་བ་དོན་བརྒྱུད་དང་༔ དེའི་ཚེ་ཨུ་རྒྱན་པདྨ་རྫུ་འཕྲུལ་གྱིས་བྱོན་ནས་རྒྱལ་པོ་ཉིད་ལ་དབང་ལུང་རྣམས་ཞུས༔ ཕྱིས་ཨུ་རྒྱན་དངོས་སུ་ཕེབས་དུས་ལྷ་ས་ན་རྒྱལ་པོས་གཏེར་དུ་སྦས་པ་རྣམས་ཀྱང་བཏོན༔ ཁྲི་སྲོང་ལྡེའུ་བཙན་ལ་དབང་ལུང་རྣམས་གནང་ནས་སླར་གཏེར་དུ་སྦས་པ༔ དེ་དུས་དེ་རྣམས་ཀྱི་ནང་ནས་བསྡུས་ཏེ་སློབ་དཔོན་ཉིད་ཀྱིས་མང་དུ་མཛད་པ་རྣམས་གཏེར་དུ་སྦས་པ༔ ཕྱིས་


CMR019_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན་པ་ལས་འཇའ་ཚོན་པས་ངན་སོང་རང་གྲོལ༔ གཏེར་བཞེད་སྙིང་པོས་ནམ་མཁའ་རྒྱལ་པོ་སོགས་བཏོན་པ་ཡང་ལེགས་པར་ཐོབ་ཅིང་། ཁྱད་པར་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེའུ་གྲོ་ཞུན་ཟླ་བའི་ཡར་ཚེས་བཅུའི་ནང་ཞོགས་ཉམས་ཀྱི་སྣང་བར་ཨུ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་གིས་དངོས་སུ་གསུངས་པའོ༔ འདི་ལྟར་དངོས་སུ་གསུངས་པའི་སྒྲུབ་ཐབས་རྒྱས་བསྡུས་གསུམ་བྱུང་བ་ནི་སྙན་བརྒྱུད་ཡིན་ནོ༔ འདིར་གཏེར་མ་དང་སྙན་བརྒྱུད་གཉིས་ཀ་ཟུང་འཇུག་ཡིན་འདིའི་ཕན་ཡོན་དགོས་ཆེད་ནི༔ ཞལ་བཅུ་གཅིག་པའི་གཟུངས་ལས༔ ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཅིང་བྱང་བར་འགྱུར་རོ༔ མཚམས་མེད་པ་ལྔ་པོ་དག་ཀྱང་མ་ལུས་པར་བྱང་བར་བགྱིད་པར་འགྱུར༔ ཞེས་དང་༔ ལན་བདུན་བཟླས་བརྗོད་བགྱིས་ན་ལས་ཀྱི་སྒྲིབ་པ་བྱང་བར་བགྱིའོ༔ ཞེས་དང་༔ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་པདྨ་དྲ་བ་ཅན་ལས༔ སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི༔ གྲངས་སྙེད་ཞལ་ནས་གསུངས་པ་ཡི༔ རིག་སྔགས་སྙིང་པོ་གདོང་བཅུ་གཅིག༔ མཐུ་ཆེན་ཐོགས་པ་མེད་པ་སྟེ༔ འགྲོ་


CMR019_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་ཅིང་བདེ་བ་དང་༔ ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་༔ བཀྲ་མི་ཤིས་པ་ཀུན་ཟློག་ཅིང་༔ རྨི་ལམ་མཚན་མ་ངན་ཀུན་སེལ༔ དུས་མིན་འཆི་དང་ངན་སེམས་ཟློག༔ རྟག་ཏུ་དཔལ་དང་སེམས་བདེ་ཐོབ༔ མྱ་ངན་སྡུག་བསྔལ་ངལ་བ་སེལ༔ རྩོད་འཁྲུགས་ཐམས་ཅད་ཞི་བ་དང་༔ བདུད་དང་གདོན་བགེགས་ཞི་བར་འགྱུར་འཇིག་རྟེན་སྨོན་པ་ཀུན་འགྲུབ་ཅིང་༔ བདུད་དང་བར་ཆད་མཚོན་ཆ་དང་༔ དབྱུག་པས་རྡེག་དང་བཅིངས་པ་དང་༔ བཙོན་རར་བཅུག་དང་མཚོན་ཆའི་ཚལ༔ གསོད་སར་ཁྲིད་དང་ཡན་ལག་བཅད༔ མིག་འབྲུ་མཚོན་གྱིས་བཅད་པ་དང་༔ ཆུ་དང་མེ་དང་རླུང་ས་གཡོས༔ དུག་དང་བྱད་སྟེམས་རོ་ལངས་དང་༔ ཆོམ་རྐུན་མི་མ་ཡིན་ཀུན་གདོན༔ སྔོན་གྱི་ལས་དྲག་ཡོད་པ་ཡང་༔ རིག་སྔགས་འདི་ཡིས་སྲུང་བ་དང་༔ ལེན་དང་འཛིན་དང་བྲི་བ་དང་༔ ཀློག་དང་ཁ་ཏོན་བཤད་སོགས་རྣམས༔ བརྩོན་ལ་འཇིག་རྟེན་ལྷར་བཅས་དང་༔ བདུད་དང་ཚངས་པ་དགེ་སྦྱོང་དང་༔ བྲམ་ཟེར་བཅས་པས་གནོད་པ་མེད༔ སྔོན་གྱི་ལས་དྲག་ཡོད་པ་ཡང་༔ བྱང་ཞིང་སྲབ་སྟེ་མེད་པར་འགྱུར༔ ངེས་པའི་དངོས་པོ་


CMR019_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལགས་པས༔ རིག་གནས་མངོན་སུམ་ཡིད་ཆེས་པར༔ རྣམ་པར་རྟོག་མེད་སེམས་ཀྱིས་བླང་༔ དེ་སླད་སྐྱབས་དང་སྐྱོབ་པ་དང་། གསུང་དབུགས་འབྱིན་དང་དཔལ་མགོན་དང་༔ གླིང་དང་ཁང་ཁྱིམ་འདི་ཉིད་ཡིན༔ ཉེ་རིང་ས་ཕྱོགས་ཇི་སྲིད་བར༔ མཚམས་བཅད་ནས་ནི་རིག་སྔགས་དང་༔ འབྱུང་པོ་རྣམས་ཀྱི་འཚེ་བ་མེད༔ གང་གིས་སངས་རྒྱས་ཕྱག་འཚལ་མཆོད༔ སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས༔ མངོན་པར་དགའ་ཞིང་གཟུངས་སྔགས་འདི༔ ཉི་ཤུ་རྩ་གཅིག་བརྗོད་པ་ལ༔ ཕྱོགས་བཅུའི་སངས་རྒྱས་མ་ལུས་པ༔ མཚུངས་པར་ཡི་རངས་ལེགས་པ་སྦྱིན༔ རྩ་བ་བཞི་དང་མཚམས་མེད་ལྔ༔ མ་ལུས་སྡིག་ཀུན་བྱང་བར་འགྱུར༔ གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་། བཟུང་ནས་བྱམས་པ་སྙིང་རྗེའི་སེམས༔ དང་པོ་བསྐྱེད་ནས་བླ་མེད་ཀྱི༔ བྱང་ཆུབ་སེམས་མཆོག་ས་ལ་འགོད༔ གངྒཱའི་ཀླུང་བརྒྱས་སངས་རྒྱས་ཀྱི༔ མཚན་ནས་བརྗོད་ཅིང་བསྟོད་པ་བས༔ རིགས་ཀྱི་བུའམ་བུ་མོ་གང་༔ བདག་གི་མིང་བརྗོད་དྲན་བྱེད་ཅིང་༔ རིག་སྔགས་རྒྱུན་དུ་བརྗོད་ན་མེད༔ མྱུར་དུ་མཆོག་དགའི་ས་ཐོབ་ཅིང་༔ ལག་པའི་


CMR019_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་ནས་མཐོང་བ་ལྟར༔ བླ་མེད་བྱང་ཆུབ་མྱུར་དུ་འབྱུང་༔ ཞེས་དང་༔ པདྨ་ཅོད་པན་གྱི་རྒྱུད་ལས་ཀྱང་གཟུངས་སྔགས་འདི་གསུངས་ནས༔ སྔགས་འདི་འདོན་པར་བྱེད་པའི་རིགས་ཀྱི་བུའམ༔ རིགས་ཀྱི་བུ་མོའི་ལན་གཅིག་བརྗོད་དམ་དྲན་ཅིང་ཡིད་ལ་བྱས་སམ༔ ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་དེ་དང་ཉེ་བའི་ལས་འབྱོང་ཞིང་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་༔ མི་ཁོམ་པ་བརྒྱད་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ༔ གཅན་གཟན་དང་སྲིན་པོ་དང་མི་དང་མི་མ་ཡིན་པ་དང་ནད་དང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཨོཾ་རཀྵ་རཀྟ་ཞེས་པས་ཀྱང་བསྲུང་བར་བྱའོ༔ ཞེས་དང་༔ དེ་རྣམས་བསྡུས་པའི་སྔགས་ནི༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་སོ༔ འདིས་ནི་རིགས་གསུམ་གྱི་བདག་པོར་འགྱུར་ཏེ་ཕན་ཡོན་ནི་དེའོ༔ ཆོས་སྐུ་དང་གཟུགས་སྐུ་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ་ཞེས་གསུངས་སོ༔ དེ་ལྟ་བུའི་ཕན་ཡོན་མཐའ་ཡས་པའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་ཕྱག་སྟོང་སྤྱན་སྟོང་ལ༔ གསོལ་བ་


CMR019_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ་ཞུས་ནས་དེ་ནས་ནི༔ འདི་ཡི་རྗེས་ཟློས་གྱིས་སྨྲའོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །དང་པོ་ལས་བུམ་ཆུ་གཏོར་ཞིང་༔ ཨོ་བྱ་ཤྲཱི་བ་ཧཱུྃ་ཕཊ༔ ཅེས་བགེགས་བསྐྲད༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ དེའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་དྷཱི༔ཡིག་དཀར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་པདྨ་གསེར་མདོག་ས་མཚན་པར་གྱུར༔ སླར་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུ་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས་ནས་ཐིམ་པས་འོད་དུ་


CMR019_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས༔ ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་འཚེར་བ༔ ཞལ་བཅུ་གཅིག་གི་འོག་མ་དཀར་ལྗང་དམར་བའི་ཞལ་གསུམ༔ དེ་སྟེང་ལྗང་དམར་དཀར་བའི་ཞལ་གསུམ༔ དེ་སྟེང་དམར་དཀར་ལྗང་བའི་ཞལ་རྣམས་ཞི་ཞིང་མཛེས་པ༔ དེ་སྟེང་ཁྲོ་ཞལ་ནག་པོ་སྤྱན་གསུམ་མཆེ་བ་གཙིགས་པ༔ དེ་སྟེང་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་རྒྱུན་སྤངས་པ་མགུལ་པ་དང་བཅས་པའོ༔ རྩ་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཐུགས་ཀར་ཐལ་སྦྱར༔ གཉིས་པ་གཉིས་བགྲང་ཕྲེང་དང་པདྨ་གསུམ་པ་གཉིས་མཆོག་སྦྱིན་དང་སྤྱི་བླུགས༔ བཞི་པ་གཉིས་འཁོར་ལོ་དང་མདའ་གཞུ་འཛིན་པ༔ ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད་པ༔ དེ་ལྟར་ཕྱག་སྟོང་གི་མཐིལ་དུ་སྤྱན་རེ་རེས་མཚན་ཅིང་༔ དར་གྱི་སྟོད་གཡོགས་དང་དར་དཔྱངས༔ ཀ་ཤི་ཀའི་རས་ཀྱི་ཤམ་ཐབས་དང་རི་དྭགས་ཀྲྀཥྛ་ཤ་རའི་པགས་པས་ནུ་མ་གཡོན་བཀབ་པ༔ ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་དང་ཕྱག་གདུབ་ཞབས་གདུབ་སྐུ་རེགས་དོ་ཤལ་ཅན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ༔ འོད་ཟེར་དཀར་པོ་འཕྲོ་


CMR019_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་དབུས་སུ་ཧྲིདེ་ལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག དབྱངས་རོལ་མོ་དང་བཅས༔ ཧཱུྃ༔ དགོངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ བཞེངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞེངས༔ ལྷོ་ཡི་དེ་གནས་ཆེན་ངོ་མཚར་ཅན་ནས་བཞེངས༔ འཁོར་དང་དེ་བཅས་པ་ཐམས་ཅད་འདིར་བྱོན་ཅིག༔ དབུ་སྐྲ་དེ་ཐོར་གཙུག་ལྡེམས་སེ་ལྡེམ༔ རིན་ཆེན་གྱི་རྒྱན་ཆ་དེ་ཉི་ལི་ལི༔ གླུ་ལེན་དེ་གར་བྱེད་རོལ་མོ་སྒྲོག༔ བྱིན་གྱིས་དེ་བརླབ་པ་བསམ་མི་ཁྱབ༔ དངོས་གྲུབ་དེ་སྟེར་བ་རྩིས་མི་ལང་ཕབ་པ་ངོ་མཚར་ཆེ༔ ཐུགས་རྗེ་དེ་འཛིན་པ་དཔག་ཏུ་མེད༔ གསོལ་བ་དེ་རྩེ་གཅིག་འདེབས་པ་ཡི༔ མི་འདི་ལ་དེ་བྱིན་གྱིས་བརླབ་ཏུ་གསོལ༔ མི་འདི་ལ་དེ་དངོས་གྲུབ་ཐམས་ཅད་སྩོལ༔ མི་འདི་ལ་དེ་བྱིན་ཆེན་དབབ་ཏུ་གསོལ༔ མི་འདི་ལ་དེ་ཐུགས་རྗེས་འཛིན་པར་ཞུ༔ བྱིན་གྱིས་དེ་རློབས་ཤིག་སྤྱན་རས་གཟིགས༔ དངོས་གྲུབ་དེ་སྩོལ་ཅིག་སྤྱན་


CMR019_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས༔ བྱིན་ཆེན་དེ་ཕོབ་ཅིག་སྤྱན་རས་གཟིགས༔ ཐུགས་རྗེ་དེ་ཟུངས་ཤིག་སྤྱན་རས་གཟིགས༔ ཕ་བླ་མ་དེ་ཐུགས་རྗེ་ཆེན་པོ་ཁྱེད་ཉིད་ལ༔ མི་བདག་གིས་དེ་རྩེ་གཅིག་གསོལ་བཏབ་ན༔ ཁྱེད་ཀྱི་དེ་ཐུགས་དམ་ད་མཛོད་ཅིག རྒྱས་པར་ན་གཟུངས༔ བསྡུ་ན་ཡིག་དྲུག་ཆོག ཨོ་ལོ་ཀེ་ཤཱ་ར་བཛྲ་ཨཱ་ཝེ་ཤ་ཡ་ཨ༔ ཨཱཿ རྡོ་རྗེ་སྤྱི་བོར་བཞག་གམ་བཞག་ཚུལ་བྱ་ཞིང་༔ བརྟན་པར་བྱས་ཏེ་མང་ན་ནས་གཏོར༔ ཏིཥྛ་བཛ྄༔ བུམ་པ་ཐོགས་ལ༔ ཧྲཱིཿབཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་གནས༔ གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་བག་ཆགས་སྒྲིབ་བྱང་ནས༔ ལྷ་ཡི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ དབུ་རྒྱན་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ ང་རྒྱལ་རྣམ་པར་དག་པ་ཡི༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས༔ ཡོན་ཏན་མཆོག་ནི་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རཏྟ་ཨ་བྷི་ཥིཉྩ་མཱི༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་དབང་བསྐུར་


CMR019_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ འདོད་ཆགས་རྣམ་བར་དག་པ་ཡི༔ སོར་རྟོག་ཡེ་ཤེས་དབང་ཐོབ་ནས༔ ཤེས་རབ་མཆོག་ནི་ཐོབ་པར་ཤོག༔་ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་སཏྭ་ཧཱུྃ༔ དྲིལ་བུ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ ཕྲག་དོག་རྣམ་པར་དག་པ་ཡི༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས༔ ཕྲིན་ལས་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཛྲ་རྡོར་དྲིལ་ཐོགས་ལ༔ ཧཱུྃ༔ བདེ་གཤེགས་རིགས་ཀྱི་དབང་བསྐུར་བས༔ ཞེ་སྡང་རྣམ་པར་དག་པ་ཡི༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས༔ ཏིང་འཛིན་མཆོག་ཏུ་འགྱུར་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་ཨ་བྷི་ཥིཉྩཱམཱི༔ ཀྱེ༔ ཐུགས་རྗེའི་དབང་ཕྱུག་ཅེས་བྱའོ༔ དེ་རྣམས་ཀྱིས་མ་རིག་པ་ལྔ་དག་ནས་ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་རིགས་ལྔ་ལམ་དུ་བྱས་པས་རིག་པའི་དབང་ཞེས་བྱའོ༔ སྐུ་གཟུགས་སྤྱི་བོར་བཞག་ལ་ཧཱུྃ༔ བདེ་གཤེགས་འདུས་པ་ལྷ་ཡི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ མ་ཧཱ་ཀཱ་རུ་ཎི་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་


CMR019_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་ལུས་ཀྱི་སྒྲིབ་པ་དག སྐུའི་དབང་ཐོབ༔ ཕྱག་སྟོང་སྤྱན་སྟོང་གི་སྐུ་བསྒོམ་པར་དབང་༔ འབྲས་བུ་སྤྲུལ་སྐུའི་ས་བོན་ཐོབ་པའོ༔ དེ་ནས་ཡི་གེ་དྲུག་པ་སོ་སོར་བྲིས་པའམ༔ ཡང་ན་ཕྱོགས་གཅིག་ཏུ་དངུལ་གྱིས་བྲིས་པ་ཐོགས་ལ་སངས་རྒྱས་ཀུན་གྱིས་བསྔགས་གྱུར་བས༔ དམ་ཆོས་མ་ལུས་འདུས་པའི་བཅུད༔ འགྲོ་བ་ཡོངས་ཀྱི་དཔལ་དུ་ཤར༔ ཡི་གེ་དྲུག་པའི་དབང་ཞིག་བསྐུར༔ སངས་རྒྱས་ཀུན་གྱི་སྙིང་པོའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བགྱི༔ སངས་རྒྱས་ཐམས་ཅད་འདུས་ནས་ནི༔ རིག་སྔགས་རྒྱལ་པོའི་དབང་ཞིག་བསྐུར༔ ཨོ་ནི་སྦྱིན་པའི་ཕ་མེ་རོལ་ཕྱིན༔ སེར་སྣ་མེད་པའི་བཅོམ་ལྡན་འདས༔ སངས་རྒྱས་ཀུན་འདུས་ཆོས་ཀྱི་སྐུ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མ་ནི་བཟོད་པའི་ཕ་རོལ་ཕྱིན༔ ཁྲོ་བ་མེད་པའི་བཅོམ་ལྡན་འདས༔ བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཎི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན༔ ཉོན་མོངས་སྐྱོན་བྲལ་བཅོམ་


CMR019_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས༔ སྐུ་གསུམ་ལྷུན་གྲུབ་སྤྲུལ་པའི་སྐུ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ པད་ནི་བསམ་གཏན་ཕ་རོལ་ཕྱིན༔ རྣམ་གཡེང་མེད་པའི་བཅོམ་ལྡན་འདས་ཤེས་བྱ་ཐམས་ཅད་མཁྱེན་པའི་སྐུ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན༔ ལེ་ལོ་མེད་པའི་བཅོམ་ལྡན་འདས༔ མཁྱེན་བརྩེས་འགྲོ་བ་ཁྱབ་པའི་གསུང་༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ནི་ཤེས་རབ་ཕ་རོལ་ཕྱིན༔ ཕྲིན་ལས་ཀུན་འདུས་བཅོམ་ལྡན་འདས༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཐུགས༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སངས་རྒྱས་ཀུན་གྱི་བྱིན་བརླབས་པས༔ ཆོས་ཀྱི་སྙིང་པོ་བླ་ན་མེད༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མགྲིན་པར་བཞག༔ རྒྱས་པར་ན་གཟུངས་རིང་༔ འབྲིང་གཟུངས་ཐུང་༔ བསྡུས་པ་ཡིག་དྲུག་རྗེས་ཟློས་ལན་གསུམ་བཅུག དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐ་འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་


CMR019_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ ཕྱག་སྟོང་སྤྱན་སྟོང་གི་གཟུངས་སྔགས་བཟླ་བར་དབང་༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་ནོ༔ སྦ་ལྕག་གམ་ཤེལ་ལམ་མེ་ལོང་མེད་ན་རྡོ་རྗེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ རང་བྱུང་ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྣ་ཚོགས་འཆར་བ་རིག་པའི་རྩལ་ཡིན་ཏེ༔ དབང་པོ་ཚོགས་དྲུག་ཡུལ་དྲུག་དབྱིངས་ནས་གསལ༔ ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ངང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པ་རྩལ་གྱི་དབང་མཆོག་ཐོབ་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ ཏིང་ངེ་འཛིན་བསྒོམ་པར་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའོ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་


CMR019_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག༔ ཨ་དརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུ་བར་ཤོག པདྨ་ལི་ཁྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གི་ཝཾ་དུག་གསུམ་སེལ་བའི་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ དུཁ་ཤཱནྟཾ་ཀུ་རུ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུངས་ཀར་དྲག་པོའི་རྫས་མཆོག་དམ་པ་ནི༔ བར་ཆད་གདོན་བགེགས་ཞི་བའི་དབང་ཐོབ་ཤོག༔ ཛ་ཐུམ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྩྭ་མཆོག་དཱར་ཝས་ཚེ་ཡི་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་ཚེ་ཡི་དབང་ཐོབ་ཤོག༔ ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལོན་པར་ཤོག༔ ཧྲི་ད་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དུང་དཀར་པོ་སྙན་པས་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་བར་ཤོག༔ ན་མ༔སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཆོད་རྫས་བིལ་ཝར་བཀྲ་ཤིས་རྫས་འདུས་ཏེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བི་ཛ་པཱུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས་རྒྱལ་བུ་རྒྱལ་སར་ཁྲི་སྟོན་བྱེད་པ་ལྟར་འགྱུར་རོ༔ གཏོར་མ་ཐོགས་ལ༔ ཧཱུྃ༔


CMR019_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཕྱག་སྟོང་སྤྱན་སྟོང་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག །གཏོར་མ་ཙཀྐི་དང་བཅས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན༔ སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཆིལ་ཆིལ་བྱོན་ནས་ཁྱེད་རང་རྣམ་ལ་ཐིམ་པས་བྱིན་གྱིས་བརླབས་པར་སྒོམས༔ བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་མགོན་པོ་སྤྱན་རས་གཟིགས་དགེ་སློང་མ་དཔལ་མོ༔ པཎྜི་ཏ་ཡེ་ཤེས་བཟང་པོ༔ པཎྜི་ཏ་ཟླ་བ་བཟང་པོ༔ པཎྜི་ཏ་ཟླ་བ་གཞོན་ནུ༔ ཇོ་བོ་རྗེ་ཨ་ཏི་ཤ ལྷ་བླ་མ་ཡེ་ཤེས་འོད༔ པེ་ཉ་བ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་པ་གསར་མ་བརྒྱུད་པའི་བླ་མ་རྣམས་དང་༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་སྲོང་བཙན་སྒམ་པོ༔ སློབ་དཔོན་པདྨ་འབྱུང་གནས༔ ཇོ་མོ་མཁར་ཆེན་མཚོ་རྒྱལ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ རིག་འཛིན་འཇའ་ཚོན་སྙིང་པོ༔ གཏེར་བཞེད་སྙིང་པོ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་


CMR019_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རྙིང་མ་བརྒྱུད་པ་རྣམས་དང་༔ ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ༔ ནམ་མཁའ་རྒྱལ་པོ༔ ངན་སོང་རང་གྲོལ༔ ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ ནད་གདོན་སྡིག་སྒྲིབ་བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ བསོད་ནམས་དང་ཡེ་ཤེས་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འཕེལ་བར་མཛད་དུ་གསོལ༔ འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ངན་པ་ཐམས་ཅད་ཆོད་པར་མཛད་དུ་གསོལ༔ ཐར་པ་དང་བྱང་ཆུབ་ཀྱི་ལམ་སྒོ་ཐམས་ཅད་འབྱེད་པར་མཛད་དུ་གསོལ༔ ནམ་འཆི་བའི་ཚེ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ༔ རྒྱས་པར་ན་གཟུངས་རིང་དང་༔ བསྡུ་ན་ཡིག་དྲུག་ཤམ་དུ༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་མཱི་དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་ས༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔་ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག་དེས་བཀའ་མ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་དང་༔


CMR019_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་སྙིང་པོའི་གཏེར་མ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དང་༔ བདུད་འདུལ་རྡོ་རྗེའི་གཏེར་མ་ནམ་མཁའ་རྒྱལ་པོ་དང་༔ གནམ་ཆོས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་རྒྱས་བསྡུས་གསུམ་བྱུང་བ༔ དེ་རྣམས་ཀྱི་དབང་གཅིག་ཏུ་བསྡུས་པ་ལེགས་པར་ཐོབ་པ་ཡིན་པས༔ ད་ཕྱིན་ཆད་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་རང་ཉིད་ཕྱག་སྟོང་སྤྱན་སྟོང་བྱེ་བ་ཕྲག་བརྒྱ་བསྐྱེད༔ དེ་རྣམས་ཀྱི་ཞལ་ནས་ཡི་གེ་དྲུག་པ་གསུངས་པས༔ སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡི་གེ་དྲུག་པ་འུར་དི་རི་རི་བཟླ་བར་བསྒོམས་ལ༔ ཡི་གེ་དྲུག་པ་ཕྲེང་སྐོར་གཅིག་བཟླས་ཀྱང་འཕགས་པ་གྲུབ་པའི་གདམས་ངག་ཡིན་པས༔ དེ་ལྟར་རྒྱུན་དུ་ཉམས་སུ་ལེན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ཞེས་པ་འདི་ནི་གནམ་ཆོས་ཀྱི་ཆགས་ཕྱི་ལ་དམིགས་ནས་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ འདི་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་༔ དགེ་བས་འདི་དང་འབྲེལ་བ་ཐོགས་ཚད་འཕགས་པ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག༔ མངྒ་ལཾ༔ ༔


CMR019_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་གཏེར་ཟུང་འཇུག་ཕྱག་སྟོང་སྤྱན་སྟོང་གི་དབང་ཁྱེར་བདེ་བཀོད་པ།next