Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
གནམ་ཆོས་དགོངས་གཏེར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུག
   
   
   
   
   
   
   


 
previousགནམ་ཆོས་དགོངས་གཏེར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུགnext

གནམ་ཆོས་དགོངས་གཏེར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུག


CMR019_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་དགོངས་གཏེར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུག་བཞུགས་སོ༔


CMR019_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཧྱ་པ་ཏི་ན་མོ༔ གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ འདིར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུག་བཀོད་པ་ལ༔ གསང་བདག་འཁོར་དང་བཅས་པས་བཀའི་གནང་བ་བསྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ༔ བུམ་པ་གཏོར་མ་ལ་སོགས་པའི་དབང་ཆས་སྤྱི་ལྟར་བཤམས་ནས༔ སྐྱབས་སེམས་སྤྱི་འགྲོས་ད་ནངས་སོང་བས་འཐུས༔ སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་བསྒོམས་ཏེ༔ བཛྲ་ཞེས་པའི་སྒྲ་གྲག་པས༔ རང་ཉིད་དང་མདུན་བསྐྱེད་གཏོར་མའི་རྩེ་དང་བུམ་པའི་ནང་དུ༔ ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རྡོ་རྗེ་སྡིགས་མཛུབ༔ འོག་མ་གཉིས་ཐུགས་ཀར་སེ་གོལ་གཏོགས་


CMR019_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ ཞབས་འདོར་ཐབས་སུ་བསྒད་པ༔ དེའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག༔ དེའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེ་བྱེ་བ་གྲངས་མེད་པ་ཆར་ལྟར་བྱོན་ནས་རྒྱུན་མ་ཆད་པར་བདག་མདུན་བུམ་ལྷ་ལ་ཐིམ་པས༔ ཧཱུཾ་དང་སྔགས་ཕྲེང་ལས་མེ་འབར་བས་རྡོ་རྗེ་སྔགས་དང་བཅས་པ་ལྕགས་སྲེག་ལྟར་མེའི་རང་བཞིན་དུ་གྱུར༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ ཞེས་བརྒྱ་རྩ་བརྒྱད་ཡན་ཅི་འགྲུབ་བཟླ༔


CMR019_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྷཾ་སོགས། སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད༔ བུམ་ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར༔ དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ་ལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བ་ཡིན་ཏེ༔ སྤྱིར་ཕྱག་ན་རྡོ་རྗེ་འདི་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན༔ འདིའི་ཕན་ཡོན་ཡང་བརྗོད་ལས་འདས་ཏེ༔ ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ལས༔ བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་པོ་དབང་ལྡན་ལ་བཀའ་སྩལ་པ༔ འབྱུང་པོའི་བདག་པོ་གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས༔ གང་གིས་རིག་པའི་རྒྱལ་པོ་ཆེན་པོ་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ལས་བསོད་ནམས་མང་དུ་བསྐྱེད་དོ༔ ཞེས་གསུངས་པའི་ཕྱིར་ལྷ་གཞན་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་དབང་ཐོབ་པ་བས་འདིའི་དབང་ལན་གཅིག་ཐོབ་པ་བསོད་ནམས་ཆེ་བར་གོང་གི་ལུང་


CMR019_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དེས་གསལ༔ ཕྱག་ན་རྡོ་རྗེ་འདི་ལ་ཡང་རིགས་བརྒྱ་རྩ་བརྒྱད་ཡོད་པ་ནི་མཚན་བརྒྱའི་བསྟོད་པ་ནས་གསུངས་པ་ཡིན་ལ༔ དེའི་ནང་ནས་ཨུ་ཙརྱ་འདི་ཤིན་ཏུ་རྣོ་མྱུར་ཆེ་སྟེ༔ འདི་ཕྱག་ན་རྡོ་རྗེ་ངན་སྔགས་ལུགས་སུ་སྒྲུབ་པ་ཡིན་པས་སྔགས་ཀྱང་མང་པོ་བཟླ་མི་དགོས་ཞེས་བཤད༔ སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྒྱ་གར་ལྷོ་ཕྱོགས་༈ གྱད་ཀྱི་ཡུལ་གྱི་ཉེ་འཁོར་ཤིང་སྭ་ལ་ཟུང་གི་ཚལ་ནགས་ཚལ་དྲྭ་བ་ཅན་སྐྱེས་བུ་སྟོབས་དང་ལྡན་པའི་གནས་སུ་འཇམ་དཔལ་ཏཱིཀྟ་དང་རྡོ་རྗེ་འཛིན་སོགས་ལ་འདིའི་རྒྱུད་རྡོ་རྗེ་ལས་ཀྱི་རྒྱུད་ཅེས་བྱ་བ་གསུངས༔ དེ་གསང་བའི་བདག་པོས་གྲུབ་ཆེན་པདྨ་བཛྲ་ལ་གནང་༔ དེས་ཀླུ་སྒྲུབ་ལ་གནང་༔ ཀླུ་སྒྲུབ་ཀྱིས་འདིའི་སྒྲུབ་ཐབས་རྒྱ་གཞུང་ཡང་མཛད༔ ཀླུ་སྒྲུབ་ཀྱིས་སློབ་དཔོན་ཙནྡྲ་གོ་མི་ལ་གནང་༔ དེ་དུས་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་ཀླུ་ནད་བྱུང་ནས་ཙནྡྲ་གོ་མི་ལ་འདི་ཞུས་པས་ཕན༔ རྒྱལ་པོས་བླ་མ་ཟངས་གླིང་པ་ལ་གནང་༔ ཁོང་གིས་གཞན་མང་པོ་ལ་འདི་གནང་བས་མི་སྟོང་ཚོ་བཅུ་གསུམ་གྱི་ནད་གདུག་པ་ཅན་ལ་ཕན༔ ཁོང་བོད་དུ་བྱོན་ནས་འུ་ཤང་རྡོའི་ལྷ་ཁང་ན་བཞུགས་པས་ནད་པ་སྟོང་ལྷག་ཙམ་ལ་ཕན༔


CMR019_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིམ་གྱིས་བརྒྱུད་པའི་དབང་གི་བརྒྱུད་པ་ཡང་ཐོབ་ལ༔ ཡང་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱུང་བའི་དབང་ལུང་ཐོབ་པས༔ བཀའ་གཏེར་ཟུང་དུ་འཇུག་པ་ཡིན་། ལྟར༔ འདི་ནི་གཟའ་ཀླུ་ས་བདག་གི་ནད་ཞི་བའི་མཆོག་ཡིན་ཏེ༔ ཕྱག་ན་རྡོ་རྗེ་ངན་སྔགས་ལུགས་སུ་སྒྲུབ་པ༔ གསང་སྔགས་ཟབ་མོ་གནད་ཀྱི་གདམས་པ༔ དྲག་པོ་ཐོག་དང་འདྲ་བ༔ ཀླུ་ས་བདག་གི་སྡེ་དང་བགེགས་དཔུང་མ་ལུས་འདུལ་བ་འདི་དྲན་པ་ཙམ་གྱིས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་ནུས་པ༔ བཟླས་པ་ཙམ་གྱིས་གདོན་ཐམས་ཅད་རབ་ཏུ་འདར་བ་འབྲོས་པ་དང་འབྱེར་བར་འགྱུར་རོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ས་བདག་ཀླུ་གཉན་དར་དུས་སུ༔ དམ་ཚིག་མི་སྲུང་བསྒྲུབ་མི་ནུས་དེ་ཕྱིར་སྔགས་ཀྱི་བྱིན་རླབས་དཀོན༔ ཌཱ་ཀི་མ་གསེར་གྱི་འོད་ཟེར་ཅན་གྱིས་མཁའ་འགྲོ་མ་སྦས་པའི་རྒྱུད་ནས་བསྡུས༔ ཚིག་དོན་ཆེ་བའི་གདམས་ངག་ཅེས་དང་༔ འབུམ་ཚོ་གསུམ་གྱིས་ལྷ་ཞལ་མཐོང་བར་གྱུར་ཏོ༔ འདི་ལ་ཡི་དམ་བྱེད་པ་རྣམས་ནི་བསྐལ་པ་སྟོང་དུ་ཀླུ་དང་གཉན་ནད་ས་བདག་གིས་མི་ཚུགས་ཤིང་ལྕང་ལོ་ཅན་དུ་སངས་རྒྱས་པར་འགྱུར་རོ༔ ཞེས་གསུངས༔


CMR019_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཙརྱའི་སྔགས་རིང་འདི་ངན་སྔགས་ཡིན་པས་མང་པོ་བཟླ་མི་དགོས༔ དྲག་སྔགས་ཡིན་པས་གྲངས་མེད༔ མི་ཚིག་གིས་བར་མ་ཆོད་ཅིང་ཏིང་ངེ་འཛིན་མ་ཡེངས་པར་ཞག་གཅིག་གིས་ཕྱག་ན་རྡོ་རྗེའི་ནུས་པ་དང་མཉམ་པར་འགྲོ་ཞིང་སྡེ་བརྒྱད་བྲན་ལྟར་ལས་བྱེད༔ བོད་དུ་འགྱུར་བའི་སྔགས་འདི་བས་ཟབ་པ་མེད༔ བླ་མས་སྟོང་ཚོ་གསུམ་གྱི་མཛེ་སོས་སོ༔ འགྲུབ་རྟགས་ནི་གླེགས་བམ་དུ་མ་མཐོང་ཞིང་ལག་ཏུ་ལེན་པ་དང་༔ རོལ་མོའི་སྒྲ་སྒྲོག་པ་དང་༔ ཆོས་ཉན་བཤད་བྱེད་པ་དང་༔ དཀྱིལ་འཁོར་འབྲི་བ་དང་༔ ཡིདེའི་སྐུ་གཟུགས་དང་རྡོ་རྗེ་ལ་སོགས་ལྷའི་ཕྱག་མཚན་རྙེད་པ༔ མཐོང་བ༔ ལོ་ཏོག་བཟང་པོ་མཐོང་བ༔ གཅན་གཟན་གྱི་གོས་སམ་ཐུལ་པ་བཟང་པོ་གྱོན་པ༔ རྒྱན་བཟང་པོ་བ་བཏགས་པ༔ མཚོན་ཆ་རྣོན་པོ་ཐོགས་པ༔ ཉི་ཟླ་གཟའ་སྐར་དང་ཁྲོན་པ་ལས་བཅུད་འདྲེན་པ༔ དེ་རྣམས་རྨིས་ན་འགྲུབ༔ རྨི་ལམ་རྣོན་པོར་འགྲོ༔ མངོན་རྟགས་མིག་གི་མངོན་ཤེས་ཀྱིས་སྲིད་པ་གསུམ་མཐོང་བར་འཆར༔ སྐྱེ་བ་སྔ་ཕྱི་དྲན་པ་དང་རས་བྲིས་བཞད་པ་དང་༔ འོད་འབྱུང་བར་འགྱུར་རོ༔ ཞེས་གསུངས་སོ༔ མདོར་ན་གདོན་གྱི་


CMR019_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་ཕྱག་རྡོར་གྱིས་པར་ཡོངས་སུ་གྲགས༔ ཕྱག་རྡོར་གྱི་ནང་ནས་འདི་ཤིན་ཏུ་རྣོ་བར་ཀུན་ལ་ཡོངས་སུ་གྲགས༔ དེ་ལ་རབ་འདིའི་བསྙེན་པ་བྱེ་བའམ༔ དེ་མ་གྲུབ་ཀྱང་འདིའི་དབང་མང་དུ་ཞུ་བ་སོགས་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་པའི༔ གཟའ་ཀླུ་ས་བདག་གི་ནད་ཐམས་ཅད་ལ་མི་ཕན་མི་སྲིད༔ གདོན་ཚབས་ཆུང་ན་དབང་རེ་རེས་ཀྱང་ཕན་ནོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་གྱིས༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔་ཁྱད་པར་ཕྱག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ གསུམ། ད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྡིག་པ་ཐམས་ཅད་བཤགས་སོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས༔ དཀོན་མཆོག་གསུམ་ལ་ཟབདག་སྐྱབས༔ ཕྱག་རྡོར་ལ་ཡང་བདག་སྐྱབས༔ སྡིག་པ་མི་དགེ༔ འགྲོ་བའི་དགེ༴ སངས་རྒྱས་བྱང་ཆུབ༔ སངས་རྒྱས་ཆོས༴ བྱང་ཆུབ་བར༴ རང་གཞན༴ བྱང་ཆུབ༴ བྱང་ཆུབ༴ སེམས་ཅན་ཐམས་ཅད༴ བྱང་ཆུབ༴ འགྲོ་ལ༴ གསུམ། ད་ཁྱེད་རང་སློབ་མ་རྣམས་ལྷར་བསྐྱེད་པའི་དོན་དུ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་


CMR019_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོ་རྗེའི་རྭ་གུར་མེ་འབར་བ་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ་ཁྱེད་རང་ལ་གནོད་པའི་གཟའ་ཀླུ་ས་བདག་མནན་པའི་སྟེང་དུ༔ ཁྱེད་རང་གི་སེམས་ཉིད་ཧཱུཾ་མཐིང་ནག་བཛྲ་ཞེས་པའི་སྒྲ་གྲག་པས་ཧཱུཾ་དེ་གནམ་ལྕགས་ཀྱི་རྡོ་རྗེར་གྱུར༔ ཨོཾ་བཛྲ་པཱ་ཎི་ས་མ་ཛ༔ ཞེས་པའི་སྒྲ་གྲག་པས་རྡོ་རྗེ་དེ་འོད་དུ་ཞུ་བ་ལས༔ ཁྱེད་རང་རྣམས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ༔ སྤྱན་གསུམ་མེ་མདག་གི་ཕུང་པོ་འདྲ་བ༔ གདུག་པ་ཅན་ལ་སྡང་མིག་ཏུ་གཟིགས་པ༔ དབུ་སྐྲ་སྨྲ་ར་དམར་སེར་གྱེན་དུ་འབར་བ༔ ཕྱག་གཡས་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་མེ་རབ་ཏུ་འབར་བ་ནམ་མཁའ་ལ་ཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་བགེགས་ལ་གཟིར་བ༔ དབུ་ལྷ་གནས་སུ་བསླེབས་ཤིང་ཞབས་རྒྱ་མཚོའི་གཏིང་དུ་པད་ཉི་དང་ཀླུ་གཉན་གྱི་སྟེང་དུ་གཡས་བསྐུམ་ཞིང་གཡོན་བརྐྱང་གིས་བཞུགས་པ༔ ཀླུ་བརྒྱད་སྦྲུལ་གྱི་གཟུགས་སུ་གྱུར་པ་དེ་ནོར་རྒྱས་དང་དུང་སྐྱོང་སེར་པོའི་དབུ་རྒྱན༔ དགའ་བོ་དང་ཉེ་དགའ་བོ་དམར་པོའི་སྙན་མ༔ པདྨ་དང་ཆུ་ལྷ་དཀར་པོའི་དཔུང་རྒྱན་


CMR019_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་གདུབ༔ འདབ་བཟང་དང་རིགས་ལྡན་ནག་པོའི་སེ་རལ་ཁ་དང་ཞབས་གདུབ་བྱས་པ༔ རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཅན༔ མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན༔ ཞིང་ལྤགས་དང་གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་མེ་འབར་བས་གཏམས་ཤིང་༔ ཁྱུང་ཆེན་རིགས་ལྔ་ཕོ་ཉར་འགྱེད་པ༔ མེ་དཔུང་འབར་བའི་ཀློང་ན་རྔམས་ཤིང་ཁྲོས་པས་བཞུགས་པ༔ དེའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བ་ལ་རང་འདྲ་བའི་ཁྲོ་ཆུང་ཚོན་གང་བ༔ ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ་པ༔ རྡོ་རྗེའི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་ཞིག་ལ་སྔགས་ཕྲེང་དམར་ནག་གིས་བོ༔ གཡས་སྐོར་དུ་བསྐོར་བར་བསམ་པའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་ཕྱག་རྡོར་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མ་རྣམས་ལ་ཐིམ་པར་གྱུར༔ ཧཱུྃ༔ ཕྱག་རྡོར་ཨུ་ཙརྱའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔


CMR019_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་ཨུ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད༔ ཡེ་ཤེས་པ་དེ་བརྟན་པར་གྱུར༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག༔ དེས་དབང་གི་གཞི་བཀོད་པ་སོང་ནས༔ ད་སྐུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན༔ སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་གསང་བའི་བདག་པོ་ཡི༔ སྐུ་ཡི་དབང་བསྐུར་སྩལ་དུ་གསོལ༔ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་ཕྱག་རྡོར་བཞུགས་པའི་གནས༔ ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་གང་དབང་བཞི་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ དབང་བསྐུར་སྐུ་གང་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར༔ ཧཱུྃ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི༔ སྐུ་མཆོག་འབར་བའི་འོད་ཟེར་ཅན༔ གདུག་པ་ཅན་རྣམས་འདུལ་མཛད་པའི༔ སྟོབས་ཆེན་སྐུ་ཡི་བཀྲ་ཤིས་ཤོག དེས་སྐུའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག༔


CMR019_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བསྐྱེད་རིམ་བསྒོམ་པར་དབང་༔ མ་འོངས་པ་ན་ལུས་སྤྲུལ་སྐུ་ཐོབ་པའི་སྐལ་བ་དང་ལྡན་པའོ༔ གཉིས་པ་གསུང་གི་དོན་དུ་རྗེས་ཟློས་མཛོད༔ དཔལ་ལྡན་གསུང་གི་རྡོ་རྗེ་འཛིན༔ གསུང་གི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་གསང་བའི་བདག་པོ་ཡི༔ གསུང་གི་དབང་བསྐུར་སྩལ་དུ་གསོལ༔ འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས༔ ཁྱེད་རང་གི་ཞལ་དུ་ཞུགས༔ ཐུགས་ཀར་ཐིམ་པས་ཐུགས་ཀའི་སྔགས་འཁོར་ལས་མེ་དམར་ནག་ཇེ་ཆེར་འཕྲོས་ནས་ལུས་ནང་གི་ནད་གདོན་སྡིག་སྒྲིབ་བསྲེགས༔ རོ་མ་བ་སྤུའི་བུ་ག་ནས་ཕར་ཐལ་ནས་བུད་སོང་བར་བསྒོམས༔ མེ་རྣམས་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་པ་ཐམས་ཅད་བསྲེགས་ནས་རང་མེ་དཔུང་གི་དབུས་ན་ཡོད་པར་བསྒོམས་ལ༔ ཕྲེང་བ་བགྲངས་ལ་སྔགས་ཀྱི་རྗེས་ཟློས་གྱིས༔ ཨོཾ་བཛྲ་ཨུ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ནས་གཏོར། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི༔ གསུང་མཆོག་འབར་བའི་འོད་ཟེར་གྱིས༔


CMR019_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་པ་འཇོམས་མཛད་པ༔ སྔགས་རྣམས་གསུང་གི་བཀྲ་ཤིས་ཤོག༔ དེས་གསུང་གི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ ངག་སྔགས་བཟླ་བར་དབང་༔ འབྲས་བུ་ལོངས་སྐུ་འགྲུབ་པ་གསུང་གི་དབང་ཡིན༔ གསུམ་པ་ཐུགས་ཀྱི་དོན་དུ་རྗེས་ཟློས་མཛོད༔ དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན༔ ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་གསང་བའི་བདག་པོ་ཡི༔ ཐུགས་ཀྱི་དབང་བསྐུར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་རྡོ་རྗེ་ལས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་སློབ་མའི་ཐུགས་ཀར་ཐིམ༔ ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་ཐུགས་ཀར་ཐིམ་ནས་བྱིན་གྱིས་བརླབ་པར་སྒོམས༔ དབང་བསྐུར་རྡོ་རྗེ་ཆེན་པོ་ནི༔ ཁམས་གསུམ་ཀུན་གྱི་ཕྱག་བྱས་པ༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉཧཾ༔ ཞེས་རྡོ་རྗེ་སྙིང་གར་རེག་ཅིང་༔ ཕྱག་ན་རྡོ་རྗེ་ཨུ་ཙ་ཙརྱའི་སྐུ་གསུང་ཐུགས་དང་


CMR019_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་སྒོམས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི༔ ཐུགས་མཆོག་འབར་བའི་འོད་ཟེར་གྱིས༔ རྣམ་རྟོག་ཐམས་ཅད་འཇོམས་མཛད་པའི༔ མི་རྟོག་ཐུགས་ཀྱི་བཀྲ་ཤིས་ཤོག དེས་ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྒྲིབ་པ་དག༔ སེམས་ཏིང་ངེ་འཛིན་བསྒོམ་པར་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ བཞི་པ་ཡོན་ཏན་གྱི་དོན་དུ་རྗེས་ཟློས་མཛོད༔ དཔལ་ལྡན་ཡོན་ཏན་རྡོ་རྗེ་འཛིན༔ ཡོན་ཏན་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་གསང་བའི་བདག་པོ་ཡི༔ ཡོན་ཏན་དབང་བསྐུར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཕྱག་ན་རྡོ་རྗེའི་ཡོན་ཏན་གྱི་ངོ་བོ་དཔལ་གྱི་ཆས་བཅུ་རིམ་པར་བགོས་པར་སྒོམས་ཤིག༔ ཧཱུྃ༔ སངས་རྒྱས་བཞུགས་གནས་རིན་ཆེན་འོད༔ འཁོར་ལོ་རྡོ་རྗེ་རིན་ཆེན་མཛེས༔ པདྨ་རྒྱ་གྲམ་དམ་ཚིག་གནས༔ དབུ་རྒྱན་ཟེ་སྲོག་དབང་བསྐུར་རོ༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔་ང་རྒྱལ་མ་སྤངས་རང་གྲོལ་སྐུ་ལྔས་འགྲོ་དོན་མཛད༔ ཡེ་ཤེས་ལྔ་ལྡན་ཐོད་ཕྲེང་དབང་བསྐུར་རོ༔ ཧཱུྃ༔ གཏི་མུག་མ་


CMR019_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་རང་གྲོལ་ཤེས་རབ་འགྲོ་དོན་མཛད༔ སྤྲོས་བྲལ་གླང་ཆེན་ཀོ་རློན་དབང་བསྐུར་རོ༔ ཧཱུྃ༔ ཞེ་སྡང་མ་སྤངས་རང་གྲོལ་ཐབས་ཀྱིས་འགྲོ་དོན་མཛད༔ ཀུན་གྲོལ་སྦྲུལ་གྱི་ཆུན་པོས་དབང་བསྐུར་རོ༔ ཧཱུྃ༔ ཕྲག་དོག་མ་སྤངས་ཚད་མེད་འགྲོ་དོན་མཛད༔ ཕྲིན་ལས་བཞི་ལྡན་ཞིང་ཀོས་དབང་བསྐུར་རོ༔ ཧཱུྃ༔ འདོད་ཆགས་མ་སྤངས་དཔའི་བས་འགྲོ་དོན་མཛད༔ ཁམས་གསུམ་སྒྲོལ་མཛད་སྟག་ཤམ་དབང་བསྐུར་རོ༔ ཧཱུྃ༔ མཁའ་དབྱིངས་རྣམ་དག་རཀྟས་གདུག་པ་སྒྲོལ༔ ཁམས་གསུམ་དབང་སྡུད་ཁྲག་ཆེན་དབང་བསྐུར་རོ༔ ཧཱུྃ༔ བསོད་ནམས་ཚོགས་ཆེན་རྒྱུ་དྲུག་འཁོར་བའི་བཅུད༔ བྱང་ཆུབ་ཞག་གི་ཟོ་རིས་དབང་བསྐུར་རོ༔ ཧཱུྃ༔ སྐྱེ་ཤི་རྩད་གཅོད་འཁོར་བ་སྒྲོལ་མཛད་པའི༔ གདུག་པ་ཀུན་འདུལ་ཐལ་ཆེན་དབང་བསྐུར་རོ༔ ཧཱུྃ༔ མི་འགྱུར་མི་ཤིགས་སྲིད་གསུམ་འཇོམས་མཛད་པའི༔ ཅིས་ཀྱང་མི་ཚུགས་གོ་ཁྲབ་དབང་བསྐུར་རོ༔ ཧཱུྃ༔ ཡེ་ཤེས་མེ་འབར་འཁོར་བའི་རྒྱུ་མཚོ་སྐེམ་པར་མཛད༔ མ་རིག་མུན་སེལ་མེ་དཔུང་དབང་བསྐུར་རོ༔ ཧཱུྃ༔ ཕར་ཕྱིན་དྲུག་ལྡན་ཤེས་རབ་ཡུམ་དགུས་རྒྱན༔ རུས་པའི་


CMR019_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དྲུག་རྣམས་ཀྱིས་དབང་བསྐུར་རོ༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་ཤ་ཛ༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་ན༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༔ སྐྱོན་མེད་ཡོན་ཏན་བཀྲ་ཤིས་ཤོག་དེས་ཡོན་ཏན་གྱི་དབང་ཐོབ༔ ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒྲིབ་པ་དག༔ འདིའི་ཕན་ཡོན་རྣམས་ཐོབ༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ ལྔ་པ་ཕྲིན་ལས་ཀྱི་དོན་དུ་འདིའི་རྗེས་ཟློས་མཛོད༔ དཔལ་ལྡན་ཕྲིན་ལས་རྡོ་རྗེ་འཛིན༔ ཕྲིན་ལས་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་གསང་བའི་བདག་པོ་ཡི༔ ཕྲིན་ལས་དབང་བསྐུར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་དཔྲལ་བ་དང་གནས་ལྔ་ནས་ཁྱུང་དཀར་སེར་དམར་ལྗང་མཐིང་ག་ལྔ་འཕྲོས་ནས་ཁྱེད་རང་གི་གནས་ལྔར་ཐིམ་པས་ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ སྤྲུལ་པ་ཁྱུང་ཆེན་ག་རུ་ཊ༔ ཡང་སྤྲུལ་རིགས་ལྔའི་ཁྱུང་ཕྲུག་བསྐོར༔ གདུག་པ་འདུལ་བྱེད་ཁྱུང་དབང་བསྐུར༔ བདེན་པ་དབྱེར་མེད་དོན་རྟོགས་ཤོག༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨཾ་ཀུ་


CMR019_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཛ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩམིཾ༔ ཧཱུྃ༔ གདུག་པ་ཐམས་ཅད་འདུལ་བྱེད་པ༔ བཅོམ་ལྡན་ཨུ་ཙ་ཙརྱ་ནི༔ གནོད་སྦྱིན་བདག་པོ་གོས་སྔོན་ཅན༔ འདུལ་དབང་ཆེན་པོ་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག༔ ཕྲིན་ལས་ཀྱི་དབང་ཐོབ་ཕྲིན་ལས་མཐའ་དག་བསྒྲུབ་པར་དབང་བའོ༔ ད་གཏོར་མ་འདི་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་རྡོ་རྗེ་སྡིགས་མཛུབ༔ འོག་གཉིས་ཐུགས་ཀར་སེ་གོལ་གཏོགས་པ༔ ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ ཞབས་འདོར་ཐབས་སུ་བསྒྲད་པ༔ དེའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་བས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ༔ གསང་བདག་ཕྱག་ན་རྡོ་རྗེ༔ གྲུབ་ཆེན་པདྨ་བཛྲ༔ དཔལ་མགོན་འཕགས་པ་ཀླུ་སྒྲུབ༔ པཎྜི་ཏ་ཙནྡྲ་གོ་མི༔ ཆོས་རྒྱལ་དྷརྨ་པཱ་ལ༔ བླ་མ་ཟངས་གླིང་པ་ལ་སོགས་གསར་མ་བརྒྱུད་པའི་རྣམས་དང་༔ བཅོམ་ལྡན་འདས་གསང་བའི་བདག་པོ༔ འཕགས་


CMR019_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དགའ་བོ༔ ལོ་ཆེན་བེ་རོ་ཙཱ་ན༔ ཤུད་པུ་དཔལ་གྱི་སེང་གེ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་དགོངས་གཏེར་བརྒྱུད་པའི་བླ་མ་རྣམས་དང་༔ བཅོམ་ལྡན་འདས་ཨུ་ཙ་ཙརྱའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ༔ སྟེང་གདོན་གཟའ་རྒྱུ་སྐར༔ འོག་གདོན་ཀླུ་ས་བདག༔ བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ མཛེ་དང་དྲེག་དང་གྲུམ་བུ་དང་རྐང་འབམ་དང་དམུ་ཆུ་དང་མཁལ་ནད་ལ་སོགས་པ་ཀླུ་དང་ས་བདག་གི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ས་གཟའ་མེ་གཟའ་ཆུ་གཟའ་ལ་སོགས་པའི་གཟའི་ནད་ཐམས་ཅད་ཞི་བར་མཛོད་ཅིག༔ བརྒྱལ་ནད་སྨྱོ་འབོག་ལ་ལཾ༔སོགས་པ་སྡེ་བརྒྱད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག༔ ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཡཀྵ་སེ་ན་ཨོཾ་ཀུ་ཤ་ཛ༔ སྤུ་སྤུ་དན་དུ་ནག་པོ་ཐཾ༔ ཙི་ཙི་དྲག་ཐུར་སྙིང་ལ་ཐུར༔ མྱག་མྱག་རྩ་བཞི་བསྐུམ༔ ཤན་ཤན་སྲོག་ལ་ཤན༔ ཙ་དུར་ནག་པོ་སོད༔ མཱ་ར་ཡ་རྦད༔


CMR019_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་པྲ་ཝེ་ཤ་ཡ་རྦད༔ ནཱ་ག་གུ་ཅུ་རྦས༔ པི་པི་ས༔ ལི་ལི་ཀ༔ དྷ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེ་ཆེ་ཡི་བཀྲ་ཤིས་ཤོག འོ་དེས་ཕྱག་ན་རྡོ་རྗེ་ཨུ་ཙ་ཙརྱའི་དབང་ལེགས་པར་ཐོབ་པ་ཡིན་པས༔ འདི་ཉིད་ཡི་དམ་གྱི་ལྷར་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། དེ་ཡང་གཟའི་ནད་དང་༔ ཀླུ་དང་ས་བདག་གི་ནད་དང་མདོར་ན་གདོན་རིགས་ཀྱི་ནད་ཐམས་ཅད་ལ་ཕན་པའི་ཐབས་ནི༔ སྔོན་དུ་དབང་རྒྱས་པ་ཞིག་བསྐུར་ལ༔ དེ་ནས་དབང་བསྡུས་པ་འདི་ལ་རབ་བརྒྱ་རྩའམ་ལོ་གྲངས་སུམ་འགྱུར་འབྲིང་ལོ་གྲངས་ཐ་མ་བཅུ་གསུམ་མམ་བདུན་སོགས་བསྐུར་ཏེ༔ སྐབས་སྐབས་སུ་དབང་སྒྲུབ་ཝིག་ལ་བསྙེན་པ་མང་དུ་བྱས་པས་ཕན་ཆེ༔ མཎྜལ་ཕུལ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་གསང་བའི་བདག་པོ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ད་གཏོར་མ་འདི་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་རྡོ་


CMR019_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྡིགས་མཛུབ༔ འོག་གཉིས་ཐུགས་ཀར་སེ་གོལ་གཏོགས་པ༔ ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ ཞབས་འདོར་ཐབས་སུ་བསྒྲད་པ༔ དེའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེའི་སྐུ་ཆེ་ཕྲ་སྣ་ཚོགས་པ༔ གསུང་སྔགས་ཀྱི་ཕྲེང་བ༔ ཐུགས་རྡོ་རྗེ་སྔོན་པོ་རྩེ་ལྔ་ཧཱུྃ་གིས་མཚན་པ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་དབང་མཆོག་ཀུན༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ནས༔ དངོས་གྲུབ་མ་ལུས་ཐོབ་པ་དང་༔ སྐུ་གསུང་ཐུགས་དབང་རྫོགས་གྱུར་ཅིག༔ ཨོཾ་བཛྲ་ཨུ་ཙ་ཙརྱ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་མཱི༔ ལྕང་ལོ་ཅན་གྱི་སོགས། ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེ་ལ་གྲངས་བཟུང་༔ མཇུག་ཏུ་གཙོ་བོས་ཇི་ལྟར་དང་མཎྜལ་སོགས་བྱའོ༔ རྗེས་ཆོག་སྤྱི་ལྟར་རོ༔ ཞེས་པ་གསར་མའི་ལུགས་ཀྱི་དབང་རྒྱུན་ཡང་ཐོབ་ཅིང་༔ སྔར་གྲིབ་གཞི་ཅན་འགའ་ལ་བསྐུར་བས་ཕན་ཐོགས་ཆེ་བར་སྣང་༔ དགོངས་གཏེར་རྡོ་རྗེའི་གསུང་ཚིག་ཉུང་ཞིང་དོན་འདུས་པར་སྣང་བས་བཀའ་གཏེར་ཟུང་འཇུག་གི་ཚུལ་དུ་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་


CMR019_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བས་གདོན་ནད་ཅན་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR019_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་དགོངས་གཏེར་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་དབང་བཀའ་གཏེར་ཟུང་འཇུགnext