Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ།
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ།next

རྡོ་རྗེ་ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ།


CMR019_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ༔


CMR019_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཀུ་མཱ་ར་ཡེ༔ ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་ནི༔ གཏོར་མ་རིན་ཆེན་འབར་བ་ཟུར་གསུམ་ལ༔ ཡོད་ན་ཙཀ་ལི་བཙུགས་ཤིང་མེད་ཀྱང་རུང་༔ ཅི་འབྱོར་མཆོད་པ་བཤམས་ལ་དབང་སྒྲུབ་ནི༔ བདག་མདུན་དུས་གཅིག་ལས་བྱང་བསྡུས་པ་ནི༔ མཚོ་རྒྱལ་གྱིས་མཛད་འདི་ཡིས་ཆོག་པའོ༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ལྟར་ཡེ་ནས་གསལ་བར་རབ་རྟོགས་པས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཨོ༔ བརྡལ་ཁྱབ་ཀ་དག་ཡང་དག་ལྷུན་འབྱམས་ལ༔ བཤགས་དང་བཤགས་བྱའི་མཚན་མ་རང་སར་


CMR019_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ འོན་ཀྱང་མ་རིག་གཟུང་འཛིན་འཁྲུལ་སྲིད་ན༔ རང་བྱུང་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས༔ ས་མ་ཡ་ཨ་ཨཱ། གདོད་ནས་རང་བྱུང་རྣམ་དག་བདུད་རྩི་མཆོག༔ རྒྱུད་དྲུག་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིང་ཏ༔ རྣམ་གསུམ་འཛད་མེད་བཅུད་ཆེན་ཨོཾ་ཨཱཧཱུྃ༔ ཧཱུྃ༔ སྣང་བའི་དངོས་པོ་སྣ་ཚོགས་གཞལ་ཡས་ཁང་༔ སྟོང་པའི་རང་མདངས་དཔལ་ཆེན་དཀྱིལ་འཁོར་ལྷ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རང་བྱུང་གསལ༔ ལྷུན་གྲུབ་བདག་མདུན་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བཞིན་


CMR019_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་བཞུགས་པའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེས་གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ སྤྱན་འདྲེན་གཤེགས་གསོལ་གནས་འདིར་བརྟན་པར་བཞུགས༔ ཛཧཱུྃ་བཾ་ཧོ༔ ས་མ་ཡ་སྟཱ༔ ཧཱུྃ༔ ལྷན་ཅིག་སྐྱེས་སྦྱོར་ཕྱི་ནང་གསང་བཀོད་པའི༔ མཆོད་པ་རྣམ་མང་དངོས་འབྱོར་ཡིད་སྤྲུལ་རང་བྱུང་སྤྲུལ་པའི་ལྷ་ལ་མཆོད་པ་འབུལ༔ གཉིས་མེད་བླང་དོར་མེད་པར་བཞེས་སུ་གསོལ༔ མ་ཧཱ་པུ་ཙ་ཧོ༔ ཧཱུྃ༔ རྩ་བརྒྱུད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ ཉོན་མོངས་མཁའ་དབྱིངས་གསང་བའི་རཀྟ་མཆོག༔ བཅུད་ཆེན་རྫས་མཆོག་གཏོར་མར་བཅས་ཏེ་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལི་ཏ་ཁཱ་ཧི༔ ཧཱུྃ༔ གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཞེ་སྡང་རུས་པའི་ཕུང་པོར་བཅས་པ་རྣམས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཧཱུྃ༔ ཨོཾ་ལྷ་ཚོགས་སྐུ་ཡི་རང་བཞིན་འགྱུར་བ་མེད༔ ལྷ་ཚོགས་གསུང་གི་རང་བཞིན་འགགས་པ་མེད༔ ཧཱུྃ་ལྷ་ཚོགས་ཐུགས་ཀྱི་རང་བཞིན་འཁྲུལ་པ་མེད༔ ཆོ་འཕྲུལ་


CMR019_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འཁོར་ལོ་རྒྱས་འདེབས་ཀློང་ནས་ཁྲོ་གར་མཛད༔ གྲག་སྟོང་སྔགས་ཀྱི་འཛབ་དབྱངས་འབྲུག་སྒྲ་སྒྲོག༔ ཐུགས་དམ་དབྱིངས་ནས་མ་འགྲུབ་བར་དུ་བསྒྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་གྷ་ནཱན་བི་ཧཱུྃ་ཕཊ༔ ཅེས་བསྙེན་པ་སྟོང་ངམ་བརྒྱ་ལས་མི་ཉུང་བ་བྱའོ༔ དབང་སྒྲུབ་འདི་མཚོ་རྒྱལ་གྱིས་མཛད་པའི་ལས་བྱང་རྒྱུན་ཁྱེར་ཆ་ཚང་ཡིན་པས༔ ཕུར་པ་ཐུགས་དམ་འདོད་པས་འདི་ཁོ་ནས་ཆོག་པས་བྱིན་རླབས་ཅན་ནོ༔ དེ་ནས་སློབ་མ་ཁྲུས་བྱས༔ བགེགས་གཏོར་བཏང་༔ བགེགས་བསྐྲད་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་བདུད་འདུལ་རྡོ་རྗེ་ཕུར་པའི་དབང་བསྐུར་བ་ལ་ཐོག་མར་ལོ་རྒྱུས་ཟུར་ཙམ་མ་ཞུས་ན་ས་བཅད་མི་ཚང་བས་ཅུང་ཟད་ཞུ་ན༔ ལྷ་འདིའི་ངོ་བོ་ནི་ཞི་བའི་དུས་ན་རྡོ་རྗེ་སེམས་དཔའ༔ ཀྲི་ཡའི་དུས་ན་རྡོ་རྗེ་རྣམ་འཇོམས༔ བྱང་ཆུབ་སེམས་དཔའི་དུས་ན་ཕྱག་ན་རྡོ་རྗེ༔ མདོར་ན་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུའི་རྣམ་སྤྲུལ་ཡིན་པར་བཤད༔ དེ་ལ་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་ཀྱི་རྒྱུད་བི་ཏོ་ཏ་མ་འབུམ་སྡེ་ལ་སོགས་པ་རིགས་བཞིའི་སངས་རྒྱས་ལ་


CMR019_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ༔ མཁའ་འགྲོ་མ་རྣམས་ཀྱིས་དུར་ཁྲོད་བསིལ་བའི་ཚལ་དུ་དུག་ཤིང་གི་སྡོང་པོའི་རྩར་སྦས་པ་ཨོ་རྒྱན་རིན་པོ་ཆེས་གཏེར་ནས་བཏོན༔ བྲམ་ཟེ་པྲ་བྷ་ཧ་སྟིའི་ལུང་བསྟན་པ་ལྟར་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལ་འདིའི་དབང་ཞུས་པས༔ སྐྱེ་འཆི་མེད་པའི་ཚེ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིག་འཛིན་གྱི་དངོས་གྲུབ་ཐོབ༔ བལ་ཡུལ་ཡང་ལེ་ཤོད་དུ་རྡོ་རྗེ་ཕུར་པའི་བསྒྲུབས་པ་མཛད་པས༔ ཕུར་སྲུང་བཅུ་དྲུག་དམ་ལ་བཏགས༔ དེའི་ཚེ་ཕུར་པ་རྣམས་འཁྲབ་ཅིང་ནམ་མཁའ་ལ་འཕར༔ སློབ་དཔོན་པདྨས་རྒྱ་གར་གྱི་རི་མ་ལ་ཡའི་ཙན་དན་གྱི་ནགས་ལ་མུ་སྟེགས་པས་མེ་བཀྱེས་ནས་རྩི་ཤིང་བསྲེགས་ཆུ་རྣམས་སྐམ་པ་ལ༔ ཕུར་པ་ཚད་པས་སྔོ་ལྷུབ་ཀྱིས་སྐྱེས༔ པཎྜི་ཏ་བི་མ་ལས་ཆུ་བོ་གང་གཱ་དང་པཀྵ་གཉིས་དུས་གཅིག་ཏུ་འབྲུབ་པ་ལ་ཕུར་པ་ཚད་པས་ཆུ་ཞིག་བདུན་གྱེན་དུ་ལོག༔ ཆུ་སྲིན་མི་ཟན་ཐུལ༔་བལ་པོ་ཤྲཱི་ལ་མཉྫའི་བལ་ཡུལ་གྱི་བྲག་ལ་ཕུར་པ་ཚད་པས་བྲག་ནས་འབྲུ་ཙམ་དུ་འཐོར་ནས་བྲག་སྲིན་མི་རྐུན་ཐུལ༔ དེ་ནས་བོད་དུ་བྱོན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ནས་བསམ་ཡས་ཀྱི་ས་བཏུལ༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དགེ་


CMR019_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཉི་ཤུ་རྩ་གཅིག་མ་སྲིང་བརྟན་མ་བཅུ་གཉིས་རྣམས་ཕུར་སྲུང་དུ་བསྐོས༔ རྒྱལ་པོ་རྗེ་འབངས་དང་བཅས་པ་ལ་དབང་བསྐུར༔ ཡེ་ཤེས་མཚོ་རྒྱལ་གྱིས་སེང་གེ་རྫོང་གསུམ་གྱི་བྲག་ལ་ཕུར་པ་བཏབ་པས་ཚེ་ཆུ་བཏོན༔ ཕ་མིང་གི་ཟ་འདྲེ་བཏུལ་བས་མཁར་ཆེན་འདྲེ་ཐུལ་གྱི་བརྒྱུད་པར་གྲགས༔ མངའ་བདག་རྒྱལ་པོས་ཧས་པོ་རི་ལ་ཕུར་པ་ཚད་པས་མེ་འབར་ནས་རྩི་ཤིང་རྣམས་བསྲེགས༔ ཤུད་པུ་དཔལ་གྱི་སེང་གེས་གཙང་པོ་ལ་ཕུར་པ་བརྒྱབས་པས༔ ཆུ་བོ་ཞག་གསུམ་གྱེན་ལ་ལྡོག༔ སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་པ་བརྒྱབས་པས་འདམ་ལ་བརྒྱབ་པ་ལྟར་སོང་༔ ནམ་མཁའི་སྙིང་པོས་མཁར་ཆུའི་བྲག་ལ་ཕུར་པ་བཏབ་ཚུགས་ཡོད་པས༔ ལྷོ་བྲག་ལྕགས་ཕུར་ཅན་དུ་གྲགས༔ དེ་དུས་མཁོན་ཀླུའི་དབང་པོ་དང་༔ འོ་བྲན་དཔལ་གྱི་དབང་ཕྱུག་དང་༔ ཨ་ཙ་ར་ས་ལེ་སོགས་ལ་གནང་བའི་བརྒྱུད་པ་ལ་གྲུབ་ཐོབ་ཟམ་མ་ཆད་པར་བྱུང་བ་ཕུར་པ་བཀའ་མ་དང་༔ གུ་རུ་ཆོས་དབང་སངས་རྒྱས་གླིང་པ༔ རཏྣ་གླིང་པ་སོགས་ཀྱིས་བཏོན་པའི་གཏེར་མ་དང་༔ གནམ་ཆོས་ནས་བྱུང་བ་སོགས་སྙན་བརྒྱུད་དེ༔ བརྒྱུད་པ་དུ་མ་ལས་ཐོབ་པའི་དོན་


CMR019_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་གཏོར་དབང་ཟབ་མོ་བསྐུར་བ་ཡིན་ཏེ༔ དེའི་ཕན་ཡོན་དགོས་ཆེད་ཅི་ཞེ་ན༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཐེག་ཆེན་བླ་མེད་སྒྲུབ་པའི་བར་ཆད་ཐམས་ཅད་རྡོ་རྗེ་གཞོན་ནུས་སྲུང་བར་འགྱུར་ཏེ༔ ཡི་དམ་གཞན་བསྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབ༔ ཕུར་པ་མཁན་པོ་བཀྲ་ཤིས༔ ཕུར་པ་མཁན་པོ་དཔལ་ཆེ༔ ཕུར་པ་མཁན་པོ་ཚེ་རིང་༔ ཕུར་པ་མཁན་པོ་ནོར་ཕྱུག ཕུར་པ་མཁན་པོ་ནོར་རྒྱས༔ ཕུར་པ་མཁན་པོ་སྲིད་འཕེལ་ཕུར་པ་མཁན་པོ་མཐུ་ཆེ༔ ཕུར་པ་མཁན་པོ་མཐའ་བཙན༔ ཕུར་པ་མཁན་པོ་ཡོན་ཏན་བརྒྱད་དང་ལྡན༔ ཡིད་གཉིས་མེད་པར་འདི་ལ་མོས་བྱེད་ཅིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླས༔ ཞེས་གསུངས༔ དེ་ལྟ་བུའི་དབང་བྱིན་རླབས་ཅན་ཞུ་བའི་ཕྱིར་ཐོག་མར་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས༔ དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་


CMR019_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ་སློབ་དཔོན་གྱིས༔ ལེགས་འོང་སྐལ་ལྡན་རིགས་ཅན་རྣམས༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་ཅིང་དམ་ལ་གནས་གྱུར་པའི༔ ལས་དང་སྐལ་པར་ལྡན་ལགས་སམ༔ དེའི་ལན་དུ་སློབ་མས༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ ལྷ་དང་བླ་མ་དབྱེར་མི་ཕྱེད༔ བླ་མེད་རྡོ་རྗེ་ཕུར་པ་ཡི༔ དབང་གི་དཀྱིལ་འཁོར་འཇུག་པར་སྤྲོ༔ དེ་ནས་སྐྱབས་སེམས་སྔགས་ཀྱི་ཡན་ལག་བདུན་པ་ནི་གང་ཡང་རུང་བར་བྱ་ཞེས་གསུངས་པས༔ ད་སྐྱབས་སེམས་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །འགོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བང་ཆབ་ཡིང་ཀིས་གཟང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་


CMR019_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། དེ་ནས་ཉུང་ན་རྡོ་རྗེ་གནས་གསུམ་དུ་གཏུག མང་ན་གཏུག་ཚུལ་བྱ་ཞིང་༔ དམ་ཆུ་བདུད་རྩི་ཡང་བླུད་དེ༔ ཧཱུྃ༔ གསང་བའི་དམ་ཚིག་བླ་ན་མེད༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་ཕྱིར༔ ང་ནི་ཁྱོད་ཀྱི་ཧེ་རུ་ཀ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ་༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཛ༔ སློབ་མས་རྗེས་ཟློས་ནི༔ ཨི་དན་ནཱ་ར་ཀན༔ དེ་ནས༔ ད་དབང་དངོས་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧཱུྃ༔ རྡོ་རྗེ་འཛིན་པའི་དཀྱིལ་འཁོར་བདག༔ ཕུར་པ་བླ་ན་མེད་པ་ཡི༔ དཀྱིལ་འཁོར་ཆེན་པོ་བདག་འཇུག་ཅིང་༔ གཏོར་དབང་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། སློབ་མ་སྐུ་ཤས་བྲན་ལ༔ ད་དབང་ཞུ་བའི་ཡུལ་གཏོར་མ་དང་༔ ཁྱེད་རང་སློབ་མ་རྣམས་འདི་ལྟར་དུ་གསལ་ཐོབ་ཅིག༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་དབུས་པདྨ་དང་༔ ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་དུ༔ རང་བྱུང་ཆོས་ཀྱི་དབྱིངས་ལས་རང་བྱུང་ཡེ་ཤེས་ཀྱི་རྩལ༔ རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་ཁྲ་ཐབས་སུ་བབས་ཏེ༔


CMR019_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུའི་འོད་ཟེར་གྱིས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་བསྡུས༔ ཧཱུཾ་ལ་ཐིམ་དེ་ཉིད་ཡོངས་སུ་གྱུར་པ་ལས༔ མདུན་གྱི་གཏོར་མ་དང་༔ ཁྱེད་རང་རྣམས་སོ་སོར་དཔལ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་མདོག་མཐིང་ནག་གཡོས་དཀར་གཡོན་དམར་དབུས་མཐིང་ནག དབུ་ལ་ཧེ་རུ་ཀ་ལྔ་དང་ཐོད་སྐམ་ལྔས་མཚན་པ་དབུ་སྐྲ་ཁམ་ནག་སྤྱི་བོར་སྦྲུལ་ཆུན་གྱིས་བཅིང་བ༔ སྤྱན་དགུ་དམར་ཞིང་ཟླུམ་པ༔ མཆེ་བ་ཟླ་ཚེས་སུ་གཙིགས་པ༔ ཞལ་གདངས་ལྗགས་འདྲིལ་སྨ་ར་སེར་པོ་ལ་མེ་དང་ཛའི་འོད་ཟེར་འཕྲོ་བ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཨོག་ཀོ་ལ་ཞིག་གི་ཟོ་རིས༔ ཉི་མ་དང་ཟླ་བས་སྙན་གོང་བརྒྱན་པ༔ སྦྲུལ་རྒྱལ་རིགས་དཀར་པོའི་དབུ་རྒྱན༔ རྗེའུ་རིགས་སེར་པོའི་སྙན་རྒྱན༔ བྲམ་ཟེ་དམར་པོའི་ཕྱག་གདུབ་དང་ཞབས་གདུབ༔ གདོལ་པ་ནག་པོའི་སེ་རལ་ཁ༔ སྦྲུལ་རིགས་ལྔའི་ཆུན་པོས་ས་རགས་བཅིང་པ༔ ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་ནམ་མཁའ་ལ་ཕྱར་བ༔ བར་པས་རྡོ་རྗེ་རྩེ་ལྔ་གདེང་པ༔ གཡོན་དང་པོས་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ བར་པ་


CMR019_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁཊཾ་རྩེ་གསུམ་འཛིན་པ། ཐ་མ་གཉིས་རི་རབ་ཕུར་པ་འདྲིལ་བའོ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐོབས༔ བ་སུ་ཏའི་ཞགས་པ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པས་ནམ་མཁའ་ཁེབས་པ༔ གཡས་ཀྱི་དང་རུ་ལ་རྡོ་རྗེ་རྩེ་དགུ་ལ་མེ་འབར་བ༔ གཡོན་གྱི་དང་རུ་ལ་རིན་པོ་ཆེ་ལ་མེ་འབར་བ༔ མཇུག་མ་ལ་རྡོ་རྗེ་རྩེ་ལྔ་པ་ཐེའུ་ཆུང་སྤུ་བྲན་དང་བཅས་པ་ལ་རྡོ་རྗེ་ཕྱེད་པའི་ཚྭ་ཚྭ་འཕྲོ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ ཐོད་པ་སྐམ་པོ་རློན་པ༔ ལྕོར་རི་ཚལ་གསུམ་གྱིས་དོ་ཤལ་བྱས་པ༔ དེའི་མདུན་ན་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་མ༔ གཡས་ཨུཏྤལ་མགུལ་ནས་འཁྱུད་ཅིང་༔ གཡོན་དུང་དམར་གཙོ་བོ་ལ་སྟོབས་པ༔ གཟིག་གི་ཤམ་ཐབས་དང་རྒྱན་དྲུག་སེ་རལ་ཁར་སྤྲས་པ༔ མེ་དཔུང་གི་ཀློང་ན་བཞུགས་པར་སྒོམས་ཤིག གཏོར་མ་ལྷར་གསལ་བའི་འཁོར་དུ་སྲས་མཆོག་བཞི༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཟ་གསོད་སྒོ་བ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་སྒོམས༔ ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུར་གསལ་བའི༔ དཔྲལ་བར་ཧཱུྃ་ཀཱ་


CMR019_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ར༔ བརླ་གཡས་སུ་འདོད་རྒྱལ༔ བརླ་གཡོན་དུ་ཁམས་གསུམ་རྣམ་རྒྱལ༔ མགྲིན་པར་རྟ་མགྲིན༔ ཐུགས་ཀར་གཤིན་རྗེ༔ སྲིད་ལྟའི་གོང་དུ་བདུད་རྩི་འཁྱིལ་པ༔ ལྟེ་བར་མི་གཡོ་མགོན་པོ༔ དཔུང་པ་གཡས་སུ་རྣམ་རྒྱལ༔ གཡོན་དུ་དབྱུག་པ་སྔོན་པོ༔ གསང་གནས་སུ་སྟོབས་པོ་ཆེ༔ དེ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བ༔ ལྷ་དེ་དག་རང་རང་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ གཙོ་བོའི་ཐུགས་ཀར་ཉི་ཟླའི་དལ་མཐེ་བོང་ཙམ་གྱི་སྟེང་དུ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ༔ དེའི་ཐུགས་ཀར་ཉི་ཟླའི་དལ་སྲན་མའི་གའུ་ཙམ་གྱི་སྟེང་དུ༔ རྡོ་རྗེ་མཐིང་ག་ནས་འབྲུ་ཙམ༔ དེའི་ལྟེ་བ་ལ་ཉི་ཟླའི་དལ་ཡུངས་འབྲུ་སླེབ་པ་ཙམ་གྱི་སྟེང་དུ་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འོག་མིན་དང་སྟེང་འོག་ཕྱོགས་བཅུར་འཕྲོས་པས་གཙོ་བོ་དང་འཁོར་དུ་བཅས་པ་རང་རང་གི་ཡེ་ཤེས་པ་སྤྱན་དྲངས་ཏེ༔ མདུན་གྱི་ནམ་མཁའ་ལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་སྤྲིན་བཞིན་འཐིབས་ཏེ༔


CMR019_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྤྱི་བོ་ནས་མར་བྱིན་རླབས་ཁུ་འཕངས་ལྟར་ཤ་ར་ར་བབས་པས༔ སློབ་མའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐིམ༔ ཁྱད་པར་དུ་སྙིང་ཁར་ཡེ་ཤེས་སེམས་དཔའ་ལ་བྱིན་རླབས་ཡོངས་སུ་རྫོགས་པ་ཐིམ་པར་སྒོམས་ཤིག༔ ཅེས་སྤོས་དུད་རོལ་མོ་དབྱངས་དང་བཅས་པས་ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ དེ་ནས་མང་ན་བཞག་ཚུལ་ཙམ་དང་ཉུང་ན་རྡོ་རྗེ་མགོར་བཞག་ཏིཥྛ་བཛྲ༔ ཅེས་བརྗོད༔ ད་དཔལ་གཏོར་སྐུ་དང་བཅས་པ་ལྷར་གསལ་བ་སྤྱི་གཙུག་ཏུ་བཞག་པའི་ཚེ༔ རྡོ་རྗེ་ཕུར་པའི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་དང་༔ གསུང་སྔགས་ཀྱི་ཕྲེང་


CMR019_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ ཐུགས་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་ཆར་ལྟར་བབས་པས༔ ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་གྲུབ་སྟེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཛྷཱ་ན་ཨ་བྷི་ཥིཉྩ་ཨཱཿ ཧོ༔ སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་འབར་བའི་ཕྱག་རྒྱའི་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་དབང་མཆོག་ཐོབ་ཐུགས་དམ་བསྐངས་ཏེ་བར་ཆད་ཐམས་ཅད་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཁྲོ་བོ་བཅུའི་དབང་ནི་སྤྲོ་ནའམ༔ ཉུང་ན་གཏོར་མ་གནས་སོ་སོར་གཏུག དེ་མ་ཐུབ་ན་སྤྱི་བོར་འགྲིམ་ཡང་རུང་སྟེ༔ ཧ་ཀྱང་མང་ན་ཁྲོ་བོ་ལྔ་རེ་གཅིག་ཏུ་བསྡུས་ཏེ་ལན་གསུམ་འགྲིམ་ཡང་རུང་སྟེ༔ སྐབས་དང་བསྟུན་ནོ༔ ད་གཏོར་མ་འདི་མདུན་བསྐྱེད་དང་ཐ་དད་མེད་པར་འཁོར་ཁྲོ་བོ་བཅུ་ཡབ་ཡུམ་


CMR019_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ སོ་སོའི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ལྟར་འཕྲོས་ནས་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུར་གསལ་ཞིང་༔ ལུས་ལ་ཁྲོ་བོ་བཅུ་ཡབ་ཡུམ་གོ་ཆའི་ཚུལ་དུ་བཞུགས་པ་ལ་ཐིམ་པས༔ ཁྲོ་བོ་དང་ཁྲོ་མོ་དེ་དག་གི་དབང་ཐོབ་པར་སྒོམས་ཤིག༔ དེ་ལ་དང་པོ་ཧཱུྃ་ཀཱ་ར་དཔྲལ་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ སྟེང་གི་ཕྱོགས་ནས་འབེབས་མཛད་པའི༔ ཁྲོ་ཆེན་རྡོ་རྗེ་ཧཱུྃ་མཛད་དང་༔ ཡུམ་ཆེན་ཤེས་རབ་སྒྲ་འབྱིན་མ༔ སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ཟློག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དཔྲལ་བར་རོ༔ དཔུང་པ་གཡས་སུ་རྣམ་རྒྱལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་གཟིགས་མཛད་པ༔ ཁྲོ་ཆེན་རྣམ་པར་རྒྱལ་བ་དང་༔ ཡུམ་ཆེན་དབྱིངས་ཀྱི་སྙེམ་མ་སྟེ༔ ཤར་ཕྱོགས་དྲི་ཟའི་གདོན་ཟློག་ཅིག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས་དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཨ་བྷི་ཥིཉྩ་ཨཱཿ དཔུང་པར་རོ༔ དཔུང་པ་གཡོན་དུ་དབྱུག་པ་སྔོན་པོ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཤར་ལྷོའི་


CMR019_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་འཇོམས་མཛད་པ༔ ཁྲོ་ཆེན་དབྱུག་པ་སྔོན་པོ་དང་༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་ནི༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་ཟློག༔ རྩལ་ལྡན་དྲག་པོའི་དཀྱིལ་འཁོར་ནས༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་དཎྜ་ཨ་བྷི་ཥིཉྩ་ཨཱཿ དཔུང་པ་གཡོན་པར་རོ༔ མགྲིན་པར་རྟ་མགྲིན་ཐིམ་པར་སྒོམས་ཤིག ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་འཆིང་མཛད་པ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་ནི༔ ནུབ་ཕྱོགས་ཀླུ་ཡི་གནོད་པ་ཟློག༔ དབང་ཆེན་རྔམ་པའི་དཀྱིལ་འཁོར་ནས་རབ་འཇིགས་དྲག་རྩལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲི་ཝཱ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་རོ༔ ཐུགས་ཀར་གཤིན་རྗེའི་གཤེད་ཐིམ་པར་སྒོམས་ཤིག ། ཧཱུྃ༔ ལྷོ་ཡི་ཕྱོགས་ནས་གསོད་མཛད་པ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་དང་༔ ཡུམ་ཆེན་དུར་ཁྲོད་བདག་མོ་ནི༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཟློག༔ རབ་འཇིགས་རྔམ་པའི་དཀྱིལ་འཁོར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐུགས་ཀར་རོ༔ བདུད་རྩི་འཁྱིལ་པ་ལྟེ་བའི་གོང་དེར་


CMR019_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་གནོན་མཛད་པ༔ ཁྲོ་ཆེན་བདུད་རྩི་འཁྱིལ་པ་དང་༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་ཟློག༔ རྟོག་མེད་ཆོས་དབྱིངས་དཀྱིལ་འཁོར་ནས༔ དངོས་གྲུབ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་མི་ཀུཎྜ་ལཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ལྟེ་བའི་གཉའ་དེར་རོ༔ ད་ལྟེ་བར་མི་གཡོ་མགོན་པོ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་སྒྲོལ་མཛད་པ༔ ཁྲོ་ཆེན་མི་གཡོ་མགོན་པོ་དང་༔ རབ་འཇིགས་རྡོ་རྗེ་གཏུན་ཁུང་༔ ལྷོ་ནུབ་སྲིན་པོའི་གདོན་ཟློག་ཅིག༔ དཔའ་འཇིགས་དྲག་པོའི་དཀྱིལ་འཁོར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ལྟེ་བར་གཏུག་གོ༔ བརླ་གཡས་སུ་འདོད་རྒྱལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ནུབ་བྱང་མཚམས་ནས་འགུགས་མཛད་པའི༔ ཁྲོ་ཆེན་འདོད་པའི་རྒྱལ་པོ་དང་༔ ཡུམ་ཆེན་དབང་གི་སྙེམ་མ་ནི༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་ཟློག༔ སྣང་སྲིད་འགུགས་པའི་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཙིཏྟ་ཧཱུྃ༔ ཨ་


CMR019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཥིཉྩ་མཱི༔ ཅེས་པུས་མོ་གཡས་སོ༔ བརླ་གཡོན་དུ་ཁམས་གསུམ་རྣམ་རྒྱལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བྱང་ཤར་མཚམས་ནས་འགུགས་མཛད་པའི༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ བྱང་ཤར་བགེགས་ཀྱི་གདོན་རྣམས་ཟློག༔ གདུག་པ་ཚར་གཅོད་དཀྱིལ་འཁོར་ནས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཏྲེ་ལོཀྱ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱཿ པུས་མོ་གཡོན་དུའོ༔ གསང་གནས་སུ་སྟོབས་པོ་ཆེ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འོག་གི་ཕྱོགས་ནས་སྤོར་མཛད་པའི༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ འོག་ཕྱོགས་ཀླུ་གདོན་ཟློག་བྱེད་པ༔ རབ་འཇིགས་ཁྲོས་པའི་དཀྱིལ་འཁོར་ནས༔ མཐུ་དང་ནུས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཅེས་གསང་གནས་སུའོ༔ ད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐམས་ཅད་གཏོར་མ་དང་ཐ་དད་མེད་པར་སྤྱི་བོར་བྱོན་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ་སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་


CMR019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླངས་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ༔ མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ༔ ཕུར་པའི་རིག་འཛིན་པྲ་ཆེན་ཧསྟི༔ མཁའ་འགྲོ་མ་བདེ་བའི་འཁོར་ལོ༔ སློབ་དཔོན་པདྨ་འབྱུང་གནས༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ༔ རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་༔ ལྷ་མཆོག་རྡོ་རྗེ་གཞོན་ནུ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས༔ སྲས་མཆོག་ཀཱི་ལ་ཡ་མཆེད་བཞི༔ ཡེ་ཤེས་ཀྱི་ཁྲོ་བོ་བཅུ༔ ཁྲོ་མོ་བཅུ༔ ཟ་བྱེད་པ་བཅུ༔ གསོད་བྱེད་མ་བསྟུ༔ སྒོ་བ་གདོང་ཅན་བཞི་ལ་སོགས་པ་བདུད་འདུལ་ཕུར་པའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་འདི་རྣམས་ལ་བསྲུང་བ་དང་བསྐྱབ་པར་མཛད་དུ་གསོལ༔ བདུད་དང་དམ་སྲི་བ་གཟའ་ཀླུ་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱེད་རྣམས་ལ༔ ལོངས་སྤྱོད་གཏོར་མའི་དབང་བསྐུར་བས་བདེ་བར་གཤེགས་པ་རྣམས་ཀྱི་ཚེ་དང་


CMR019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་ལྟ་བུར་གྱུར་ནས༔ ཚེ་འདིར་ལོངས་སྤྱོད་དཔལ་དང་ལྡན་ཞིང་༔ ཚེ་ལ་དབང་བ་དང་༔ མཐར་ཐུག་ལོངས་སྤྱོད་རྫོགས་པ་རྒྱལ་བའི་སྐུ་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བྷིག་ནཱན་བཾ་ཧཱུྃ་ཕཊ༔ བཛྲ་ཨཱ་ཡུ་ཤེ་སིདྡྷི་ཧཱུྃ༔ ཀཱ་ཡ་བཛྲ་སིདྡྷི་ཨོ༔ ཝཱཀྐ་བཛྲ་སིདྡྷི་ཨཱཿ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧཱུྃ༔ ཀརྨ་བཛྲ་སིདྡྷི་ཕཊ༔ ཤཱནྟི་སིདྡྷི༔ པུཏྟཾ་སིདྡྷི༔ པ་ཤང་སིདྡྷི༔ ཀརྨ་སིདྡྷི༔ ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ དེ་ནས་མེ་ཏོག་གཏོར་ཞིང་། ཨོཾ་འགྲུབ་པར་གྱུར་ཅིག༔ ཚེ་དབང་དུ་གྱུར་ཅིག༔ དབང་ལོངས་སྤྱོད་དུ་གྱུར་ཅིག༔ མི་ཤིགས་པའི་རྡོ་རྗེ་ལྟ་བུར་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ ལོངས་སྤྱོད་ནམ་མཁའི་མཛོད་ལ་མངའ་བརྙེས་པར་གྱུར་ཅིག༔ འོ་དེས་རྡོ་རྗེ་གཞོན་ནུའི་གཏོར་དབང་རྒྱས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་འཛིན་སྙམ་པའི་རྗེས་ཟློས་མཛོད༔ གཙོ་བོའི་ཇི་ལྟར་སོགས༔ དེང་ནས་བརྩམས་ཏེ་བདག་དྲན་སོགས༔ ས་གཞི་སྤོས་ཆུས་སོགས༔ ཅེས་པ་འདི་གསར་རྙིང་གཏེར་ཁ་གང་རུང་ཕུར་དབང་ཐོབ་ནས་བསྐུར་རུང་སྟེ་སྤྱི་འགྲོས་ཡིན་ཞིང་༔ དབང་ཚིག་རྣམས་དེའི་བྱིན་རླབས་ཆེ་


CMR019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རཏྣའི་གཏེར་གཞུང་ནས་སོ༔ ཞེས་པ་དབོན་པོ་བླ་མ་རྒྱལ་མཚན་གྱིས་བསྐུལ་ཕྱིར་ཤིང་སྦྲུལ་ས་གའི་ཡར་ཚེས་འགྲུབ་སྦྱོར་ཉིན་རྫོགས་པར༔ ༧ རཱ་ག་ཨ་སྱས་བྲིས་པ་ལ་ཉེས་འགལ་གང་མཆིས་ཆོས་བདག་སྲུང་མའི་ཚོགས་ཤིང་། འདི་ལ་འགྲོ་དོན་བསམ་གྱིས་མི་ཁྱབ་པར་གྱུར་ཅིག༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་ཕུར་པའི་གཏོར་དབང་ཤིན་ཏུ་བསྡུས་པ་བཀའ་གཏེར་སྤྱི་ཁྱབ་གདུག་པ་ཀུན་འདུལ།next