Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་གཏེར་ཟུང་འཇུག་གི་ཁྲོས་མའི་མགྱོགས་དབང་།
   
   


 
previousབཀའ་གཏེར་ཟུང་འཇུག་གི་ཁྲོས་མའི་མགྱོགས་དབང་།next

བཀའ་གཏེར་ཟུང་འཇུག་གི་ཁྲོས་མའི་མགྱོགས་དབང་།


CMR019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་གི་ཁྲོས་མའི་མགྱོགས་དབང་བཞུགས་སོ།།


CMR019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷི་ཀ་ལི་ཡ། ཐུགས་རྗེ་ཁྲོས་མའི་མགྱོགས་དབང་བསྐུར་ཐབས་བྲི། །ཁྲོས་མས་བཀའ་གནང་བྱིན་རླབས་དངོས་གྲུབ་སྩོལ། །དཀྱིལ་འཁོར་བཤམ་མམ་མེད་ན་ཟླུམ་བསྐོར་དབུས། །ཆོས་འབྱུང་བསྣོལ་མ་མཐིང་ནག་རེ་ཁ་དཀར། །དེ་དབུས་འདབ་བརྒྱད་འདབ་བཞི་ཕྱོགས་ཚོན་དང་། །ཕྱི་རོལ་ཐོད་ར་རྡོ་རྗེ་མེ་རི་བྲི། །དེ་སྟེང་བུམ་པ་རྫས་གདན་ཐོད་པར་བདུད་རྩི་དང་། །དར་ནག་ཆོས་འབྱུང་དབྱིབས་ཀྱིས་བཀབ་པའི་སྟེང་། །མེ་ལོང་སིནྡྷའི་འདབ་བཞི་འདབ་བརྒྱད་དང་། །ཨ་དང་ཧ་རི་ནི་ས་དེ་མཐར་སྔགས། །ཡིག་མགོ་ཕྱིར་བསྟན་བྲིས་ལ་སྟེང་དུ་བཞག །དབང་གཏོར་ལ་སོགས་མཆོད་གཏོར་སྤྱི་ལྟར་བཤམས། །རྒྱས་པར་ཁྲ་ཝ་ཁས་པས་མཛད་པ་ལྟར། །བདག་


CMR019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བུམ་གསུམ་བསྒྲུབས་ལ་བདག་འཇུག་བླངས། །འབྲིང་དུ་ཁོ་བོའི་བྱས་པའི་ཆོ་ག་བཏང་། བསྡུ་ན་བླ་མ་རྡོ་རྗེ་གདན་པ་ཡིས། །དྲན་རྫོགས་ཉིད་དུ་བསྒོམས་པས་ཆོག་གསུངས་ཤིང་། །རྙིང་མ་སྤྱི་ལ་བདག་མདུན་བུམ་པ་དང་། གཏོར་མ་ལྷར་བསྐྱེད་ཆོ་ག་གཅིག་གིས་ཆོག །དེ་དོན་དགོངས་པ་གཅིག་པ་རྡོ་རྗེའི་གསུངས། །དབང་པོ་རབ་ལའང་ཆོ་ག་རྒྱས་པ་དགོས། །རྟེན་འབྲེལ་འགྲིགས་ན་ཆོ་ག་བསྡུས་པའང་རུང་། །གསུང་ཕྱིར་འདི་ཉིད་འདོན་སྒོམ་སྦྲགས་པས་འཐུས། ཧཱུྃ་བྷྱོ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ རྡོ་རྗེའི་རྭ་གུར་མེ་རིས་བསྐོར༔ ཕྱོགས་མཚམས་བསྲུང་བའི་གུར་དུ་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་


CMR019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་དག་པའི་གནས་མཆོག་ནས༔ དུར་ཁྲོད་བདག་མོ་འཁོར་བཅས་ཀྱིས༔ མཆོད་རྫས་བདུད་རྩིར་བྱིན་གྱིས་རློབས༔ ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྟོག་པར་བདག་ནི་སྐྱབས་སུ་མཆི༔ ཤེས་རབ་སྙིང་བརྩེ་དང་ལྡན་པར་བརྩོན་པས་སེམས་ཅན་དོན་སླད་དུ༔ སངས་རྒྱས་མདུན་དུ་གནས་བྱས་ནས༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི༔ སྐད་ཅིག་བདག་ཉིད་ཁྲོས་མར་གསལ༔ ཐུགས་ལས་འོད་ཟེར་འཕྲོས་པ་ཡིས༔ སོ་སོའི་གླིང་ནས་རྗེ་བཙུན་མ༔ འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ༔ ཚོགས་ཞིང་རང་གི་སྙིང་ཁར་ཐིམ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ཨོཾ་སྭ་བྷཱ་ཝས་སྦྱང་༔ སྟོང་པའི་ངང་ལས་བདག་དང་དཀྱིལ་འཁོར་གཏོར་མ་དང་སིནྡྷ་རའི་དཀྱིལ་


CMR019_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་མཚན་ཉིད་རྫོགས་པའི་རྣམ་རྒྱལ་བུམ་པའི་དབུས་རྣམས་སུ༔ དཀྱིལ་འཁོར་ཡོངས་སུ་རྫོགས་པར་ཆ་ལྔར་གྱུར་པ་ནི༔ མེ་རི་རྡོ་རྗེའི་ཕྲེང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ༔ དུར་ཁྲོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱུན་རྟ་བབས་མཚན་ཉིད་ཡོངས་སུ་རྫོགས་པ༔ དེ་ཡི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གདེང་ཀ་ཆེ་བ་གྱེན་དུ་བསྟན་པའི་དབུས་སུ༔ པདྨ་འདབ་མ་བརྒྱད་པ་དང་འདབ་མ་བཞི་པ་ཉི་མའི་གདན་ལ༔ ཨ་མཐིང་ནག་ལས་འོད་ཟེར་འཕྲོས་པས༔ དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་རྗེ་བཙུན་མ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས༔ གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ ཁ་ཊཾ་ག་དཀུར་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ་ཅིང་༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ༔ རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པར་གྱུར༔ དེའི་ཤར་གྱི་འདབ་མ་ལ་བདེ་ཆེན་དཀར་མོ༔ ལྷོའི་འདབ་མ་ལ་སེར་མོ་


CMR019_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ༔ ནུབ་ཀྱི་འདབ་མ་ལ་དམར་མོ་སྒྲ་སྒྲོགས༔ བྱང་གི་འདབ་མ་ལ་སྣ་ཚོགས་མཐར་ཕྱིན༔ དེ་རྒྱབ་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ཕྱོགས་མདོག ཤར་ལྷོར་དམ་ཚིག་མཁའ་འགྲོ༔ ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ༔ ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ༔ བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ༔ དེ་ཐམས་ཅད་ཀྱང་མཁའ་འགྲོ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་སྒེག་པ༔ ཞི་བ་བཞད་པ་གར་གྱི་ཉམས་དགུ་དང་ལྡན་པ༔ དབུ་སྐྲ་སྣུམ་ལ་སིལ་ལེར་གྲོལ་ནས༔ སྐེད་པའི་ཨརྒ་ཡན་ཆད་སླེབ་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ༔ སྐུ་སྟོད་སེང་གེ་ལྟར་འགྱིང་བ༔ སྐུ་སྨད་དུང་ལྟར་འཁྱིལ་བ༔ གྲི་གུག་དང་ཐོད་ཁྲག་བསྣམས་པ༔ ཁ་ཊཾ་ག་ལ་འཁྱུད་ཅིང་གཙོ་མོ་ལ་གུས་པའི་ཚུལ་གྱིས་གར་བྱེད་པའོ༔ བདག་ལུས་རང་བྱུང་གཞལ་ཡས་ཁང་དུ་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔའི་དབུས་སུ་ཕག་མོ་རིགས་ལ༔ རྩ་འདབ་རྣམས་སུ་རང་འདྲའི་ཌཱཀྐི་མ་རང་རང་གི་ས་བོན་གྱིས་མདུན་གྱི་ལྷ་རྣམས་ཀྱི་གསང་གསུམ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་


CMR019_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུར་ཁྲོད་ཆེན་པོ་སོ་སའི་གླིང་ནས་ཁྲོས་མའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས༔ ཧཱུྃ༔ མཚན་མོ་སྒྲ་སྒྲོགས་གཅེར་བུ་མ༔ རྐང་པས་བགེགས་མནན་སྟེང་དུ་བལྟ༔ གྱེན་དུ་ཕག་སྐད་སྒྲ་སྒྲོག་ཅིང་༔ མཁའ་འགྲོ་འཁོར་དང་བཅས་པ་རྣམས༔ ཕེ་ཕོ་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར༔ དབང་ལྷ་སྤྱན་དྲངས་དབང་བསྐུར་ནས༔ གཙོ་མོར་རྟ་མགྲིན་ཡབ་ཡུམ་དང་༔ འཁོར་རྣམས་གཙོ་མོས་དབུ་བརྒྱན་གྱུར༔ བདག་གི་ཐུགས་ལས་སྤྲུལ་པ་ཡི༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ བདག་མདུན་བུམ་ལྷ་སོ་སོ་ལ༔ མཆོད་ཅིང་བསྟོད་པ་བྱེད་པར་གྱུར༔ ཧཱུྃ༔ གཙང་ཞིང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་འདི༔ ཁྲོས་མ་འཁོར་དང་བཅས་ལ་འབུལ༔ འབྲས་རྒུན་བུ་རམ་བཅོས་པའི་ཆང་༔ ཚོགས་དང་ལོངས་སྤྱོད་དབང་པོ་ལྔ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་ཡེ་ཤེས་བདུད་རྩི་འདི༔ ཁྲོས་མའི་ལྷ་ཚོགས་རྣམས་ལ་འབུལཾ༔ ཐབས་དང་ཤེས་རབ་རང་བཞིན་གྱི༔ དགའ་བ་


CMR019_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བྱང་ཆུབ་སེམས༔ ཉོན་མོངས་དུག་ལྔ་ལས་བྱུང་བའི༔ ཡེ་ཤེས་ལྔ་ཡི་མཆོད་པ་འདི༔ ཁྲོས་མ་འཁོར་དང་བཅས་ལ་འབུལ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ས་པཱ་རི་ཝཱ་ར་ཨབྷཾ་སོགས། ཤརྡ་སརྦ་པཱུ་ཛ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཁ་རཾ་ཁཱ་ཧི། ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དཀར་མོས་འཇིགས་པ་ཀུན་ལས་གྲོལ༔ སེར་མོ་དོན་གྲུབ་ཚེ་དབང་རྒྱས་པར་མཛད༔ དམར་མོ་སྒྲ་སྒྲོག་ཁམས་གསུམ་དབང་དུ་སྡུད༔ སྣ་ཚོགས་མཐར་ཕྱིན་མངོན་སྤྱོད་ལས་རྣམས་མཛད༔ མཁའ་འགྲོ་སྡེ་བརྒྱད་ཕྲིན་ལས་སྣ་ཚོགས་བསྒྲུབ༔ བདེ་སྟོང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་དག་བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱི༔ སྤྱི་བོར་སྐུ་སྔགས་བཛྲ་བྷ་ར་ཧི༔ མགྲིན་པར་གསུང་སྔགས་ཀྲོ་ཏི་ཀཱ་ལི་དང་༔ སྙིང་ཁར་ཐུགས་སྔགས་ཧ་རི་ནི་ས་དང་༔ ལྟེ་བར་ཨཱ་བེ་ཤ་ཡ་ཡོན་ཏན་སྔགས༔ གསང་བར་སརྦ་ཀརྨ་ཕྲིན་ལས་ལྔ༔ འོད་འཕྲོས་ཨོ་རྒྱན་གནས་


CMR019_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྲོས་མ་དེ༔ སྐུ་དང་ཕྱག་མཚན་བྱང་སེམས་དཀར་དམར་ཚོགས༔ དཔག་མེད་སྤྱན་དྲངས་བདག་མདུན་སོ་སོར་ཐིམ༔ མེ་ལོང་ལྷ་ལས་བདུད་རྩིའི་རྒྱུན་བབ་པས༔ ཐོད་པ་བུམ་པ་རིམ་པར་བདུད་རྩིའི་གང་༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱཿ དམིགས་པ་གསལ་བས་བསྙེན་པ་ཅི་ནུས་འབད༔ དེ་ནས་བདག་འཇུག་རྒྱས་པར་བླངས་བའོ༔ བསྡུ་ན་ཏིང་ངེ་འཛིན་གྱི་བུད་པར་བླངས༔ རྒྱུད་ལས་སྨིན་པར་བྱེད་པ་དབང་གི་ཆོས༔ གཉུག་མའི་སེམས་ཀྱིས་བསྐུར་བར་བྱ་གསུངས་སོ༔ དེ་ཡིས་ཁྲོས་མའི་དབང་སྒྲུབ་ཚང་བ་ཡིན༔ དེ་ནས་ཁྲུས་བྱས་མཎྜལ་ཕུལ། །སྔོན་ནས་དབང་མ་བསྐུར་ན་བགེགས་གཏོར་བཏང་ལ་མཚམས་བཅད་སྲུང་འཁོར་བསྒོམས་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་གྱི་དབང་བསྐུར་བ་ཡིན་ཏེ། ལྷ་འདི་ཡི་ངོ་བོ་ནི་ཕྱི་ལྟར་ན་འཕགས་མ་སྒྲོལ་མ། ནང་ལྟར་ན་ཡུམ་ཆེན་མོ། གསང་བ་ལྟར་ན་རྡོ་རྗེ་ཕག་མོ། ཡང་གསང་ལྟར་ན་ཁྲོས་མ་ནག་མོ་ཡིན་པར་གསུངས་པས། ཡུམ་རྒྱས་འབྲིང་བསྡུས་གསུམ་རྣམས་ལས། ཆོས་སྐུ་ཡུམ་ཆེན་མོ་འཛིན་པ་དང་འཆང་བ་དང་སྒོམ་པ་དང་། མཆོད་བསྟོད་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་གསུངས་པ་ཐམས་ཅད།


CMR019_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མ་འདིའི་དབང་ཞུ་བ་དང་སྒོམ་བཟླས་དང་། ཚོགས་དང་མཆོད་པ་བྱས་པས་འབྱུང་སྟེ། འཕགས་བཞི་སྐྱེད་པར་བྱེད་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཁྲོ་མོའི་སྐུར་བཞེངས་པ་ནི་ཁྲོས་མ་འདི་ཡིན་པའི་ཕྱིར་རོ། །དེའི་རྒྱུད་གསུང་ཚུལ་ནི། ཕྱི་དང་ནང་དང་གསང་བ་ཡི། དུར་ཁྲོད་ཆེན་པོའི་གནས་མཆོག་ཏུ་གྱུར་པ་ནི། བཅོམ་ལྡན་འདས་དུག་ལྔ་འཇོམས་པའི་ཧེ་རུ་ཀ་ལྔ་དང་། ཡུམ་ལྔ་དང་། ཁྲོས་མ་རིགས་ལྔ་དང་། དུར་ཁྲོད་ཀྱི་མཁའ་འགྲོ་བརྒྱད་དང་། ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་མའི་ཚོགས་དཔའ་བོ་དང་དཔའ་མོ་འཇིག་རྟེན་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་ཐབས་གཅིག་ཏུ་བཞུགས་པའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་དུར་ཁྲོད་ཀྱི་བདག་མོས་ཞུས་པའི་ངོར། ཁྲོས་མ་ནག་མོ་རྩ་བའི་རྒྱུད་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི། རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་བཅུ་གཅིག་པ་གསུངས་ཏེ། རྒྱ་གར་མཁན་པོ་སྤྲིན་གྱི་ཤུགས་ཅན་དང་། གྱིས་ཇོ་ལོ་ཙྪས་བསྒྱུར་བ་དང་། དེ་ལས་ཚིག་ཅུང་ཟད་རྒྱས་པ་རྒྱ་གར་གྱི་མཁན་པོ་དཔལ་བིརྱ་པ་དང་།


CMR019_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་སྤྲིན་གྱི་ཤུགས་ཅན་གཉིས་ལོཙྪ་བ་ཞུ་སྟོན་འཁོར་ལོས་སྒྱུར་བ་ནི། འཁོར་ལོ་སྡོམ་པའི་རྒྱུད་ལ་རྟོགས་ཤིང་གསར་མ་ཡིན་ལ། རྒྱུད་དེ་ལ་བསྟེན་པའི་སྒྲུབ་ཐབས་ཀྱང་དམ་པ་སངས་རྒྱས་ནས་བརྒྱུད་པའི་བདུད་འདུལ་ཁྲོས་མ་ལྷ་ལྔ། བིརཱུ་པ་ནས་གྲུབ་ཐོབ་དབུ་སྡེབ་པ་ལ་བརྒྱུད་པའི་བསྐོར་མི་ཏྲ་བརྒྱ་རྩ་བརྒྱད་ནས་འབྱུང་བའི་ཁྲོས་མ་ལྷ་ལྔ་སོགས་མང་དུ་བྱུང་། ཡང་ཨོ་རྒྱན་རིན་པོ་ཆེ་ལ་མཁའ་འགྲོ་མ་རྣམས་ཀྱིས་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལེའུ་འབུམ་གྱི་ཊི་ཀ་ཞེས་བྱ་བ། རྒྱས་པ་དང་འབྲིང་པོ་ལེའུ་བརྒྱ་རྩ་གཉིས་ཕུལ། དུར་ཁྲོད་སོ་ས་གླིང་ཞེས་བྱ་བ་མཁའ་འགྲོ་མའི་གནས་དེར་རྡོ་རྗེ་ཕག་མོ་ནག་མོ་འདི་བསྒྲུབས་པས་ཞལ་མཐོང་ནས་ཁྲོས་མ་ནག་མོའི་རྒྱུད་སྒྲུབ་ཐབས་དང་བཅས་པ་གནང་སྟེ། ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་སྤྱོད་པ་མཛད། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས། རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ། །ཅེས་དང་། མཚོ་གླིང་མེ་ཏོག་མདངས་ལྡན་དུ། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་གསུངས་ནས། དེར་རྡོ་རྗེ་ཕག་མོའི་ལུང་བསྟན་ནས། བོད་དུ་ཡེ་ཤེས་མཁའ་འགྲོ་མའི་སྤྲུལ་པ་


CMR019_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ལྡན་གྱི་བུད་མེད་གཅིག་ལ་གཏོད་ཅེས་གནང་བ་བྱིན་པ་ལས། གདམས་པ་ནི་སློབ་དཔོན་གྱི་ཐུགས་ལ་གབ་ནས་ཡོད་དོ། །དེ་ནས་སློབ་དཔོན་བོད་ཡུལ་དུ་བྱོན་ནས་བཞུགས་པའི་དུས་སུ། མཚོ་རྒྱལ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ནས་ཞུས་པས། མཁའ་འགྲོའི་ཆོས་བསྐོར་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་ཟབ་པ་ཁྲོས་མ་ནག་མོ་འདི་གནང་སྟེ། བདག་འདྲ་པདྨ་འབྱུང་གནས་ཀྱི། །ཨོ་རྒྱན་རང་བྱུང་དུར་ཁྲོད་དུ། །རྡོ་རྗེ་མཁའ་འགྲོའི་ཞལ་མཐོང་ནས། །ཁྲོས་མ་ནག་མོའི་སྒྲུབ་ཐབས་ཞུས། །ལུང་བསྟན་གནང་བའི་གདམས་པ་ཐོབ། །མཁའ་འགྲོའི་དངོས་སུ་བྱིན་བརླབས་པས། །མཁར་ཆེན་བཟའ་ལ་གཏད་པ་ཡིན། །མ་སྤེལ་སྙིང་གི་དཀྱིལ་དུ་འཆོང་། །ཞེས་གསུངས་ནས་གཏེར་དུ་སྦས་པ། གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན། མངའ་བདག་མྱང་གི་གཏེར་མ་ལྷ་བཅུ་གསུམ་མ་འདིའི་བརྒྱུད་པ་ནི། རྗེ་བཙུན་ཁྲོས་མ་ནག་མོ། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། མྱང་ཉི་མ་འོད་ཟེར། སྲས་མི་བསྐྱོད་རྡོ་རྗེ། མཉམ་མེད་མདོའོ་རས་པ། གྲུབ་ཐོབ་མེ་ལོང་


CMR019_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། འཁྲུལ་ཞིག་ཤཱཀྱ་ཚུལ་ཁྲིམས། པྲ་བྷ་སེང་ཧ། ཇོ་ཐང་པ་སངས་རྒྱས་རྡོ་རྗེ། ཤེས་རབ་རིན་ཆེན། མཁས་གྲུབ་པྲཛྙཱའི་མཚན་ཅན་ནོ། །ཡང་ཁྲོས་མ་བདུད་འདུལ་ལྷ་ལྔ། མ་གཅིག་ལབ་ཀྱི་ཐུགས་དམ་གྱི་རྩ་བ་ཡིན་པས། ཇོ་མོ་ལུགས་སུ་གྲགས་པའི་བརྒྱུད་པ་ནི། ཡུམ་ཆེན་མོ། ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ། ཕ་གཅིག་དམ་པ་སངས་རྒྱས། མ་གཅིག་ལབ་ཀྱི་སྒྲོན་མ། སྲས་ཁང་བུ་ཡ་ལེ། གྲུབ་ཆེན་ཡེ་ཤེས་འབར། གནམ་མཚོ་དོར་པོ། ཆོས་རྗེ་རང་བྱུང་རྡོ་རྗེ། རྟོགས་ལྡན་ལྷ་རས། ཉག་རེ་བྱང་རྒྱལ། རཏྣ་ར་ཛ། བྱ་བྲལ་ཆོས་རྗེ། མཁས་གྲུབ་པྲཛྙཱའི་མཚན་ཅན་ནོ། །དེའི་དྲུང་དུ་ཁྲ་བ་ཁ་བའི་སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་ཁྲོས་མ། གསར་རྙིང་གཉིས་ཀ་ཞུས་ནས་བསྒྲུབས་པས་དངོས་སུ་འགྲུབ་ནས་བཀའ་བབས་པས། ཁམས་དབུས་ཀྱི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། བཀའ་གཏེར་ཟུང་འཇུག་གི་ཆོ་ག་དབང་ཆོག་དང་བཅས་པ་མཛད་པས་བྱིན་རླབས་ཆེ་ཞིང་དེང་སང་གི་བར་དུ་དར་ཞིང་རྒྱས། དེའི་ལུང་དང་དབང་རྒྱས་པར་ཐོབ་ཅིང་། ཡང་ཇོ་མོ་ལུགས་ཀྱི་རྗེ་གནང་གཏོར་


CMR019_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་བཅས་པ་ཐོབ་པ་ནི། རིང་བརྒྱུད་ཡིན་པ་ལ་འདིའི་སྒྲུབ་ཐབས་དགོངས་འདུས་བླ་མ་ཡང་ཏིག་ནས་འབྱུང་བ་དང་། ཡེ་ཤེས་མཚོ་རྒྱལ་ཡང་གསང་ཁྲོས་མ་ལྟར་སྒྲུབ་པའི་ཐབས། རཏྣ་གླིང་པ་དང་གཏེར་བཞེད་སྙིང་པོའི་གཏེར་མ་ཡང་ཐོབ་པ་ནི་ཉེ་བརྒྱུད་དང་།། གནམ་ཆོས་དང་དགོངས་གཏེར་ལས་ཁྲོས་མ་རིགས་བཞི་འབྱུང་བའི་ལུང་དང་། །དབང་སྣ་བཞི་ཐོབ་པ་ནི་ཤིན་ཏུ་ཉེ་བརྒྱུད་བྱིན་རླབས་ཀྱི་སོ་མ་ཉམས་པ་སྟེ། དེ་རྣམས་ལྷ་གྲངས་མི་མཉམ་ན་ཡང་། དོན་གྱི་ངོ་བོ་གཅིག་པའི་ཕྱིར། བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདུས་པ་ཡིན་ནོ། །དེ་ཡང་ཁྲོས་མ་འདིའི་དབང་མ་ཐོབ་ན། འདིའི་བསྙེན་པ་ཆོ་ག་ཚོགས་མཆོད་ཀྱང་མི་རུང་། གཅོད་ཀྱི་དབང་སྡུད་དང་། དྲག་ལས་སྐབས་སུ་ཁྲོས་མ་བདག་བསྐྱེད་བསྒོམ་པ་ཡང་མི་རུང་། དབང་མ་ཐོབ་པ་ལ་འདིའི་སྒྲུབ་ཐབས་ཀྱི་ལུང་དང་མན་ངག་སྤེལ་བ་ཡང་མི་རུང་སྟེ། དབང་མ་ཐོབ་པ་ནི་གསང་སྔགས་ཀྱི་སྣོད་དུ་མི་རུང་བའི་སྣོད་ངན་ཡིན་ཏེ། འདིའི་རྩ་བའི་རྒྱ་གཞུང་མཁའ་འགྲོའི་སྙན་བརྒྱུད་ལས། སྣོད་ངན་ལ་མ་སྤེལ་བཀའ་ཆད་འོང་། དེ་བས་ཤིན་ཏུ་སྦ་བར་རིགས། ཞེས་དང་།


CMR019_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱ་འགྲེལ་ལས། འདི་རབ་ཏུ་གཉན་པས་སྣོད་ངན་ལ་སྤེལ་ན། མཁའ་འགྲོ་མའི་བཀའ་ཆད་འོང་སྟེ། ཁྲག་ཏུ་སྐྱུག་པ་དང་། རིམས་ནད་ལ་སོགས་བཀྲ་མི་ཤིས་པ་སྣ་ཚོགས་འོང་བས། དེ་ནས་རབ་ཏུ་སྦས་ལ་ཡོད་པར་མི་བྱ་བར་གསང་བར་རིགས་པའི་ཆོས་ཡིན་ནོ། །ཞེས་དང་། ཁྲོས་མའི་རྩ་རྒྱུད་ལས། དབང་བསྐུར་གནང་བ་མ་ཐོབ་ན། །རིག་པ་ཤེས་རབ་རྩལ་རྫོགས་ཀྱང་། །སློབ་དཔོན་བྱ་བར་ཡང་མི་ནུས། །དབང་བསྐུར་གནང་བ་མ་ཐོབ་ན། །གཞན་གྱི་ཡོན་ཏན་ཀུན་ཚང་ཡང་། །འཁོར་ལོའི་སྲོག་ཤིང་མེད་པ་འདྲ། །དབང་མ་ཐོབ་པར་ལས་བརྩོན་པས། །སྐྱིད་མ་ལྟས་པར་ཁལ་འགེལ་འདྲ། །འདི་དག་ཕུང་བའི་རྒྱུ་ཡིན་ནོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉེས་པ་ལ་སོགས་བརྩམ་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་སོ། །འོ་ན་དབང་འདི་ཐོབ་པའི་ཕན་ཡོན་ཅི་ཞེ་ན་ཁྲོས་མའི་རྩ་རྒྱུད་ཕག་མོ་མངོན་འབྱུང་ལས། འདི་ཡི་དབང་རྫོགས་གང་ཟག་དེ། །བདེ་གཤེགས་རྣམས་ཀྱི་སྲས་ཡིན་ཏེ། །མཁྱེན་རབ་བདེ་གཤེགས་རྣམས་


CMR019_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ། །མཐུ་སྟོབས་ཁྲོ་རྒྱལ་རྣམས་དང་མཉམ། །ཚེ་ཚད་ཉི་ཟླ་གཉིས་དང་མཉམ། །དང་པོའི་ལས་ཅན་རྣམས་དང་མཉམ། །ས་བརྒྱད་ལ་ནི་རབ་ཏུ་གནས། །ཞེས་གསུངས་སོ། །འདིའི་དབང་ཐོབ་ན་བསྙེན་པ་བྱས་པའི་ཕན་ཡོན་ནི། འབུམ་ཕྲག་གཅིག་གིས་བགེགས་རྣམས་བསྐད། ་རྣམ་རྟོག འབུམ་ཕྲག་གཉིས་ཀྱིས་གྲོང་ཁྱེར་བསྐྱོད། ་་ནང་གི་འབུ་སྲིན། །འབུམ་ཕྲག་གསུམ་གྱིས་རྒྱལ་པོ་འཇོམས། ་་མ་རིག་པ། །འབུམ་ཕྲག་བཞི་ཡིས་བུད་མེད་འགུགས་འདོད་ཆགས་ལས་གྲོལ། །འབུམ་ཕྲག་ལྔ་ཡིས་ཕྱོགས་རྣམས་བསྲེགས་དེར་འཛིན་བྲལ། །འབུམ་ཕྲག་དྲུག་གིས་འབྱུང་བ་ཟློག་་་ཟས་སྐོམ་འཇུ། །འབུམ་ཕྲག་བདུན་གྱིས་གནས་ཁང་སྤྱོད། ་་ཟག་མེད་བདེ་བ་བསྐྱེད། །འབུམ་ཕྲག་བརྒྱད་ཀྱིས་མངོན་ཤེས་འཆར་་་་མིག་སོགས། །འབུམ་ཕྲག་དགུ་ཡིས་ཟས་ནོར་འདུ། ་ཏིང་འཛིན་ཉིན་མཚན་མེད་པ། །འབུམ་ཕྲག་བཅུ་ཡིས་གང་འདོད་འགྲུབ་་་མཆོག་ཐུན་མོང་། ཅེས་གསུངས་སོ། །འདིའི་བསྙེན་སྒྲུབ་དང་ཚོགས་མཆོད་བྱེད་དུས་རྟགས་འབྱུང་ཚུལ་ནི། རྒྱུད་དེ་ཉིད་ལས། མཚན་ལྟས་རབ་འབྲིང་ཐ་མ་གསུམ། །བསྐལ་པར་ལྡན་པའི་གང་ཟག་ལ། །ཡེ་ཤེས་མཁའ་འགྲོ་རྣམ་པ་ལྔ། །


CMR019_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དག་ཏུ་མཐོང་བར་འགྱུར། །དབང་པོ་རབ་ཀྱི་སྣང་བ་དེ། །ལས་འཕྲོ་ཅན་གྱི་སྣང་བ་ཡིན། །རང་གི་རིགས་དང་གང་མཐུན་པ། །རྨི་ལམ་དུ་མཆོག་ཏུ་གསལ། །བསྐལ་པ་འབྲིང་གི་མཚན་ལྟས་ཡིན། །ཚུལ་བཞིན་བྲིས་པའི་ཐང་སྐུ་དེ། །འོད་དང་སྒྲ་དང་འཛུམ་པ་དང་། །མཁའ་འགྲོའི་ལུང་བསྟན་འབྱུང་བ་དང་། །སྐྱེ་བ་འདི་ལ་ངེས་པར་འགྲུབ། །སྦྱོར་བ་དམན་པའི་གང་ཟག་ལ། །བར་མ་དོ་ནས་ལམ་སྣ་འདྲེན། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་གསུངས་སོ། །འདིའི་བསྐྱེད་རྫོགས་ཟུང་འཇུག་ཉམས་སུ་བླངས་ན། ཉམས་མྱོང་འཆར་ཚུལ་ནི། འདིའི་རྒྱུད་ལས། དེ་ནས་ཉམས་དང་བྱིན་རླབས་ནི། །གོ་རིམ་བསྐྱེད་ཚུལ་འདི་ལྟ་སྟེ། །དམིགས་པ་མེད་པའི་སྙིང་རྗེ་སྐྱེ། །སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ནི། །ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བས། །རྡོ་རྗེ་མཁའ་འགྲོའི་ཉམས་མྱོང་ཡིན། །ཐམས་ཅད་མཉམ་པ་ཉིད་སྐྱེ་བས། །རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན། །ཆོས་རྣམས་མ་འདྲེས་གསལ་བ་དེ། །པདྨ་མཁའ་འགྲོའི་ཉམས་མྱོང་ཡིན། །དངོས་པོ་གང་ལ་ཡང་


CMR019_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་མེད། །ལས་ཀྱི་མཁའ་འགྲོའི་ཉམས་མྱོང་ཡིན། །ཞེས་གསུངས། འདིའི་སྒོམ་བསྒྲུབས་བྱས་པས་འཐོབ་བྱ་ཡེ་ཤེས་ལྔ་ཐོབ་སྟེ། འདིའི་རྒྱུད་ལས། སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་དང་། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལྟར། །བདག་གཞན་གཉིས་མེད་མཉམ་པ་ཉིད། །གསལ་ལ་མ་འདྲེས་སོ་སོར་རྟོག །ཕྲིན་ལས་མཐར་ཕྱིན་བྱ་བ་གྲུབ། །ཡེ་ཤེས་ལྔ་ནི་དེ་ལྟར་ཡིན། །གཞན་ནས་མ་ཡིན་རང་ཉིད་ལའོ། །ཞེས་གསུངས། མདོར་ན་སྐུ་ལྔའི་བདག་ཉིད་རྫོགས་པའི་སངས་རྒྱས་ཚེ་འདིར་ཐོབ་སྟེ། །འདིའི་རྩ་རྒྱུད་ལས། ཀུན་ལ་ཁྱབ་པའི་ཆོས་སྐུ་དང་། ཐེག་པ་ཆེན་པོའི་ལོངས་སྐུ་དང་། །གང་ལ་གང་འདུལ་སྤྲུལ་སྐུ་དང་། །ངོ་བོ་ཉིད་ཀྱི་མཆོག་སྐུ་དང་། །ཅེས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །སྐྱེ་བ་གཅིག་གིས་ཐོབ་པར་འགྱུར། །ཅེས་གསུངས། དེ་དུས་ནམ་ཙམ་ཐོབ་ན། རྒྱུད་ལས། དུས་ཀྱི་ཚད་ནི་རྣམ་གསུམ་སྟེ། །རབ་ལ་སྐད་ཅིག་དྲུག་པོ་ཡིན། །འབྲིང་ལ་ཟླ་དྲུག་སྦྱོར་བ་ཡིན། །ཐ་མ་ལོ་དྲུག་སྒོམ་པ་ཡིན། །ཞེས་གསུངས། དེ་ལྟར་ཕུང་པོ་ལྷག་མེད་ཀྱི་སངས་རྒྱས་མ་ཐོབ་ན་ཡང་། འདིའི་བསྐྱེད་རྫོགས་


CMR019_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ཉམས་སུ་བླངས་བས། རྣལ་འབྱོར་པ་ལུས་རྒྱ་བྲལ་བའི་དུས་སུ། རྣམ་པར་ཤེས་པ་མཁའ་སྤྱོད་དུ་ལྷ་དང་ལྷ་མོ་དཔའ་བོ་མཁའ་འགྲོས་བསུ་ཞིང་བར་དོ་མེད་པར་སངས་རྒྱས། ལྷག་མ་ཕུང་པོ་སྐུ་གདུང་རིང་བསྲེལ་སོགས་སིལ་བུར་འགྲོ་སྟེ་ལུས་ལྷ་བསྐྱེད་པ་ལ་གོམས་ན། རྡོ་རྗེ་ཕག་མོའི་སྐུ་མི་འབྱོན་མི་སྲིད་དོ། །གཞན་ཡང་ཤ་ལས་གྲུབ་པའི་རིང་བསྲེལ་སེར་པོ། ཁྲག་ལས་དམར་པོ། རུས་པ་ལས་དཀར་པོ། སྐྲ་དང་བ་སྤུ་ལས་ལྗང་ཁུ། ཐིག་ལེ་ལས་ཤེལ་དཀར་ལྟ་བུ་འབྱུང་སྟེ། སེམས་དག་པའི་སྣང་བ་སྦྱངས་བས་ནམ་མཁའ་གཡའ་དག་པ་ལྟ་བུ་འབྱུང་། རྩ་འཁོར་ལོ་དག་པས་ནམ་མཁའ་འཇའ་ཡིས་གང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་བསུ་བ་དང་། མེ་ཏོག་གིས་ཆར་ཆེན་པོ་འབབ་པར་འགྱུར། ཞེས་གསུངས་སོ། །དེ་ཡང་ཕག་མོ་མངོན་འབྱུང་གི་རྒྱུད། རབ་ཏུ་བྱེད་པ་འབུམ་གྱི་ཊི་ཀ་ལ་བརྟེན་ནས་དཀར་མོ་སྐུ་སྒྲུབ། དམར་མོ་གསུང་སྒྲུབ། ནག་མོ་ཐུགས་སྒྲུབ། སེར་མོ་ཡོན་ཏན་སྒྲུབ་པ། ལྗང་མོ་ཕྲིན་ལས་སྒྲུབ་པ་ལྔ་མཛད་པའི་ནང་ནས། ཤིན་ཏུ་ཟབ་ཅིང་བཀའ་གཉན་པ། ཕག་མོ་ནག་མོ་ཁྲོས་


CMR019_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གསང་སྒྲུབ་ཁྲོས་མའི་སྙན་བརྒྱུད་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་འཇུག་འདོད་ན། །དམ་པས་བདག་ནི་ངེས་པར་བཞུགས་སུ་གསོལ། །གསུམ། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་རས་དམར་པོའི་གདོང་གཡོགས་རེ་བཅིང་བའི་མོས་པ་མཛོད། སརྦ་ཏ་ཐཱ་ག་བོ་དྷི་ཨ་ལཾ་ཀ་ཝརྟ་པཱུ་ཙ་མེ་གྷ་ས་མུ་དྲ་སྤྱི་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དར་གྱི་སྟོད་གཡོགས་གྱོན་པའི་མོས་པ་མཛོད། ཨོཾ་བཛྲ་རཀྟ་ཧཾ། མེ་ཏོག་ཕྲེང་བ་ལག་ཏུ་གཏད་པའི་མོས་པ་མཛོད། ཨ་ཁཾ་བི་ར་ཧཱུཾ། རས་དམར་པོའི་གདོང་གཡོགས་འདི་ཆིངས་མཛོད། ཨོཾ་ཙཀྵ་བྷནྡ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། ཀྱི་བུ་ཁྱོད་སུ་ཞིག་ཅི་ལ་དགའ། ད་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །སློབ་དཔོན་གྱིས། དེ་ཡི་བུ་ལ་ཅི་ཞིག་བྱ། འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་དམ་ཚིག་གོ །དེ་ཡང་ཁྲོས་མའི་རྩ་རྒྱུད་ལས། དང་པོ་བྱང་ཆུབ་སེམས་བསྐྱེད་དོ། །སྨོན་འཇུག་གཉིས་ནི་སྔོན་དུ་གཅེས། །ཞེས་གསུངས་པས། དེའི་རྗེས་ཟློས་མཛོད།


CMR019_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། སངས་རྒྱས་ཆོས་དང་ཚོགས་མཆོད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ། ད་སྔགས་ཀྱི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་རྣམས་དང་ནི། །སོགས། ད་ཁྱེད་རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་བསྒོམས་ལ་རྗེས་ཟློས་མཛོད། ཨོ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། སྙིང་ཁར་རྡོ་རྗེ་བཞག་ལ། སེམས་བསྐྱེད་དེ་བརྟན་པའི་མོས་པ་མཛོད། སུ་ར་ཏི་ས་མ་ཡ་སྟེ་ཧོ། སིདྡྷི་བཛྲ་ཡ་ཐ་སུ་ཁཾ། རྡོ་རྗེ་འདི་ལ་འཇུས་ནས་ཡོལ་བ་


CMR019_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ནང་དུ་ཞུགས་པའི་མོས་པ་མཛོད། ཨོཾ་ཨ་ལཾ་ཝི་ར་ཧཱུཾ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། ཤར་སྒོ་ནས་ལྷ་རྣམས་ལ་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད། །ན་མ་ཏེ་ཧཱུྃ། ན་མ་མེ་ཧཱུཾ། ན་མོ་ན་མ་ཧཱུྃ། ལག་ཏུ་རྡོ་རྗེ་གདེང་ལ། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ང་ཡི་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། གང་ཞིག་འདི་འདྲ་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་དམ་ཚིག་ཉམས། །རྡོ་རྗེ་མགོར་བཞག་ཅིང་། དེ་བས་ང་རྒྱལ་བཅོམ་ལྟས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །ཡང་རྡོ་རྗེ་གདེང་ལ། རྡོ་རྗེ་མཁའ་འགྲོ་མ་ཁྱོད་དང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་གྲོལ་ཏེ་གཤེགས། །ཞེས་རྡོ་རྗེ་སྙིང་ཁར་བཞག །དུང་ཆོས་ཐོགས་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །དམོ་ཆུ་བླུད་ཅིང་། བཛྲ་ཌཱཀི་ནི་ཨ་མྲྀ་ཏུ་ཏྟཱཀི །རྡོ་རྗེ་གདེང་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱིས། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་


CMR019_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་བསྒྲུབ། །གང་ཡང་ང་ལ་མ་གུས་མིན། །དེ་ནི་གུས་པར་མ་བྱས་ན། །བདུད་ཀྱི་བཅོམ་ནས་ངན་འགྲོར་འགྲོ། །རྡོ་རྗེ་མགོར་བཞག་ཅིང་། དེ་བས་དམ་ཚིག་གནས་པར་གྱིས། ད་ཡེ་ཤེས་པ་འབེབས་པའི་དོན་དུ་རྗེས་ཟློས་མཛོད། བདག་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་ཀྵཔོ་ལ་མཆིས་ཀྱི་བར་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། །གསུམ། ད་ཁྱེད་རང་རྣམས་ཀྱི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་སློབ་མ་རྣམས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཁཊཾ་ག་ཐུགས་ཀར་གཏད་པ་དུར་ཁྲོད་ཀྱི་ཆོས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབ་ཅིང་། །


CMR019_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་ལྔས་དབུ་རྒྱན་པ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམས་ཤིང་། གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པའི༔ ལྟེ་བར་ཆོས་འབྱུང་སྔོན་པོའི་ལྟེ་བར། ཡི་གེ་ཨ་དཀར་པོ་ལས་འོད་འཕྲོས་པས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉི་ཤུ་བཞིའི་དཔའ་བོ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས། ལུས་ཐམས་ཅད་ལྷའི་ཚོགས་ཀྱིས་གང་བར་གྱུར། སྤོས་རོལ་མོ་དབྱངས་དང་བཅས། ཧཱུྃ། རང་བཞིན་དག་སྣང་ལྷུན་གྲུབ་གཞལ་ཡས་ནས། །འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པའི་སྐུ། །མཁའ་འགྲོ་གཙོ་བོ་པད་འབྱུང་དམ་པ་རྗེ། །ཕྲིན་ལས་མཚུངས་མེད་བཀའ་བརྒྱུད་རིན་པོ་ཆེ། །དཔལ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ནི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་སྐལ་ལྡན་


CMR019_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བྱིན་ཕོབ་ཅིག །ལུས་ལ་བདེ་དྲོད་འབར་བའི་བྱིན་ཕོབ་ཅིག །ངག་ལ་ནུས་པ་འབར་བའི་བྱིན་ཕོབ་ཅིག །སེམས་ལ་རྟོགས་པ་འབར་བའི་བྱིན་ཕོབ་ཅིག །འདུ་བ་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཨ་ཨཱཿ སྔགས་དེ་གསུམ་མམ་བདུན་དྲག་ཏུ་བརྗོད། ད་ཡེ་ཤེས་པ་དེ་བརྟན་པར་བསྒོམ་ཞིང་། ཏིཥྛ་བཛྲ་ཏིཥྛ་བཛྲ། དཀྱིལ་འཁོར་ལ་མཆོད་པར་དམིགས་ལ་ཕྱག་རྒྱ་དང་བཅས། ཨནྡྷཾ་སོགས། ད་སློབ་དཔོན་གྱི་ངོ་ཆེན་གྱི་ཚུལ་དུ་གསོལ་བ་བཏབ་པས། ཁྱེད་རང་གི་མེ་ཏོག་ལས་འཕྲོ་ཡོད་པའི་ལྷ་ལ་ཕོག་པར་སྒོམས་ཤིག །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་འཇུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡོད་དེ་ནི་ཤོག །འདིར་ནི་གང་གི་དངོས་གྲུབ་ཐོབ། །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་༈ འདིར་ནི་དེ་བཞིན་ཤོག །ད་སྔགས་འདི་རྗེས་ཟློས་མཛོད་ལ། མེ་ཏོག་དེ་དཀྱིལ་འཁོར་གྱི་ནང་དུ་འཕོངས་ཤིང་། བཛྲ་ཌཱཀི་ནཱི་པྲ་ཏིཙྪ་ཧོ༔ མེ་ཏོག་གང་དུ་ཕོག་པ་དེ་ཁྱེད་


CMR019_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཚེ་རབས་ལས་ཀྱི་ལྷ་ཡིན་ཅིང་། རིགས་དེ་དང་མཐུན་པའི་དངོས་གྲུབ་ཀྱང་ཐོབ། མེ་ཏོག་དེ་ཡང་ཁྱེད་རང་གི་སྤྱི་བོར་གནང་བའི་མོས་པ་མཛོད། བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །འདི་ནི་རྗེས་སུ་བཟུང་བར་མཛོད། །པྲ་ཏི་བྷིཏྟ་སོ་མི་མཾ་སཏཱ་མ་ཧཱ་བ་ལ་ཡ། ད་གསེར་གྱི་ཐུར་མས་རིག་པའི་ལིང་ཐོག་གསལ་བའི་མོས་པ་གྱིས། སྤྱན་ལྔ་རྣམ་དག་དབྱེ་དང་མི་དབྱེ་བྲལ། །འོན་ཀྱང་སྣ་ཚོགས་སྣང་བའི་སྤྱན་དབྱེ་བས། །ཆོས་ཀུན་སྒྲིབ་བྲལ་མཁྱེན་ཅིང་གཟིགས་པ་ཡི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །མིག་དར་གསལ་ཞིང་། ཨོཾ་ཙཀཱ་པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱེད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལ་འབྱུང་། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་འདི་ལ་བརྩོན་པར་གྱིས། །ལྷ་ངོ་བསྟན་ཅིང་། ཡེ་ཤེས་ཀྱི་མེ་རིའི་བསྐོར་བ། རྡོ་རྗེའི་གུར། ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོ་བརྒྱད། བྷནྡྷ་སྐམ་རློན་བརྩེགས་པའི་གཞལ་ཡས་


CMR019_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གྲུ་བཞི། དེའི་དབུས་སུ་ཆོས་འབྱུང་གདན་ཐབས་ཀྱི་སྟེང་དུ། ཆོས་ཀྱི་འབྱུང་གནས་གདེང་ཁ་གྱེན་དུ་ཕྱོགས་པའི་དབུས། སྣ་ཚོགས་པདྨ་འདབ་བརྒྱད་དང་འདབ་བཞི་པདྨའི་གདན་ལ། དབུས་དང་ཕྱོགས་བཞིར་ཁྲོས་མ་རིགས་ལྔ། ཕྱི་རོལ་དུ་དུར་ཁྲོད་ཀྱི་མཁའ་འགྲོ་བརྒྱད་བཞུགས། གཙོ་མོ་ལྔ་ནི་ངོ་བོ་གཅིག་ལ་གང་འདུལ་གྱི་སྐུར་བསྟན་པ་ཡིན་ཏེ། ཁྲོས་མ་ཉིད་ཀྱི་རྩ་རྒྱུད་ལས། གཏི་མུག་ཅན་གྱི་གང་ཟག་ལ། །སྐུ་ཡི་ཕག་མོ་དཀར་མོ་བསྟན། །གཏི་མུག་ཚུལ་གྱིས་གཏི་མུག་བཅོམ། །འདོད་པ་གཙོར་བྱེད་གང་ཟག་ལ། །གསུང་གི་ཕག་མོ་དམར་མོ་བསྟན། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས། །ཞེ་སྡང་སྤྱོད་པའི་གང་ཟག་ལ། །ཐུགས་ཀྱི་ཕག་མོར་ནག་མོ་བསྟན། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས། །ང་རྒྱལ་ཅན་གྱི་གང་ཟག་ལ། །ཡོན་ཏན་ཕག་མོ་སེར་མོར་བསྟན། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས། །ཕྲག་དོག་ཅན་གྱི་གང་ཟག་ལ། །ཕྲིན་ལས་ཕག་མོ་ལྗང་གུ་བསྟན། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས། །ཞེས་གསུངས་སོ།། དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས་དངོས་གཞིའི་


CMR019_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར་། །ནམ་མཁའི་རྡོ་རྗེའི་དེང་བདག་སྩོལ། །གསུམ། དེ་ཡང་ཁྲོས་མའི་རྒྱུད་ཕག་མོ་མངོན་འབྱུང་ལས། དེ་ནས་དཀྱིལ་འཁོར་ཤར་གྱི་སྒོར། །བ་ཡི་རྣམ་ལྔའི་མཎྜལ་བྱ། །སྐལ་ལྡན་སློབ་མ་དེར་བཞག་ལ། །བུམ་པའི་དབང་ནི་རྫོགས་པར་བསྐུར། །ཞེས་གསུངས་པས། དཀྱིལ་འཁོར་གྱི་ཤར་སྒོ་བ་བྱུང་གིས་བྱུག་པའི་མཎྜལ་ཆོས་འབྱུང་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ་ཁྱེད་རང་རྣམས་བཞག་པའི་མོས་པ་མཛོད། ད་དཀྱིལ་འཁོར་གྱི་གཙོ་མོ་དང་། མེ་ལོང་གི་ལྷ་ཚོགས་ཀྱི་གཙོ་མོའི་ལྟེ་བའི་ཨཱ་དཀར་པོ་ལས་འོད་འཕྲོས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བར་སྤྱན་དྲངས་ནས། དེ་རྣམས་ཀྱི་མེ་ཏོག་ཆར་འབེབས་དབང་བསྐུར་བཀྲ་ཤིས་པའི་ཆོ་ག་མཛད་པའི་མོས་པ་མཛོད༔ བུམ་པ་ཐོགས་ལ། ད་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་ཀྱི་ངོ་བོར་གྱུར་པ་ལ། བུམ་ཆུ་འདི་ཡང་སངས་རྒྱས་ཐམས་ཅད་མི་བསྐྱོད་


CMR019_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོར་ཞུ་བའི་ཆུས་དབང་བསྐུར་བར་སྒོམས་ཤིག །རྡོ་རྗེ་མཁའ་འགྲོ་ཆུ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱོད་དབང་བསྐུར། །བུམ་པ་སྤྱི་གཙུག་ཏུ། བཛྲ་ཌཱཀི་ནཱི་ཨ་བྷི་ཥིཉྩ་ཧཱུཾ། སླར་ཡང་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཥིཉྩ་མཱི། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུད། ལུས་གང་བདེ་བ་ཆེན་པོའི་ཉམས་སུ་མྱོང་། ཞེས་བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་བཏབ་ཅིང་། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མེ་ཏོག་འཐོར་ཞིང་། རྡོ་རྗེ་མཁའ་འགྲོའི་ལེགས་བྱིན་པའི། །བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས། མི་བསྐྱོད་པ་དང་མཁའ་འགྲོའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག་རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་ཏེ། མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན། དེ་ནི་དཀྱིལ་འཁོར་གྱི་གཙོ་མོ་དང་མེ་ལོང་གི་ལྷ་ཚོགས་འོད་ཀྱིས་དབང་ལྷ་སྤྱན་དྲངས། མེ་ཏོག་གི་ཆར་འབེབས་


CMR019_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སློབ་མ་རྣམས་རིན་ཆེན་མཁའ་འགྲོ་དང་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་ངོ་བོར་གྱུར་པ་ལ། དབུ་རྒྱན་འདི་ཡང་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པ་ལ་དབང་བསྐུར། དབུ་བརྒྱན་པའི་མོས་པ་མཛོད། རིན་ཆེན་མཁའ་འགྲོའི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་རཏྣ་ཊཱཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། བུམ་པ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས། རྣ་ལྟགས་གཡས་ནི། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥིཉྩ་མཱི། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུད། ལུས་གང་བདེ་བ་ཆེན་པོའི་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་པར་གྱུར། རིན་ཆེན་མཁའ་འགྲོའི་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས། དེས་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དང་སེར་སྣ་དག ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་


CMR019_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མངོན་དུ་བྱས་ཏེ། རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། ཡང་དཀྱིལ་འཁོར་གྱི་གཙོ་མོ་དང་མེ་ལོང་གི་ལྷ་ཚོགས་ཀྱི་འོད་ཀྱིས་དབང་ལྷ་རྣམས་སྤྱན་དྲངས། སློབ་མ་རྣམས་པདྨ་མཁའ་འགྲོ་དང་སངས་རྒྱས་ཐམས་ཅད་དབྱེར་མེད་དུ་གྱུར་པ་ལ། སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་ངོ་བོར་ཞུ་བའི་རྡོ་རྗེ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་གཏད་པར་སྒོམས་ཤིག་།པདྨ་མཁའ་འགྲོའི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་པདྨ་ཊཱཀི་ནི་ཨ་བྷི་ཥིཉྩཧཱུཾ། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས། བུམ་པ་ལྟག་པར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥིཉྩ་མཱི། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུད། ལུས་གང་བདེ་བ་ཆེན་པོའི་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་ཀྱི་དབུ་རྒྱན་པར་གྱུར། པདྨ་མཁའ་འགྲོའི་ལེགས་བྱིན་པའི། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །དབང་གི་ལྷ་


CMR019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སློབ་མའི་ལུས་ལ་ཞུགས། དེས་འོད་དཔག་མེད་དང་པདྨ་མཁའ་འགྲོའི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་ཞི། འདུ་ཤེས་ཕུང་པོ་གནས་འགྱུར་ནས་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་པདྨ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན། ཡང་དཀྱིལ་འཁོར་གྱི་གཙོ་མོ་དང་མེ་ལོང་གི་ལྷ་ཚོགས་ཀྱི་འོད་ཀྱིས་དབང་ལྷ་སྤྱན་དྲངས། སློབ་མ་རྣམས་ལས་ཀྱི་མཁའ་འགྲོ་དང་སངས་རྒྱས་ཐམས་ཅད་དབྱེར་མེད་དུ་གྱུར་པ་ལ། དྲིལ་བུ་འདི་ཡང་དོན་ཡོད་གྲུབ་པའི་ངོ་བོར་བཞུགས་པ་ལག་པ་གཡོན་དུ་གཏད་པའི་མོས་པ་མཛོད། །ལས་ཀྱི་མཁའ་འགྲོའི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར། །ལས་ཀྱི་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཀི་ནི་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས། བུམ་པ་རྣ་ལྟག་གཡོན། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥིཉྩ་མཱི། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུད། ལུས་གང་བདེ་བ་ཆེན་པོའི་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་


CMR019_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དོན་ཡོད་གྲུབ་པས་དབུ་རྒྱན་པར་གྱུར། ལས་ཀྱི་མཁའ་འགྲོའི་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས། དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་སྒོ་ནས་དྲིལ་བུས་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཡང་དཀྱིལ་འཁོར་གྱི་གཙོ་མོ་དང་མེ་ལོང་གི་ལྷ་ཚོགས་འོད་ཀྱིས་དབང་ལྷ་སྤྱན་དྲངས། སློབ་མ་རྣམས་སངས་རྒྱས་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། དབང་ལྷ་རྣམས་ཀྱི་རྣམ་སྣང་གི་ངོ་བོར་རྡོར་དྲིལ་སྤྱི་བོར་འཁྲོལ་ཞིང་གསང་མཚན་བཏགས་པར་བསྒོམ། སངས་རྒྱས་མཁའ་འགྲོའི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར། །སངས་རྒྱས་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་བུདྡྷ་ཌཱཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཀྱི་དཔལ་མེ་ཏོག་གང་ལ་ཕོག་པ། ཕོ་ལ་


CMR019_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ་སོགས། མོ་ཡིན་ན། རྡོ་རྗེ་ཁྲོ་མོ་རིན་ཆེན་ཁྲོ་མོ་སོགས། ཞེས་བྱ་བའི་དེ་བཞིན་གཤེགས་པའམ་གཤེགས་མའོ། །བྱང་ཆུབ་སེམས་ཀྱིས་གང་བའི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས། བུམ་པ་དཔྲལ་བར། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥིཉྩནྟཾ། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུད། ལུས་གང་བདེ་བ་ཆེན་པོའི་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན་པར་གྱུར། སངས་རྒྱས་མཁའ་འགྲོའི་བྱིན་རླབས་དང་དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས། དེས་རྣམ་པར་སྣང་མཛད། སངས་རྒྱས་མཁའ་འགྲོའི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག་གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། དེ་ལྟར་དབང་བསྐུར་བས་ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སྐུ་ཆེ་ལ་ཡན་ལག་རགས་པ། ཕྱག་གཡས་གྲི་གུག་ནག་མཁའ་ལ་ཕྱུར་བ། གཡོན་ཐོད་ཁྲག་


CMR019_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་འཛིན་པ། ཁཊཾ་ག་མཆན་ཁུང་དུ་བཅུག་པ་ལ་འཁྱུད་པ། ཞབས་གཡས་བསྐུམས་པའི་རྟིང་པ་བྷ་ག་ལ་གཏད་པའོ། །གཡོན་བརྐྱང་རོའི་གདན་སྙིང་གར་མནན་པ། སྐུ་འཇིགས་ཤིང་རབ་ཏུ་ཁྲོས་པ། ཞེ་སྡང་རབ་ཏུ་འཇོམས་པའི་ཕྱིར། སྦྲུལ་གྱི་ག་ཤལ་བརྒྱན་པ། ང་རྒྱལ་འཇོམས་པའི་ཕྱིར། སྟག་གི་ཤམ་ཐབས་བྱས་པ། འབྱུང་པོ་ཚར་གཅོད་པའི་ཕྱིར། ཐོད་པའི་ཕྲེང་བས་བརྒྱན་པ། འདོད་ཆགས་གནས་སུ་འཇོམས་པའི་ཕྱིར། རཀྟའི་ཐིག་ལེས་བརྒྱན་པ། གཏི་མུག་རྣམ་པར་དག་པའི་ཕྱིར། གླིང་ཆེན་གྱི་ཀོ་རློན་གསོལ་བ། ཕྲག་དོག་གནས་སུ་འཇོམས་པའི་ཕྱིར། ཞིང་ཆེན་གྱི་གཡང་གཞི་གསོལ་བ། ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། ཐོད་པ་ལྔས་དབུ་བརྒྱན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཕྱིར། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ། རལ་པ་དམར་ནག་གྱེན་དུ་བཅིངས་ཤིང་ཐུར་དུ་གྲོལ་བ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ། ཁམས་གསུམ་དབང་དུ་སྡུད་པ། ཕག་ཟེ་ལ་ཡེ་ཤེས་ཀྱི་མེ་འབར་བ། ཁྲོ་གཉེར་སྡུད་ཅིང་སྤྱན་གསུམ་དམར་ལ་འཁྲུགས་པ། །


CMR019_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་ཐམས་ཅད་མནན་ནས་ཟ་བར་བྱེད་པ། འཇིགས་པའི་མཆེ་བ་བཞི་གཙིགས་པ། ཞལ་གདངས་ཤིང་ལྗགས་འདྲིལ་དྲག་པོའི་སྐན་སྒྲ་རྡེབ་པ། སྟོང་ཉིད་ཀྱི་ནམ་མཁའ་ལ་ཕོ་སྒྲ་སྒྲོག་པ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྐམ་སར་འདྲེན་པ་ལ་སྤྲོ་བས། ཧ་ཧའི་གད་རྒྱང་བསྒྲོགས་པས་བདུད་དཔུང་ཐམས་ཅད་སྲེག་པར་བྱེད་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བ། ཞབས་བརྡབས་པ་ཙམ་གྱིས་སྲིད་གསུམ་གཡོ་ཞིང་འགུལ་ནུས་པ་ཞིག་ཏུ་གྱུར། དེ་ལྟར་སློབ་མ་ལྷའི་སྐུར་མངའ་གསོལ་ནས། དེ་ནི་འདིའི་རྒྱུད་ལས། དེ་ནས་ཕྱག་མཚན་རྣམས་ཀྱི་དབང་གོ་རིམ་བཞིན་དུ་བསྐུར་བར་བྱ། ཞེས་གསུངས་པས། སྤྱི་བོར་བླ་མ་རིགས་བདག་གི་ཚུལ་དང་། ཕྱག་མཚན་རྣམས་གཏད་པར་སྒོམས་ཤིག ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །སྤྱི་གཙུག་ནོར་བུས་དབང་བསྐུར་བས། །བླ་མ་རྒྱུན་དུ་བསྟེན་པར་ཤོག་།རྩ་སྔགས་ཨཱ་ཝེ་ཤ་ཡའི་མཇུག་ཏུ། རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། མགོའི་ཚིག་གསུམ་རྩ་སྔགས་འགྲེས་སོ། །ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་


CMR019_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཁཊཾ་འབར་བས་དབང་བསྐུར་བས། །ཐབས་མཆོག་ཡབ་དང་མི་འབྲལ་ཞིང་། །ཡི་དམ་རྒྱུན་དུ་བརྟེན་པར་ཤོག །ཤྲཱི་ཧེ་རུ་ཁཊཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །གྲི་གུག་འབར་བས་དབང་བསྐུར་བས། །དུག་གསུམ་རྩད་ནས་གཅོད་པར་ཤོག །བཛྲ་ཀང་ཏི་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་ཁྲག་འབར་བས་དབང་བསྐུར་བས། །ཐུགས་རྗེའི་འགྲོ་རྣམས་དབང་སྡུད་ཤོག །ཀ་པཱ་ལ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ། རྩ་རྒྱུད་ཕག་མོ་མངོན་སུམ་ལས། །དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱི། །དབང་ནི་རྣམ་པ་བརྒྱད་པོ་བསྐུར། ཞེས་གསུངས་པས། ཁྱེད་རང་ཁྲོས་མར་གསལ་བ་སྐུའི་ཆས་རྣམས་གསོལ་བས་ཁྲོས་མ་དངོས་ཀྱི་སྐུར་གྱུར་པར་སྒོམས་ཤིག ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་སྐམ་ལྔ་ཡི་དབང་བསྐུར་བས། །སྐུ་ལྔ་ཡེ་ཤེས་དབང་ཐོབ་ཤོག །ཀ་པཱ་ལ་པཉྩ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་


CMR019_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་རློན་དོ་ཤལ་དབང་བསྐུར་བས། །འདུ་བྱེད་ལྔ་བཅུ་དག་པར་ཤོག །ཀ་པཱ་ལ་མ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །གླང་ཆེན་ཀོ་རློན་དབང་བསྐུར་བས། །གཏི་མུག་གནས་སུ་དག་པར་ཤོག །ཧསྟི་ཝསྡུ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །སྟག་ཤམ་འབར་བས་དབང་བསྐུར་བས། །ང་རྒྱལ་ཟིལ་གྱིས་ནོན་པར་ཤོག །བྱ་གྲི་ཝནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས། །ཆེ་བའི་ཡོན་ཏན་རྫོགས་གྱུར་ཅིག །མ་ཧཱ་གུ་རུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བྱིན་རླབས་རྒྱུན་དུ་བབ་པ་ཡི། །བདེ་བ་ཆེན་པོའི་བཀྲ་ཤིས་ཤོག །ལྷ་དབང་སྐལ་ལྡན་འདིར་བསྐུར་རྒྱུ་ཡིན་གྱི། སློབ་དཔོན་དབང་གི་རྗེས་ནས་བཤད་པ་ནི་འཁྲུག་ཡིན་པས། ད་དཀྱིལ་འཁོར་གྱི་དབུས་ནས་ལྷ་སོ་སོའི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དེ་དང་དེའི་ངོ་བོར་གྱུར་པར་སྒོམས་ཤིག སོ་སོའི་ཙཀ་


CMR019_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཐོགས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་ཁྲོས་མ་ནག་མོའི་སྐུར་གྱུར་ནས། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས། །མི་འགྱུར་རྡོ་རྗེའི་ས་ལ་ཕྱིན་པར་ཤོག །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་བདེ་ཆེན་དཀར་མོའི་སྐུར་གྱུར་ནས། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་དབང་ཐོབ་ནས། །ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག །ཧ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སེར་མོ་དོན་གྲུབ་སྐུར་གྱུར་ནས། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས། །རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག །རི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་དམར་མོ་སྒྲ་སྒྲོགས་སྐུར་གྱུར་ནས། །འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དབང་ཐོབ་ནས། །དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་


CMR019_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སྣ་ཚོགས་མཐར་ཕྱིན་སྐུར་གྱུར་ནས། །ཕྲག་དོག་རྣམ་དག་ནན་ཏན་ཡེ་ཤེས་དབང་ཐོབ་ནས། །དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག །ས་ཨ་བྷི་ཥིཉྩ་ཧཱུྃ། དུར་ཁྲོད་ཀྱི་མཁའ་འགྲོ་མ་བརྒྱད་ཀྱི་དབང་བསྐུར་བ་ནི། ཧཱུཾ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུགས་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །བཛྲ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐོལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་སུ་དག་གེ གྱུར་ཅིག །རཏྟ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འདུ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །པདྨ་ཊཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་


CMR019_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བས། །འདུ་བྱེད་ཕུང་པོ་གནས་སུ་དག་གྱུར་ཅིག །ཀརྨ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དམ་ཚིག་མཁའ་འགྲོ་དམིགས་པ་ཅན། །།དཀར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །ས་མ་ཡ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྣ་ཚོགསམཁའ་འགྲོ་མི་ཐུབ་མ། །དམར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཀུན་གཞི་ཕུང་པོ་གནས་སུ་དག་གྱུར་ཅིག །བྷི་ཤོ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐམས་ཅད་མཁའ་འགྲོ་རྐུན་རྒྱུག་མ། །དམར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རྣམས་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །སརྦ་ཌཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། འཇིག་རྟེན་མཁའ་འགྲོ་ལས་བྱེད་མ། །དཀར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དབང་པོ་སྒོ་ལྔའི་ཕུང་པོ་གནས་སུ་དག་གྱུར་ཅིག །ལོ་ཀ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་ཧཱུཾ། རྒྱུད་ལས། དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་མ་ལུས་རྫོགས་པར་བསྐུར། ཞེས་གསུངས་པས་ཇོ་མོ་ལུགས་ལ་བཀྲ་ཤིས་རྫས་བརྒྱད་


CMR019_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། ལྷ་དབང་འདི་རྣམས་་་་ལུགས་ཡིན་གྱི། ཇོ་མོ་ལུགས་ལ་མི་འབྱོར་རོ། །འདིའི་རྩ་རྒྱུད་ལས། དེ་ནས་དམ་ཚིག་བདུད་རྩིའི་དབང་། །ཇི་ལྟ་བ་ནི་བསྐུར་བར་བྱ། །ཞེས་པའི་དོན་ནི། བུམ་པ་འདིའི་ནང་ན་ལྷ་ཚོགས་ཐམས་ཅད་སྔོན་གྱི་དམ་ཚིག་གི་དབང་གིས་བདུད་རྩིའི་རྣམ་པར་ཞུ་བའི་ཆུས་དབང་བསྐུར་བར་སྒོམས་ཤིག །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལ་བྱུང་བ་སྦྱིན་པར་བྱ། །རྩ་སྔགས་དང་། ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། བུམ་ཆུས་ལུས་གང་བས་ལྷ་རྣམས་དང་དམ་ཚིག་གཅིག་ཏུ་འདྲེས། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ་ནི་བརྟུལ་ཞུགས་ཀྱི་དམ་ཚིག་གི་དབང་ཡིན་ནོ། །མེ་ཏོག་འཐོར་ཞིང་། འབྱུང་གནས་དུར་ཁྲོད་ལ་སོགས་པའི། །རྣལ་འབྱོར་མ་ཡི་བཀྲ་ཤིས་ཤོག །དེ་ལྟར་ལུས་ལ་བུམ་པའི་དབང་བསྐུར་བས། ལུས་ལྷ་བསྐྱེད་པའི་རིམ་པ་བསྒོམ་པར་དབང་། མ་འོངས་པ་ན་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཁྲོས་མའི་རྩ་རྒྱུད་ཕག་མོ་མངོན་འབྱུང་ལས། དཀྱིལ་འཁོར་དེ་ཡི་ཕོ་བྲང་དུ། །སེང་ཆེན་བསྣོལ་བའི་གདན་བཤམས་ལ། །


CMR019_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་སློབ་མ་དེར་བཞག་ལ། །རྡོ་རྗེ་སློབ་དཔོན་བྱེད་པའི་དབང་། །ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །ཞེས་གསུངས་པའི་དོན་དུ་མཎྜལ་ཕུལ། །འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། །བཅོམ་ལྡན་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀྱིས། །བདག་ལ་རྡོ་རྗེ་སློབ་དཔོན་གྱི། །དབང་དང་རྗེས་གནང་བསྩལ་དུ་གསོལ་། །གསུམ། དབང་སྟེགས་སེང་གེའི་ཁྲིའི་སྟེང་དུ། ཁྱེད་རང་རྣམས་རྡོ་རྗེ་འཆང་། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་།དབྱིངས་ཕྱུག་མ་དཀར་མོ། རྡོ་རྗེ་དང་དྲིལ་བུ་འཛིན་མས་འཁྱུད་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཤིང་ཐིམ་པར་གྱུར། ཨོཾ་བཛྲ་དྷ་ར་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ རྡོ་རྗེ་གཡས་སུ་གཏད་ཅིང་། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཐུགས་ཀྱི་དམ་ཚིག་ཏུ་ཟུངས་ཤིག །དྲིལ་བུ་གཡོན་དུ་གཏད། ༈ ལ་ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་གསུང་གི་དམ་ཚིག་གིས་ཟུངས་ཤིག །ལག་གཉིས་བསྣོལ་བཅུག་ལ། རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པོར་བདེ་བ་ལས་བྱུང་


CMR019_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕྱག་རྒྱ་སྐུའི་དམ་ཚིག་ཏུ་ཟུངས་ཤིག །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེའི་བྱིན་རླབས་ཀྱིས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ད་དཀྱིལ་འཁོར་གྱི་གཙོ་མོ་དང་མེ་ལོང་གི་ལྷ་ཚོགས་གཙོ་མོའི་ལྟེ་བར་ཨཱཿདཀར་པོ་ལས་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བ་སྤྱན་དྲངས་བ་རྣམས་ཀྱིས། མེ་ཏོག་གི་ཆར་འབེབས་ཤིང་དབང་བསྐུར། བཀྲ་ཤིས་པའི་ཆོ་ག་མཛད་པའི་མོས་པ་མཛོད། རྡོ་རྗེ་མཁའ་འགྲོ་ལེགས་བྱིན་པའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཏེ། །རྡོ་རྗེ་སེམས་དཔར་ཁྱོད་གྱུར་ཏོ། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ༀ་བཛྲ་ཌཱཀྐི་ནཱི་མ་ཧཱ་གུ་རུ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། ལུས་གང་དྲི་མ་དག །བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་རྒྱན་པར་གྱུར། བླ་མ་ཡི་དམ་ལས་བྱུང་བའི། །རྩ་བ་འགྲུབ་པའི་བཀྲ་ཤིས་ཤོག་།གང་ལ་བསམ་པ་འགྲུབ་པ་ཡི། །མཐའ་གཉིས་མི་གནས་བཀྲ་ཤིས་ཤོག །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་


CMR019_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གཅིག་ཏུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རབ་ཏུ་གནས་ཤིང་མེ་ཏོག་གི་ཆར་བབ་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བའི་མོས་པ་གྱིས། དེ་ཡང་ཁྲོས་མའི་རྩ་རྒྱུད་ཕག་མོ་མངོན་འབྱུང་ལས། དེ་ནས་བཤད་པའི་དབང་རྣམས་བསྐུར། དེ་ནས་ཉན་པའི་དབང་རྣམས་བསྐུར། ཞེས་གསུངས་པའི་དོན། རྒྱུད་དང་སྒྲུབ་ཐབས་ཀྱི་པོ་ཏིའམ་མེད་ན་དབང་དཔེ་དེ་ཉིད་གཏད་ལ། ད་མེ་ལོང་པོ་ཏི་ལག་ཏུ་གཏད་པས། འདིའི་རྒྱུད་མན་ངག་རང་གིས་ཉན་ཅིང་ཉམས་སུ་ལེན་པ་དང་། གཞན་ལ་འཆད་པའི་དབང་ཐོབ་པར་སྒོམས་ཤིག སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །རྡོ་རྗེ་མཁའ་འགྲོ་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཌཱ་ཀི་ནི་ཀཱ་ཡ་ཝཱཀ་ཙིཏྟ་ཛྷ་ར་ཧཱུཾ། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས། འདིའི་སྒོ་ནས་ཕྲིན་ལས་མཐའ་དག་བསྒྲུབ་པར་རུང་བའོ། །རྩ་རྒྱུད་ཕག་མོ་མངོན་འབྱུང་ལས། དཀྱིལ་འཁོར་དེ་ཡི་ལྷོ་ཡི་སྒོ། །བདུད་རྩི་ལྔ་ཡི་མཎྜལ་བྱ། །སྐལ་ལྡན་སློབ་མ་དེར་བཞག་ལ། །གསང་བའི་དབང་རྣམས་རྫོགས་པར་བསྐུལ། །ཞེས་གསུངས་པའི་དོན། །


CMR019_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ལྷོ་སྒོར་བདུད་རྩི་ལུས་ལ་བྱུག་པའི་མཎྜལ། ཆོས་འབྱུང་གིས་སྟེང་དུ་འཁོད་ནས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མཎྜལ་ཕུལ། །དེ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས་ཀྱི་ངག་ལ་གསང་བའི་དབང་བསྐུར་དུ་གསོལ། ༈ དེ་ནས་བླ་མ་དང་དཀྱིལ་འཁོར་གཙོ་མོ་དབྱེར་མེད་པའི་ཁཊཾ་ག་ཡབ་ཧེ་རུ་ཀར་གྱུར་པ་ལ་འཁྱུད་ནས་མཁའ་གསང་བྱིན་རླབས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། ཕྱོགས་བློབཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱན་དྲངས། ཞལ་དུ་ཞུགས་བདེ་བ་ཆེན་པོའི་མེས་འོད་དུ་ཞུ། ཡབ་ཀྱི་མཁའ་གསང་ནས་ཡུམ་གྱི་མཁར་བབ་པའི་བྱང་ཆུབ་ཀྱི་སེམས་དང་། སྔར་གྱི་མེ་ལོང་གི་ལྷ་ཚོགས་ལས་བདུད་རྩིའི་རྒྱུན་བབ་པས་ཐོད་པ་ཁེངས་བའི་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་དུ་གྱུར་པའི་ཐོད་པ་སྤྱི་བོར་བཞག་ཅིང་མགྲིན་པར་བླུད་པས། བྱང་ཆུབ་སེམས་ཀྱི་བདུད་རྩི་དེས་ལུས་ཀྱི་རྩ་གནས་ཐམས་ཅད་གང་བས་བདེ་བ་ཆེན་པོ་འབར་བར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཐོད་པའི་དབང་། །དེ་རིང་ཁྱོད་


CMR019_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །གསང་བའི་དབང་འདི་ཁྱོད་ལ་བསྐུར། །རྩ་སྔགས་དང་། ཨ་མྲྀ་ཏ་གུ་ཧེ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བསྟེན་ནས། ངག་ལ་གསང་བའི་དབང་ཐོབ། ངག་གི་བསགས་པའི་སྡིག་སྒྲིབ་དག །ལམ་རྩ་རླུང་ཐིག་ལེ་བསྒོམ་པར་དབང་། མ་འོངས་པ་ན་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཡང་ཁྲོས་མའི་རྩ་རྒྱུད་ལས། དཀྱིལ་འཁོར་དེའི་ནུབ་ཀྱི་སྒོ། །དར་གྱི་ཆོས་འབྱུང་ཨེ་དབྱིབས་བྲི། །སྐལ་ལྡན་སློབ་མར་དེར་བཞག་ལ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཏེ། །གསུམ་པའི་དབང་ནི་རྫོགས་པར་བསྐུར། །ཞེས་གསུངས་པས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ནུབ་སྒོར་དར་དམར་པོའི་གདན་གྲུ་གསུམ་ལ་འདུག་ནས། བླ་མ་རྡོ་རྗེ་ཆོས་ཀྱི་སྐུ་ལ་མཎྜལ་ཕུལ། འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཕག་མོའི་ལྷ་ཚོགས་འཁོར་དང་བཅས་པས་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། གསུམ། ད་མེ་ལོང་སིནྡྷ་རའི་དཀྱིལ་འཁོར་འདི་སྤྱི་བོར་དབང་བསྐུར་


CMR019_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྟེ་བར་བཞག་པས། མེ་ལོང་གི་དཀྱིལ་འཁོར་ལས་རྡོ་རྗེ་ཕག་མོ་འཕྲོས། སློབ་མའི་ལྟེ་བར་ཞུགས། དེའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྤྱི་བོའི་ཧཾཡིག་ཞུ་ནས། །བདུད་རྩིའི་རྒྱུན་བབ། རྩ་འཁོར་ལོ་བཞི་གང་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། །སངས་རྒྱས་ཀུན་གྱི་མེ་ལོང་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཤེས་རབ་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས་། རྩ་སྔགས་དང་། ཨ་རྡན་པྲཛ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་སིནྡྷ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་དགའ་བ་བཞིའི་ཡེ་ཤེས་བསྒོམ་པ་ལ་དབང་། མ་འོངས་པ་ན་འབྲས་ཀུ་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཕག་མོ་མངོན་འབྱུང་ལས། དཀྱིལ་འཁོར་དེའི་བྱང་གི་སྒོ། །ཕྲིན་ལས་བཞི་ཡི་མཎྜལ་བྲི། །སྐལ་ལྡན་སློབ་མར་དེ་བཞག་ལ། །བཞི་པའི་དབང་རྣམས་རྫོགས་པར་བསྐུར། །ཞེས་གསུངས་པའི་དོན། དཀྱིལ་འཁོར་གྱི་བྱང་སྒོར་གྲུ་བཞི་སེར་པོ། ཟླུམ་སྐོར་དཀར་པོ། ཟླ་གམ་དམར་པོ། གྲུ་གསུམ་ནག་


CMR019_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་བརྩེགས་མར་བྲིས་པའི་སྟེང་དུ། ཁྱེད་རང་རྣམས་འཁོད་ནས་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ལ་མཎྜལ་ཕུལ། རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བར་མཛད་དུ་གསོལ། གསུམ། སྡིགས་མཛུབ་ཀྱི་རྩེར་སིནྡྷ་ར་བྱུགས་ལ་དང་པོ་ནམ་མཁར་གཏད་དེ་ནས་སྙིང་ཁར་གཏད་དེ་ནས་བར་སྣང་དུ་གཡུགས་ནས་མཐར་སྙིང་ཁར་བྱུག་པ་རྣམས་བྱ་ཞིང་། ཧཱུྃ། ལྟོས་ཤིག་ཕྱི་ཡི་ཡུལ་ལ་ལྟོས། །རྒྱ་མཚོའི་ནང་ན་གཟའ་སྐར་ཤར་བ་བཞིན། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ལ་བལྟས་པས་སེམས་མ་རྙེད། །ལྟོས་ཤིག་བར་གྱི་གནས་ལ་ལྟོས། །ཚོགས་དྲུག་ཟང་ཐལ་ལྷུག་པར་ཐོངས། །ཡེ་ནས་མ་བཅོས་ཆོས་ཉིད་དབང་ཐོབ་ཤོག །རྩ་སྔགས་དང་། ཙ་ཏུར་དྷམ་བྷྱོ་ཏི་ཨ་བྷི་ཥིཉྩ་ཧཱུྃ། དེ་དག་གི་དོན་བཤད་པ་ནི༔ ཁྲོས་མའི་རྒྱ་གཞུང་ལས། རྡོ་རྗེ་ཕག་མོ་གང་ཡིན་པ། །ཡེ་ནས་རང་སེམས་རྣམ་དག་ཡིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཆོས་ཉིད་དོན་གྱི་ཁྱབ་པའི་


CMR019_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཡེ་ནས་ཕག་མོ་ཉིད་དུ་གནས། །ཞེས་དང་། དེའི་རྒྱ་འགྲེལ་ལས། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ན། སེམས་ཀྱི་རང་བཞིན་སྐྱེ་བ་མེད་པའི་དབྱིངས་ལ་མ་བཅོས་པའི་ཤེས་པ་ཕྱལ་ལེ་རྒྱ་བསྐྱེད་ལ། རྡོ་རྗེ་ཕག་མོ་སེམས་ཡིན་ཞིང་། སེམས་ཆོས་ཀྱི་སྐུར་ངོ་ཤེས་པར་བྱས་ལ་ལ་བཟླའོ། །དེས་ནི་སེམས་ལ་རྟོགས་པ་འཆར་རོ། གསུངས་སོ། །དེས་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། མ་འོངས་པའི་དུས་སུ་ཡེ་ཤེས་རྡོ་རྗེ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས་ཁྲོས་མའི་རྩ་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་དབང་གསུམ་པོ། །།ཐོགས་མ་ཉིད་དུ་བསྐུར་བར་བྱ། །ཞེས་གསུངས་པའི་དོན། དབང་བཞི་ཚར་བའི་ཐོག་ཏུ། སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱ་བའི་དོན་ཏེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་ནི་ཡང་འབྲལ་བར་མ་བྱེད་ཅིག །ཅེས་སིནྡྷ་ར་སྤྱི་བོར་བྱུགས། ཡི་དམ་ལྷ་རྡོ་རྗེ་ཕག་མོ་ཡིན་པས་ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་ལྟེ་བར་བྱུགས། བཟླས་པའི་


CMR019_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དང་མི་འབྲལ་བར་གྱིས་ཤིག །ཨོཾ་བཛྲ་བྷ་ར་སོགས། ཞེས་སྔགས་ཀྱི་རྗེས་ཟློས་གསུམ་བཅུག །དེ་ཁྲོས་མའི་དཀྱིལ་འཁོར་གྱི་དབང་ཡོངས་སུ་རྫོགས་པར་ཡིན་ཀྱང་། དབང་རྣམས་རྫོགས་པར་བསྐུར་ནས་ཀྱང་། །གཏོར་མའི་དབང་བསྐུར་མ་བྱས་ན། །དེ་ཡང་ཆ་ལག་ཉམས་པ་སྟེ། །ཐུན་མོང་དངོས་གྲུབ་ཕྱིར་ལ་འགྱང་། །ཞེས་ལ་གསུངས་པའི་ཕྱིར། གཏོར་མ་མི་དམིགས་པ་ལས། ངོ་བོ་ཁྲོས་མ་ནག་མོ་འཁོར་ཁྲོས་མ་རིགས་བཞི་དང་བཅས་པ་འུར་འུར་ཐུགས་ཐུགས་ཆེམ་ཆེམ་ཕག་སྐད་སྟོང་གསུམ་གྲག་པ་ངུར་ངུར་སྟོང་གསུམ་འུར་འུར་རྒྱ་མཚོ་ཁྲོམ་ཁྱོམ་རི་རབ་སྡིག་རྡེག་དྲག་ཤུལ་དང་ལྡན་པ་ཁྱེད་རྣམས་ཀྱི་སྤྱི་བོར་བྱོན་ནས། གོང་གི་ནུས་པ་ཡོངས་སུ་རྫོགས་པར་དབང་བསྐུར་བས། ཀླུ་དང་ས་བདག་རྒྱལ་བསེན་དམ་སྲི་འབྱུང་པོ་སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདར་བརྒྱལ་འབོག་མྱོས་ལྐུགས་རེང་འདར་ཡོད་མེད། མིག་ཧྲིག་ཧྲིག་བཀའ་གཉན་ལས་བྱེད་བྲོ་བོར་དམ་ལ་མི་འདའ་བར་གྱུར། འགའ་ཞིག་ཕྱིར་མི་ལྡོག་པར་རྒྱ་མཚོའི་འགྲམ་དུ་བྲོས་ཏེ། བར་མཚོན་ཆའི་འཁོར་ལོ་དང་། མེ་དཔུང་གིས་ཆོད་པར་སྒོམས་ཤིག །ཅེས་ལྷའི་ང་


CMR019_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དྲག་པོས་གཏོར་མ་ལག་ཏུ་ཐོགས་ལ་དབྱངས་དང་བཅས་པས། ཧཱུྃ། རང་བཞིན་གདོད་ནས་ཅིར་ཡང་མ་འགྲུབ་ཀྱང་། །འགགས་མེད་རིག་པའི་རྩལ་ཁའི་སྙམ་བྱེད་ནི། ཧཱུྃ། རང་བཞིན་མཚན་མོ་ནམ་མཁའི་དབྱིངས། །རུས་པའི་རྒྱན་དྲུག་གསོལ་བ་ལས། །རྒྱུ་སྐར་མང་པོའི་ཚོགས་ཀྱིས་བརྒྱན་སྙམ་བྱེད། །ཧཱུཾ། གྲི་གུག་ཕྱོགས་བཞིར་ཕྱར་བ་ནི། །ཁམས་གསུམ་མཁའ་འགྲོའི་གང་སྙམ་བྱེད། །ཧཱུཾ། བྷན་རིཀས་བཀང་བ་ཡིས། །རི་ལུང་ཁྲག་གིས་གང་སྙམ་བྱེད། །ཕྱག་མཚན་གྲི་གུག་ཕྱར་བ་ལས། །བར་སྣང་མཚོན་ཆས་གང་སྙམ་བྱེད། །གླང་ཆེན་ཀོ་རློན་སྤྲུལ་པ་ལས། །གནམ་ས་ལྟོ་བར་སྦྱར་སྙམ་བྱེད། །ཧཱུཾ། ཞལ་གདངས་ཕཊ་ཀྱི་སྒྲ་སྒྲོགས་པས། །གདོན་བགེགས་འབྱུང་པོ་བསྒྲལ་སྙམ་བྱེད། །ཧཱུྃ། སྤྱན་རྩ་དམར་ཞིང་འཁྱུགས་པ་ལས། །ཉི་ཟླ་ཕྱོགས་བཅུར་འཕྲོ་སྙམ་བྱེད། །ཧཱུྃ། དབུ་སྐྲ་དམར་པོ་བསིག་ཅིང་བཀྲམ་པ་ལས། །ལྷོ་སྤྲིན་སྨུག་པོ་འཐིབ་སྙམ་བྱེད། །ཧཱུཾ། ཕག་གདོང་ནག་པོ་ངུར་བ་ལས། །བརྒྱལ་ནད་སྨྱོ་འབོག་བཏང་སྙམ་བྱེད། །ཧཱུྃ། མི་མགོའི་ཕྲེང་ཆེན་འཁྲུག་པ་


CMR019_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བྲག་རལ་གནམ་ས་བཏང་སྙམ་བྱེད། །ཧཱུྃ། གར་ཐབས་ཞབས་ནི་བརྡབ་པ་ལས། །ས་གཞི་རི་བོ་རྡེབ་སྙམ་བྱེད། །ཧཱུྃ། སྡེ་བརྒྱད་མཁའ་འགྲོའི་བསྐོར་བ་ལས། །སྟོང་གསུམ་གཡོ་ཞིང་འཁྲུག་སྙམ་བྱེད། །ཧཱུཾ། གཟི་བརྗིད་མེ་འོད་འབར་བ་ལས། །བསྐལ་པའི་མེ་ཆེན་འབྱུང་སྙམ་བྱེད། །ཧཱུྃ། བསྐུལ་ལོ་ཁྲོ་གཏུམ་ནག་མོའི་ཚོགས། །ནད་གདོན་བར་ཆད་ཚར་གཅོད་ཅིག །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །།གཏོར་མ་མགོར་བཞག་ལ། རྩ་སྔགས་འགའ་ཟུང་གི་མཇུག་ཏུ། ཕཊ། དྲག་ཏུ་བརྗོད། དེ་ལྟར་སློབ་མ་ལྷར་བསྐྱེད་ནས་བཟུང་སྟེ། ཕྲ་མོར་བྱེ་བ་སུམ་ཅུ་སོ་ལྔ་སྟེ། ཕག་མོ་མངོན་འབྱུང་ལས། དེ་ནས་སྐལ་ལྡན་གང་ཟག་ལ། །མངའ་གསོལ་སུམ་ཅུ་རྩ་ལྔ་བྱ། །ཞེས་གསུངས་པ་ལྟར། དབང་རྒྱས་པར་ཐོབ་པ་ཡིན་པས། །ཕག་མོ་མངོན་འབྱུང་གི་རྒྱུད་ལས། །བདེ་ཆེན་དཀར་མོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་སྒོམ། །ཁྲོས་མ་ནག་མོའི་དམ་ཚིག་ཏུ། །དྲག་ཅིང་རྩུབ་པའི་སྤྱོད་པ་བྱ། །སེར་མོ་དོན་གྲུབ་དམ་ཚིག་ཏུ། །དངོས་གྲུབ་ཀུན་ལ་ཆགས་མི་བྱ། །དམར་མོ་སྒྲ་སྒྲོགས་དམ་


CMR019_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཏུ། །སྨྲ་ཞིང་བུད་མེད་བརྟེན་པར་བྱ། །སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ། །རྒྱུག་ཅིང་འཆང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་དང་ཤ་ལྔ་ལ། །རྟག་ཏུ་ལོངས་སྤྱོད་བྱ་བ་ནི། །བཟའ་བའི་དམ་ཚིག་རྣམ་ལྔ་སྟེ། །གསང་སྔགས་སྤྱོད་པས་བརྟེན་པར་བྱ། །ཞེས་གསུངས་པ་ལྟར། དམ་ཚིག་སྡོམ་པ་རྣམས་དེ་ལྟར་མོས་པ་ཡིད་བྱེད་དང་། རྫོགས་པ་ན་འཕར་རིམ་གྱིད་བསྲུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས། དེ་ལྟར་རྗེ་བཙུན་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པའི་གཏང་རག་ཏུ། མཎྜལ་ཕུལ། ཚོགས་རྫས་འཛོམ་ན་རང་གི་རྩ་བའི་ཡི་དམ་གྱི་ཚོགས་བྱས་ལ་ཁྲོས་མའི་རྩ་སྔགས་ག་ན་ཙཀྲ་ཁཱ་ཧི་བཏག་པ། འཛོམས་ན་བཟང་བཏུང་ནང་གི་ཚོགས་འཁོར་ལྟར་སྤྱོད་པས་འཐུས། ཨོཾ་བཛྲ་ཝ་ར་ཧི་ས་པཱ་རི་ཝཱ་ར་ཨབྷཾ་སོགས། ཧཱུྃ། མཚན་མོ་སྐྲ་གྲོལ་གཅེར་བུ་མ། །གར་མཛད་རྒྱས་པའི་གད་རྒྱང་ཅན། །བདུད་འཇོམས་དྲག་མོའི་ཆ་ལུགས་ཅན་། །དབང་བསྐུར་ཕག་གདོང་མ་ལ་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་སོགས། མཆོད་སྦྱིན་གནས་འདིར་སོགས། ཡེ་ཤེས་པ་བཛྲ་མུ། དམ་ཚིག་པ་རང་གི་སྙིང་ཁར་


CMR019_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། འཇིག་རྟེན་པ་རྣམས་གཙྪ། བླ་མ་རིག་འཛིན་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །བཀའ་གཏེར་ཟུང་འཇུག་མགྱོགས་དབང་འདི། །རྡོ་རྗེ་འཛིན་པ་ཚུལ་ཁྲིམས་ཡང་དག་དང་། །རལ་ཆེན་པདྨ་འོད་གསལ་རྣམ་གཉིས་ཀྱིས། །ལོ་མང་གོང་ནས་ལན་མང་བསྐུལ་བྱས་ཀྱང་། །རྣམ་གཡེང་དབང་གིས་མ་འགྲུབ་གྱི་ནར་ལུས། །ལྕགས་ཕོ་ཁྱི་ལོ་སྨིན་དྲུག་ཟླ་བ་ཡི། །ཚེས་གཉིས་དགོང་མོ་གློ་བུར་བརྩམ་འདོད་སྐྱེས། །ཆོ་ག་དབང་ཆོག་དཔེ་ཡང་བདེ་ཁར་བཞག །བསྐང་ཐུང་བརྒྱ་ཙ་མཎྜལ་བརྒྱ་རྩ་ཕུལ། །ཕྱིར་ནངས་བྲི་བསམ་དེ་ནུབ་རྨི་ལམ་འཚུབས། །ཕྱིར་ནངས་དཔེ་ཆ་ཉིན་དེར་བཙལ་ནའང་། །མ་རྙེད་བྲིས་པའང་མ་སྐབས་གཡེང་བས་ཁྱེར། །ཡིད་ཀྱང་མ་བདེ་རྩུབ་ཉམས་དྲག་པོ་སྐྱེས། །མཁའ་འགྲོའི་སྲོག་སྙིང་བཀའ་གཉན་ལྷོང་དུ་གོ །ད་ནི་མི་བྲི་སྙམ་ནས་བསྡད་ཙམ་ན། །དཔེ་ཆ་ཡང་ནི་ཉེ་ལོགས་དེ་གར་གདའ། །ཤ་ཆང་འཛོམ་པའི་ཚོགས་འཁོར་ཤུགས་ཀྱིས་འགྲིགས། །དེ་ལ་ཁྲོས་མ་ཉིད་ཀྱི་ཚོགས་བྱས་ནས། །བསྐང་ཐུང་བརྒྱ་རྩ་མཎྜལ་བརྒྱ་རྩ་ཕུལ། །གསོལ་བ་བཏབ་པས་ཉམས་དང་རྨི་ལམ་མཚམས། །བཀའ་ཡི་གནང་བ་ཐོབ་པའི་སྣང་བ་བྱུང་། །བུད་མེད་སྣུམ་བག་རལ་པས་སྟོད་ཁེབས་ལ། །རྣལ་འབྱོར་མ་ཡི་ཆ་ལུགས་ཅན་ཞིག་གིས། །མཚམས་ཁུང་སྒོ་ནས་ཕྱག་འཚལ་གུས་ཚུལ་བསྟན། །བཀའ་


CMR019_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མཚན་མོ་སྒྲ་སྒྲོགས་ཡིན་ནམ་སེམས། །གནས་བཅུ་ལྔ་ཐང་ཆ་མང་གོང་ཤམ་བཅས། །བདག་གིས་འཕྲལ་དུ་བཞེངས་ཚར་འདུག་པ་རྨིས། །ཕྱིར་ནངས་ངག་ནས་སྨོད་ཅིང་བྲི་བཅུག་པས། །ཐག་ཐོག་མེད་ཅིང་ལེགས་པར་འགྲིགས་ན་ཡང་། །ཉི་མ་ཐུང་ཞིང་རྣམ་གཡེང་མང་བ་དེས། །ཞག་གསུམ་ཉི་མ་བཞི་ཙམ་འགོར་བའི་ཚེ། །ཁྲོས་མའི་ཚོགས་དང་གཏོར་བསྔོས་མཎྜལ་དང་། །ཁྲོས་མ་བསྒོམ་ཞིང་སྔགས་ཀྱང་ཐུན་རེ་བཟླས། །རང་ཉིད་ཞྭ་གོས་བཟང་ཞིང་ཁྲི་ལ་འདུག །རྒྱན་བཟང་བུད་མེད་འགའ་ཞིག་མདུན་དུ་འདུག །ཆོས་ཞུའི་ཁྲིད་ཕྲུག་མང་དུ་འདུ་བ་རྨིས། །དངོས་སུ་རང་དབང་མེད་པར་ཉམས་འབར་ནས། །མཚན་མོ་མི་རྒན་བྲོ་བརྡུང་གར་བྱེད་ཤོར། །དེ་ཕྱིར་དབང་ཆོག་འདི་ཡང་བྱིན་རླབས་ལྡན། །ལོ་རྒྱུས་ལོགས་སུ་བསྐོལ་འདོད་བྲི་ཆོག་གི །དེ་མིན་བཅོས་བསླད་མ་བྱེད་རང་སར་ཞོག །དེང་སང་གཅོད་དམིགས་སྒོམ་མཁན་ཤིན་ཏུ་མང་། །ཁྲོས་མའི་དབང་འདི་མ་ཐོབ་མི་རུང་ཕྱིར། །འདི་ཡིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག །ཀྲོ་དྷི་ཀཱ་ལིའི་དབང་མཆོག་འདི་ཉིད་ནི། །རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་སློང་ཀརྨའི་མིང་ཅན་དེ་ཡིས་བྲིས། །ཆོས་འདིའི་བཀའ་སྲུང་གཉེར་དུ་གཏད་པ་ནི། །ལས་བདག་མཚན་མོ་སྒྲ་སྒྲོགས་དེ་ལ་གཏད། །མི་ནུབ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །མངྒ་ལཾ།། །།


previousབཀའ་གཏེར་ཟུང་འཇུག་གི་ཁྲོས་མའི་མགྱོགས་དབང་།next