Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་གཏེར་ཟུང་འཇུག་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ག་རུ་ཊ།
   


 
previousབཀའ་གཏེར་ཟུང་འཇུག་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ག་རུ་ཊ།next

བཀའ་གཏེར་ཟུང་འཇུག་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ག་རུ་ཊ།


CMR019_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ག་རུ་ཊ་བཞུགས་སོ།།


CMR019_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ག་རུ་ཊ་ཛྙཱ་ན་པཉྩ་ཡེ། དབང་གཏོར་སྤྱི་འཚམས་ཡོད་ན་ཙཀླུ་བཙུགས་མེད་ཀྱང་རུང་། མཆོད་པ་འཛོམས་ན་བཤམས་མེད་ཀྱང་མི་དགོས། སྐྱབས་སེམས་ད་ནངས་སོང་བས་འཐུས་གུད་དུ་མི་དགོས། འདི་ནི་བླ་མེད་ཁོ་ནར་ངེས་པས། སྐད་ཅིག་དྲན་རྫོགས་སུ་བསྐྱེད། བདག་བསྐྱེད་པ་དང་དུས་མཉམ་དུ་གཏོར་མ་ཡང་ལྷར་བསྐྱེད་པས་འཐུས། བུམ་པ་ཡོད་ན་དེ་དང་འདྲ། དམ་ཡེ་དབྱེར་མེད་ཡིན་སྤྱན་འདྲེན་སོགས་མི་དགོས། རང་ཉིད་ཡེ་ཤེས་ཀྱི་ཁྱུང་ཁྲ་སྐུ་མདོག་ཁྲ་བོར་གནས་པ་རྭ་དང་མཆུ་སྡེར་ཁྲོ་ཆུ་ཁོལ་མའི་རང་བཞིན་ཅན། གཡུ་ཡི་གཤོག་པ་ཅན་སྦྲུལ་རིགས་ལྔའི་མགོ་ཁར་བཅུག་ནས་ཟ་བ། ཡེ་ཤེས་ཀྱི་མེ་དཔུང་ཀློང་དུ་བཞུགས་


CMR019_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་ཕྱོགས་བཞིར་རིགས་བཞིའི་ཁྱུང་རིགས་ཀྱི་མདོག་ཅན། གཙོ་བོ་ལྟ་བུ་ལ་རང་རང་གི་སྤྱི་བོར་རིགས་ཀྱི་ཕྱག་མཚན་གྱིས་བརྒྱན་པའི་གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཨོཾ་དཀར་པོ། ཤར་དུ་ས་སྔོན་པོ། ལྷོར་ཀཱི་སེར་པོ། ནུབ་ཏུ་སཱ་དམར་པོ། བྱང་དུ་ཧཱ་ལྗང་གུ། འཁོར་བཞིའི་ཐུགས་ཀར་ཁྲོ་ཡིག་གི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ཅིང་། དེ་རྣམས་ལས་སྤྲུལ་པའི་ཁྱུང་རིགས་ལྔ་ཆར་བབས་པ་ལྟར་བྱོན་ནས་རང་ལ་སིབ་སིབ་


CMR019_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་གྱུར། ཨོ་པཀྵ་སྭཱ་ཧཱ། ཨོཾ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླའོ། །ཨོཾ་ཛྙཱ་ན་ག་རུ་ཊ་པཉྩ་ཨགྷཾ་སོགས་ནས། འབྱུང་བ་ལྔ་ཡི་ཁ་དོག་སྣ་ཚོགས་འབར། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོག །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། །ཡན་ལག་ལྔ་ཡིས་བསྟུད་དེ་ཕྱག་འཚལ་བསྟོད། །ལྷ་ལྔ་ལས་འོད་ཟེར་ཁ་དོག་སྣ་ཚོགས་མེ་སྟག་ལྟ་བུ་འཕྲོས་པས་ས་བདག་ཀླུ་གཉན་ཐམས་ཅད་བསྲེགས། འོད་ཟེར་ཚུར་འདུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་བརླབས་དང་། ཁམས་གསུམ་གྱི་བཀྲག་མདངས་དང་བཅུད་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་གང་བར་གྱུར། ཞེས་བསྒོམ་ཞིང་འདི་ལ་གོང་གི་བསྙེན་པ་ལྷ་གྲངས་སོགས་ཀྱི་བསྙེན་པ་མ་སོང་ན། །ཉིན་རེར་ལྔ་བརྒྱ་ལས་མི་ཉུང་བར་བཟླ། དེ་ཡང་འབྲུ་ལྔ་ཁོ་ན་བསྙེན་པ། ཤམ་བུ་སྒྲུབ་པ་དང་ལས་སྦྱོར་ཡིན་ན། འདི་བད་ཀན་དང་ཀླུ་ནད་སོགས་ཕོག་པས་བསྙེན་ན། འདི་ཁྱུང་ཁྲ་གཞན་ལསརྣོ་སྟེ་གཏེར་གསར་ལུགས་སོ།། ༈ དེ་ནས་སློབ་མར་ཁྲུས་བྱས་མཎྜལ་ཕུལ། བགེགས་བསྐྲད་སོགས་བྱས་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ཟབ་མོ་ཞིག་དབང་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ནི།


CMR019_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་གི་ལོ་རྒྱུས་ཆེན་པོ་ལས། ཁྱུང་གི་རྒྱལ་པོ་དེ་དག་ཀྱང་། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །ས་བདག་ཀླུ་གཉན་འདུལ་བའི་ཕྱིར། །སྣ་ཚོགས་ཁྱུང་དུ་སྤྲུལ་པ་སྟེ། །དོན་ལ་ཕྱག་ན་རྡོ་རྗེ་གཅིག །ཅེས་གསུངས་པས། ངོ་བོ་ནི་ཕྱག་ན་རྡོ་རྗེ་ཡིན་ལ་རྣམ་པ་སྐྱེས་རྒྱུད་ནི། སྔོན་གྱི་དུས་ན་ཀླུ་གཙུག་ན་རིན་ཆེན་གྱི་བཙུན་མོ་ཐ་ཆུང་ཞིག་རྒྱལ་པོ་དང་བློན་པོ་དང་ཀླུ་རིགས་ཐམས་ཅད་ཀྱིས་མོ་ལ་ལྡང་བར་གྱུར་པས། མོ་ཡི་ཆད་ནས་ས་སྟེང་འཛམ་བུའི་གླིང་དུ་འོང་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དུས་དྲང་སྲོང་གསེར་མདོག་ཅེས་བྱ་བ་བདེན་ཚིག་འགྲུབ་པ་གཅིག་ཏུ་གྱུར་པ་ལ། ནོར་བུ་རིན་པོ་ཆེ་ཕུལ་ནས་ཀླུ་འདུལ་བའི་ཐབས་ཞུས་པས། དྲང་སྲོང་གིས་གསེར་གྱི་བུམ་པར་ཡི་གེ་ཁྲོ་དང་ཡུངས་དཀར་བླུགས་ཏེ་བསྒྲུབས་པས། དེའི་ནང་ནས་བྱ་ཁྱུང་སྐྱེས་ཏེ་རྒྱ་མཚོར་སོང་སྟེ་ཀླུ་ཐམས་ཅད་ཟོས་པས་མཐའ་ཡི་རྒྱ་མཚོ་ཕྱེད་སྐམ། མི་རྣམས་ལ་ཐན་པ་ཆེན་པོའི་མུ་གེ་བྱུང་བས་སངས་རྒྱས་ཀླུ་རིགས་སྒྲོལ་མ་བྱོན་ནས། ཁྱུང་ལ་ཆོས་བཤད་ནས། རི་རབ་ཀྱི་རྩེ་དཔག་བསམ་གྱི་ཤིང་གི་རྩེ་ལ་བསྐྱལ་ལོ། །དེ་ནས་ཐུབ་པའི་བསྟན་པ་ལ། གྲོང་ཁྱེར་


CMR019_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་མོ་འཇིགས་དང་ཉེ་བ་ན་མཚོ་ཆེན་པོ་གཅིག་ཡོད་པ་ལ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་མི་གཙང་བ་རྣམས་དེར་སོང་བས། དེར་ཀླུ་ཡི་རྒྱལ་པོ་གཏུམ་པོ་རབ་འཇིགས་དང་། ཚད་མེད་འབར་ཞེས་བྱ་བ་གཉིས་གནས་པ་ཁྲོས་ནས་ཀླུ་དེ་གཉིས་སྲིན་པོར་སྤྲུལ་ནས། མི་རྣམས་ལ་གནོད་པ་ཆེན་པོ་བྱས་པས་གྲོང་ཁྱེར་དེའི་གཙོ་བོ་ཁྱིམ་བདག་བློ་གྲོས་བྱ་བས། བཅོམ་ལྡན་འདས་ལ་གྲོང་ཁྱེར་འདི་ཡི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ་ཞུས་པས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་ཟེར་བཀྱེ་ཞིང་ཕྱག་ན་རྡོ་རྗེ་ལ་གཟིགས་པས། ཕྱག་རྡོར་གྱིས་རི་རབ་ཀྱི་རྩེ་ནས་ཁྱུང་བླངས་ནས་འཕངས་པས། ཀླུ་རིགས་དཔག་ཏུ་མེད་པ་རྒྱ་མཚོའི་ནང་ནས་དྲངས་ཤིང་ཟོས། ཀླུ་ཡི་རྒྱལ་པོ་གཉིས་ཆུ་སྲིན་གྱི་ཁོང་དུ་བྲོས་པའི་མཇུག་མ་ནས་ཟ་ཞིང་འོང་བས་ཆུ་སྲིན་གྱི་ཁ་ནས་ཀླུ་ཡིས་སངས་རྒྱས་མཐོང་ནས་སྐྱབས་ཞུས་པས་ཁྱུང་གིས་ཟ་མ་ནུས་པར་ཁྱེར་ནས་ཐུབ་པའི་སྐུ་རྒྱབ་གཏད་པའི་ཤིང་རྩེར་བབ་པས། །ཁྲི་དྲུག་འགྱོགས་ཀྱི་བརྒྱན་དུ་བྱུང་ཞིང་། ཁྱུང་ནི་སྐལ་པ་བཟང་པོ་འདི་ཡི་འོག་ཏུ་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་གནས་མི་ཟད་པས་བརྒྱན་པ་ཞེས་བྱ་བ་ན། དེ་


CMR019_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་གཙུག་ཏོར་མི་ཟད་པའི་ཡེ་ཤེས་ཀྱི་འོད་ཟེར་འབྱུང་གནས་ཞེས་བྱ་བ་སངས་རྒྱས་པར་ལུང་བསྟན། ཁྱུང་གིས་ཟོས་པའི་ཀླུ་ཐམས་ཅད་གཟུགས་ཁམས་ལྷ་ཡི་བུར་སྐྱེ་བར་གསུངས་སོ། །ཁྱུང་འདི་ལ་རིགས་མང་བའི་ནང་ནས། ད་ལམ་ཁྱུང་ཁྲ་འདི་ཡེ་ཤེས་ཀྱི་ཁྱུང་མཆོག་དམ་པ་ཡིན་ཏེ། འདི་བསྒྲུབ་ན་ཀླུ་ཡི་རྒྱལ་པོ་དང་བུ་ཐམས་ཅད་རང་གི་ཕོ་ཉ་ལས་མཁན་དུ་གྱུར་ནས། གཞན་ཡང་གདོན་རིགས་འབྱུང་པོ་ཐམས་ཅད་དང་། གནོད་སྦྱིན་དང་མ་མོ་མཁའ་འགྲོ་ཐམས་ཅད་བྲན་བཞིན་ཉན། ཁྱད་པར་དུ་དུག་གི་ནད་དང་བད་ཀན་མྱིད་དཀྱུས་ནད་དང་། སྲིན་གྱི་ནད་དང་། དྲེག་གྲུམ་ལ་སོགས་ཀླུ་ཡི་ནད་ཐམས་ཅད་ཞི་བའི་མཆོག་དམ་པ་ཡིན་ནོ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ལས། དེ་ཕྱིར་ངེས་པར་ཁ་དོག་སྣ་ཚོགས་གདོང་ཅན་རིགས་དང་བཅས་པ་འདི་ཉིད་ལྔ་ཡི་རྒྱས་བཏབ་པར་བསྒོམས་ན། དེའི་ཕྱག་རྒྱས་གདེང་ཅན་རིགས་དང་བཅས་པ་འབྱུང་པོའི་ནད་ལ་སོགས་པ་དག་ཀྱང་ངེས་པར་འཕྲོག །ཅེས་དང་། མཁའ་ལ་ཁྱུང་ལྡིང་འགྲུབ་ན་གདེང་ཅན་རྒྱལ་པོའི་དབང་པོ་དང་གདེང་བཅས་བདག་


CMR019_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བུ་རྣམས་མངག་གཞུག་ཉིད་དུ་འགྱུར། རབ་མཆོག་ས་ཡི་སྟེང་དུ་འབྱུང་པོ་གནོད་སྦྱིན་གདོན་རྣམས་དང་། མཁའ་འགྲོ་མ་དང་མ་མོ་རྣམས། སྔགས་ཀྱིས་འགུགས་པར་རབ་འགྱུར་ཏེ། གདོན་གྱི་ཚོགས་པ་མཐའ་དག་དུས་ཀྱི་གདོན་རིགས་ཐམས་ཅད་ཟེར་བ་ཡིན། མཐའ་དག་དུས་ཀྱི་སོ་ཟིན་གསོད་པ་བརྗོད་པར་བྱེད། དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱིས་ནི་མཁའ་ལྡིང་རྒྱལ་པོ་བསྒྲུབ་པར་བྱ། ཞེས་གསུངས་པས་སེམས་ཅན་ཐམས་ཅད་ཀླུ་ཡི་ནད་གདོན་ལས་སྐྱོབ་པའི་ཆེད་དུ་ཡེ་ཤེས་ཁྱུང་ཁྲ་སྡེ་ལྔའི་དབང་ཞུ་བའི་ཕྱིར་དུ་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོའི་བདག་ནི་གཞུག་ཏུ་གསོལ། །དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཁྱུང་སྡེ་ལྔ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་


CMR019_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ད་དབང་ཞུ་བའི་ཡུལ་གཏོར་མ་དང་ཁྱེད་རང་སློབ་མ་དབང་ཞུ་བ་པོ་རྣམས་སོ་སོར་ལྷ་ཡི་སྐུ་འདི་ལྟར་གསལ་ཐོབ་ཅིག །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཁྱེད་རང་ལ་གནོད་པའི་ཀླུའི་རྒྱལ་པོ་སྦྲུལ་གྱི་གཟུགས་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ། ཡི་གེ་ཁྲོ་ལས་འོད་འཕྲོས་འཕགས་པ་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཁྲོ་ལ་ཐིམ། ཡང་འོད་འཕྲོས་སེམས་ཅན་གྱི་ནད་གདོན་སྡིག་སྒྲིབ་སྦྱངས།


CMR019_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་འདུས་ཁྲོ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཞབས་གཉིས་ཙོག་པུར་འདུག་པ། རྐང་པ་ནས་སྤྱི་བོའི་བར་སེར་པོ་ས་ཡི་རང་བཞིན། ལྟོ་བ་ནས་སྐྱེད་པའི་བར་ཆུ་ཡི་རང་བཞིན་དཀར་པོ། ཁོག་སྟོད་ནས་མགྲིན་པའི་བར་མེ་ཡི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་ནག་པོ། སྤྱི་གཙུག་དང་གཤོག་པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། སྒྲོ་ཐམས་ཅད་སྤུ་གྲིའི་རང་བཞིན་དུ་འདུག་པ། མཇུག་མ་གཡུ་ཡི་རལ་གྲི་འབར་བ། རྭ་དང་མཆུ་སྡེར་ཐམས་ཅད་ཁྲོ་ཆུ་ཁོལ་མ་ལས་གྲུབ་པ། མཆུས་སྦྲུལ་རིགས་ལྔའི་མགོ་ཁར་བཅུག་ནས་ཟ་བ། དབུ་གཙུག་ན་ཀླུ་ཡི་རྒྱལ་པོའི་གཙུག་ནས་འཕྲོག་པའི་ནོར་བུ་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱུས་ཀླུ་དཀར་ཕྱོགས་ལ་དགའ་བ་རྗེས་སུ་འཛིན་པ་དང་དབུགས་འབྱིན་པར་བྱེད་པ། ཕྱག་གཡོན་སྡིགས་མཛུབ་ཀྱི་ཕྱག་རྒྱས་ཀླུ་ནག་ཕྱོགས་ལ་དགའ་བ་རྣམས་སྡིགས་པར་མཛད་པ། ཕྲག་པ་གཡས་གཡོན་གཉིས་ཉི་མ་དང་ཟླ་བས་བརྒྱན་ཅིང་། སྤྲིན་གྱི་ཕུང་པོ་ལ་སྐུ་རྒྱབ་རྟེན་ཅིང་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ། དེའི་མགྲིན་པར་པདྨ་འདབ་བཞིའི་


CMR019_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དང་ཕྱོགས་བཞིར་ཁྱུང་རིགས་ལྔ། སྙིང་གར་པདྨ་འདབ་བཞིའི་དབུས་དང་འདབ་བཞིར་ཡིག་འབྲུ་ལྔ། ཁྱད་པར་མདུན་གྱི་འདབ་བཞིར་རིགས་བཞི་ཁྱུང་བཞི་དེ་ཐམས་ཅད་གཤོག་པ་གསེར་གྱི་རལ་གྲི་ལ་བསྐལ་པའི་མེ་དཔུང་འབར་བ། ཐིལ་ཕྲན་གནམ་ལྕགས་ཀྱི་སྤུ་གྲི་ལ་ཚྭ་ཚྭ་འཕྲོ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་སྤུ་སྤྲུག་པའི་གསེབ་ནས་བྱེ་ཚན་གྱི་ཆར་འབེབས་པ། མཇུག་མ་གཡུ་ཡི་རལ་གྲི་བསམ་གཅོད་འབོར་བའི་རང་བཞིན། ཉི་ཟླ་འབར་བའི་སྤྱན་བསླད་ཅིང་དུང་གི་སྤུ་གྲི་འབར་བའི་མཆེ་བ་གཙིགས་པ། གློག་དམར་གྱི་ལྗགས་འཁྱུག་ཅིང་གནམ་ལྕགས་རྡོ་རྗེ་འབར་བའི་སེར་བ་འབེབས་པ། ཀྲང་ཀྲིང་ཁྲོ་ཁྲོ་ཏང་ཏིང་གི་སྒྲ་སྒྲོག་པས། ཀླུ་རིགས་གཉན་རིགས་ཐམས་ཅད་ཀྱི་སྙིང་རྩ་འདར་ཕྲི་ལི་ལི་བྱེད་པར་བསྒོམས་ལ། དེའི་ཐུགས་ཀའི་ཡིག་འབྲུ་ལྔ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རི་རབ་རི་ཡི་རྩེ་མོ་དཔག་བསམ་ཤིང་གི་སྡོང་པོ་དང་། ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀ་དང་། སངས་རྒྱས་ཐམས་ཅད་ཀྱི་དབུ་ཡི་གཙུག་ཏོར་ནས་སྤྲུལ་པའི་ཁྱུང་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་


CMR019_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒོམས་ཤིག །ཅེས་སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ། ཁྱུང་ཆེན་འབར་བའི་ལྷ་ཚོགས་མ་ལུས་རྣམས། །གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །སྐལ་ལྡན་ལས་ཅན་རྣམས་ལ་དབང་མཆོག་བསྐུར། །ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ། །ཨོཾ་ཛྙཱ་ན་ག་རུ་ཊ་པཉྩ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ སྔགས་ལན་གསུམ་མམ་བདུན། ཡེ་ཤེས་པ་དེ་བརྟན་པར་གྱུར། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་བཞག །ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀའ་བསྒོ་བའི་དབང་དང་དྲུག་ལས། ཐོག་མར་སྐུ་ཡི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དཔལ་ལྡན་སྐུ་ཡི་ག་རུ་ཊ། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །སྐུ་ཡི་དབང་མཆོག་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས། སངས་རྒྱས་བདེ་བར་གཤེགས་པའི་རིགས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། ཀླུ་རྒྱལ་རིགས་དཀར་པོའི་གདོན་བཅོམ་ནས་གཙོ་བོ་ལ་ཐིམ་པས། གཙོ་བོའི་མགྲིན་པའི་ཁྱུང་དཀར་པོ་དང་། གཙོ་བོའི་དཔྲལ་བ་ནས་བུདྡྷཱ་རིགས་ཀྱི་ཁྱུང་དཀར་པོས་ཕྱག་གཡས་


CMR019_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འཛིན་ཅིང་འཁོར་ལོས་དབུ་བརྒྱན་པ་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་གནོད་པའི་ནད་གདོན་ཐམས་ཅད་སྦྲུལ་དཀར་པོའི་རྣམ་པར་སྤྱན་དྲངས་ནས་ཞལ་དུ་གསོལ། ཁྱུང་དཀར་པོ་དེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་རྒྱས། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛོད། །ཁྱུང་རིགས་ལྔ་ཡི་སྐུ་ཡི་དབང་ཐོབ་ཤོག །ཨོ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། ཞེས་དཔྲལ་བར་བཞག །ཧཱུྃ། ཡེ་ཤེས་ཁྱུང་ལྔའི་མཆུ་སྡེར་འཇིགས་རུང་དང་། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་སྐུ་ཡི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེས་སྐུ་ཡི་དབང་ཐོབ་ལུས་ལ་གནོད་པའི་ཀླུའི་ནད་གདོན་ཐམས་ཅད་ཞི། དེང་ཕྱིན་ཆད་ཁྱུང་ཁྲ་རིགས་ལྔའི་སྐུ་བསྒོམ་པ་ལ་དབང་། མཐར་ཐུག་མཚན་དཔེའི་ལྡན་པའི་སྐུ་ཐོབ་པ་སྐུ་ཡི་དབང་ངོ་། །ད་གཉིས་པ་གསུང་གི་དབང་ཞུ་བའི་ཕྱིར་རྗེས་ཟློས་


CMR019_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་། དཔལ་ལྡན་གསུང་གི་ག་རུ་ཊ། །གསུང་གི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །ཞེས་གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་པས། སངས་རྒྱས་པདྨའི་རིགས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། །ཀླུ་བྲམ་ཟེ་དམར་པོའི་རིགས་ཀྱི་གདོན་ཐམས་ཅད་བཅོམ་ནས་མདུན་བསྐྱེད་ལ་ཐིམ་པས། གཙོ་བོའི་མགྲིན་པ་དང་། ནུབ་ཀྱི་ཁྱུང་དམར་པོ་ལས་པདྨ་རིགས་ཀྱི་ཁྱུང་དམར་པོ་ཕྱག་གཡས་པདྨ་འཛིན་ཅིང་པདྨས་དབུ་བརྒྱན་པ་འཕྲོས། ཁྱེད་རང་རྣམས་ཀྱི་ངག་ལ་གནོད་པའི་ནད་གདོན་ཐམས་ཅད་སྦྲུལ་དམར་པོའི་རྣམ་པར་དྲངས་ནས་ཞལ་དུ་གསོལ། ཁྱུང་དམར་པོ་དེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་འབྱུང་། །སྣང་སྲིད་དབང་སྡུད་པདྨ་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛད། །ཁྱུང་རིགས་ལྔ་ཡི་གསུང་གི་དབང་ཐོབ་ཤོག །ཨོ་པཀྴི་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་


CMR019_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ཧཱུྃ་ཕཊ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག །ཡེ་ཤེས་ཁྱུང་ཁྲའི་མཆུ་སྡེར་འཇིགས་རུང་དང་། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་གསུང་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེས་གསུང་གི་དབང་ཐོབ་ངག་ལ་གནོད་པའི་ནད་གདོན་དིག་ལྷུག་ཞི། །འདིའི་བསྙེན་པར་དབང་། མཐར་ཐུག་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པ་གསུང་གི་དབང་ངོ་། །ད་ཐུགས་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད་། དཔལ་ལྡན་ཐུགས་ཀྱི་ག་རུ་ཊ། །ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་རྡོ་རྗེའི་རིགས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། ཀླུ་གདོལ་བ་ནག་པོའི་རིགས་ཀྱི་གདོན་བཅོམ་ནས་མདུན་བསྐྱེད་ལ་ཐིམ་པས། མདུན་བསྐྱེད་ཀྱི་ཐུགས་ཀ་དང་ཤར་གྱི་ཁྱུང་ལས། རྡོ་རྗེ་རིགས་ཀྱི་ཁྱུང་མཐིང་ནག་ཕྱག་གཡས་རྡོ་རྗེ་ཕྱར་ཞིང་


CMR019_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་དབུ་བརྒྱན་པ་འཕྲོས། ཁྱེད་རང་རྣམས་ཀྱི་སེམས་ལ་གནོད་པའི་ནད་གདོན་ཐམས་ཅད་སྦྲུལ་ནག་པོའི་རྣམ་པར་དྲངས་ནས་ཞལ་དུ་གསོལ། ཁྱུང་ནག་པོ་དེ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་འབྱུང་། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛོད། །ཁྱུང་རིགས་ལྔ་ཡི་ཐུགས་ཀྱི་དབང་ཐོབ་ཤོག །ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག ཧཱུྃ། ཡེ་ཤེས་ཁྱུང་ཁྲའི་མཆུ་སྡེར་འཇིགས་རུང་བ། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། ཀླུ་རིགས་ལྔ་འཇོམས་ཐུགས་ཀྱི་བཀྲ་ཤིས་ཤོག་།ཅེས་མེ་ཏོག་འཐོར། འོ་དེས་ཐུགས་ཀྱི་དབང་ཐོབ་སེམས་ལ་གནོད་པའི་ནད་གདོན་སྨྱོ་འབོག་བརྒྱལ་ནད་ཞི། དེང་ཕྱིན་ཆད་ཁྱུང་གི་ཏིང་ངེ་འཛིན་བསྒོམ་པར་དབང་། མཐར་ཐུག་སེམས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པ་ཐུགས་ཀྱི་དབང་ངོ་། །ད་ཡོན་ཏན་གྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དཔལ་ལྡན་ཡོན་


CMR019_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ག་རུ་ཊ། །ཡོན་ཏན་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །ཡོན་ཏན་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྟེ་བ་ནས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་རིན་ཆེན་རིགས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། ཀླུ་རྗེའུའི་རིགས་སེར་པོའི་གདོན་བཅོམ། མདུན་བསྐྱེད་ཀྱི་ལྟེ་བར་ཐིམ་པས་སྐུའི་ལྟེ་བ་དང་ལྷོ་ཡི་ཁྱུང་ལས། རིན་ཆེན་རིགས་ཀྱི་ཁྱུང་སེར་པོ་ཕྱག་གཡས་རིན་པོ་ཆེ་ཕྱིར་ཞིང་ནོར་བུ་འབར་བའི་དབུ་བརྒྱན་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་བསོད་ནམས་ལ་གནོད་པའི་ནད་གདོན་བར་ཆད་ཐམས་ཅད་སྤྲུལ་སེར་པོའི་རྣམ་པར་དྲངས་ནས་ཞལ་དུ་གསོལ། ཁྱུང་སེར་པོ་དེ་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་རྒྱས། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛོད། །ཁྱུང་རིགས་ལྔ་ཡི་ཡོན་ཏན་དབང་ཐོབ་ཤོག །ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ།


CMR019_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བཞག །ཡེ་ཤེས་ཁྱུང་ཁྲའི་མཆུ་སྡེར་འཇིགས་རུང་བ། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་ཡོན་ཏན་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར། དེས་ཡོན་ཏན་གྱི་དབང་ཐོབ། ཁྱུང་ཁྲ་རིགས་ལྔ་བསྙེན་པའི་ཕན་ཡོན་ཡོན་ཏན་དངོས་གྲུབ་རྣམས་འབྱུང་། མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞི་ཐོབ་པར་ཡོན་ཏན་གྱི་དབང་ངོ་། །ད་ཕྲིན་ལས་ཀྱི་དབང་ཞུ་བའི་དོན་དུ་རྗེས་ཟློས་མཛོད། དཔལ་ལྡན་ཕྲིན་ལས་ག་རུ་ཊ། །ཕྲིན་ལས་ཟློརྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་གསང་བ་ནས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ལས་ཀྱི་རིགས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། ཀླུ་དམངས་རིགས་ལྗང་གུའི་གདོན་ཐམས་ཅད་བཅོམ་ནས་ཚུར་འདུས་མདུན་བསྐྱེད་ལ་ཐིམ་པས། མདུན་བསྐྱེད་ཀྱི་གསང་གནས་དང་བྱང་གི་ཁྱུང་ལས། ལས་ཀྱི་རིགས་ཀྱི་ཁྱུང་ལྗང་གུ་ཕྱག་གཡས་རལ་གྲི་ཕྱར་ཞིང་སྣ་ཚོགས་རྡོ་


CMR019_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབུ་བརྒྱན་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཁ་རྗེ་དབང་ཐང་བསམ་པའི་དོན་ཐམས་ཅད་ལ་བར་དུ་གཅོད་པའི་ནད་གདོན་ཐམས་ཅད་སྦྲུལ་ལྗང་གུའི་རྣམ་པར་དྲངས་ནས་ཞལ་དུ་གསོལ། ཁྱུང་ལྗང་གུ་དེ་ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་རྒྱས། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛོད། །ཁྱུང་རིགས་ལྔ་ཡི་ཕྲིན་ལས་དབང་ཐོབ་ཤོག །ཨོ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཀརྨ་ཨ་བྷི་ཥིཉྩ་ཕཊ། གསང་བར་བཞག །ཡེ་ཤེས་ཁྱུང་ཁྲའི་མཆུ་སྡེར་འཇིགས་སུ་རུང་། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་ཕྲིན་ལས་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེས་ཕྲིན་ལས་ཀྱི་དབང་ཐོབ། འདིའི་ལས་སྣ་ཚོགས་འགྲུབ་པར་མཐར་ཐུག་སེམས་ཅན་གྱི་ནད་གདོན་སེལ་ནུས་པའི་ཕྲིན་ལས་ཐོགས་པ་མེད་པའི་ནུས་མཐུ་ཅན་དུ་གྱུར་པ་ཕྲིན་ལས་ཀྱི་དབང་ཡིན་ནོ། །ད་གཏོར་མ་འདི་ཉིད་ཡེ་ཤེས་ཁྱུང་ཁྲ་


CMR019_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ཆེན་སྡེ་ལྔ་དང་བཅས་པ། སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལྷ་ཚོགས། འོག་གི་ཆ་ལ་ལས་དང་འཇིག་རྟེན་གྱི་ཁྱུང་ལ་སོགས་པ་ཁྱུང་རིགས་ཉི་ཤུ་རྩ་གཅིག་སྤྲུལ་པོ་ཡང་སྤྲུལ་ཉིང་སྤྲུལ་སུམ་སྤྲུལ་གྱི་ཁྱུང་གྲངས་མེད་པ་བྱ་ཁྱུ་འགྲོགས་པ་བཞིན་དུ། ལ་ལ་ལྡིང་། ལ་ལ་འཕུར། ལ་ལ་འཛུམ་པ་དང་བཅས་ཏེ་ཁྲོ་ཁྲོ་ཀྲང་ཀྲིང་ཧྲིང་ཧྲིང་ཏང་ཏང་གི་སྒྲ་དང་བཅས་ཏེ་ཁྱེད་རང་གི་སྤྱི་བོར་བྱོན་ནས། ཐམས་ཅད་འོད་དུ་ལྟེམས་སེ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། །ཁྱེད་རང་རྣམས་དང་དབྱེར་མེད་པར་གྱུར་ནས་ཀླུ་གཉན་ས་བདག་གང་གིས་ཀྱང་མི་ཚུགས་པར་ཡེ་ཤེས་ཀྱི་བྱ་ཁྱུང་དངོས་ལྟར་གྱུར་པར་སྒོམས་ཤིག །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཆོས་རྒྱལ་སུམ་ཅུ་རྩ་གཉིས། པཎྜི་ཏ་དུས་ཞབས་པ་ཆེན་པོ། རྒྱལ་སྲས་ནཱ་ལེནྡྲ་པ། པཎ་ཆེན་ཟླ་བ་མགོན་པོ། རྭ་འབྲོམ་རྩ་གསུམ་ལ་སོགས་པ་གསར་མ་བརྒྱུད་པ་རྣམས་དང་། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། སངས་རྒྱས་གླིང་པ་ལ་སོགས་པ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་


CMR019_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མ་བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ། ཐུགས་གསུང་སྐུའི་དཀྱིལ་འཁོར། ཡེ་ཤེས་ཁྱུང་ཁྲ། ཁྱུང་ཆེན་སྡེ་ལྔ། སྤྲུལ་པ་ཡང་སྤྲུལ་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་བར་མཛད་དུ་གསོལ། བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཀླུ་རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས་གདོལ་པ་ནག་པོ། བ་སུ་ཏ་རིགས་དྲུག །གཉན་ཆེན་སྡེ་བརྒྱད། ས་འདྲེ་ས་སྲིན། ཀླུ་བདུད། །ཀླུ་བཙན། མཚོ་སྨན་ལ་སོགས་པ་གཟའ་ཀླུ་ས་བདག་གིས་གནོད་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། མཛེ་རིགས་བཅོ་བརྒྱད། དྲེག་གྲུམ། མེ་དབལ། རྐང་འབམ། སྲན་འབྲས། དམུ་ཆུ། མྱིད་དཀྱུས། མཁལ་ནད་ལ་སོགས་པ་ཀླུ་ཡི་ནད་ཐམས་ཅད་ཞི་བར་མཛོད་ཅིག །ཞ་ཞིང་རེངས་བ་དང་། འཁུམ་ཞིང་སྐེམ་པ་ལ་སོགས་པ་གཉན་དང་ས་བདག་གི་ནད་ཐམས་ཅད་བྱང་ཞིང་མི་འབྱུང་བར་མཛོད་ཅིག །གག་ལྷོག་གཟེར་གསུམ། གྲུམ་བུ་དང་། ཤུ་བ། རྒྱ་ཐོར་ལ་སོགས་པ་གཉན་དང་ས་བདག་གི་ནད་


CMR019_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བ་དང་། སྲུང་བར་མཛོད་ཅིག །ཡ་མ་དཀར་ནག་ལ་སོགས་པ། སྲིན་གྱི་ནད་ཐམས་ཅད་ཞི་བ་དང་། མི་ལྡང་བར་མཛོད་ཅིག །སྦྱར་བར་གྱུར་པ་དང་། །ལྟརྒྱུ་བ་དང་། མི་རྒྱུ་བའི་དུག་ཐམས་ཅད་ཞི་ཞིང་མི་འབྱུང་བར་མཛོད་ཅིག །མདོར་ན་འཁོར་བ་དང་། ངན་སོང་གི་ནད་དང་སྡུག་བསྔལ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པར་མཛོད་ཅིག །ཨོཾ་པཀྴི་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཛྷཱ་ན་ཨ་བྷི་ཥིཉྩ་མཱི། འོ་དེ་ལྟར་དབང་བསྐུར་བས་ཁྱེད་རང་སྙིང་གི་དཀྱིལ་དུ་ཁྱུང་རིགས་ལྔ་དུས་རྟག་ཏུ་བཞུགས་པར་སྒོམས་ཤིག །ཅེས་བརྗོད་ལ་ཀུ་ཤ་རྨ་བྱའི་ཡུ་བ་དང་། སྲིན་མཛུབ་ཀྱི་རྩེ་བུམ་ཆུའི་བདུད་རྩི་ལ་བསྒྲེས་ནས་སྙིང་གར་ཐིག་ལེ་ལྔ་ཡི་ཚུལ་བྱས་ལ། སྙིང་གི་དབུས་སུ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ། ཨོ་པཀྴི་སྭཱ་ཧཱ། སྙིང་གི་མདུན་དུ་རྡོ་རྗེའི་ཁྱུང་སྔོན་པོ། བཛྲ་ག་རུ་ཊ་ཧཱུྃ་ཕཊ། གཡས་སུ་རིན་ཆེན་གྱི་ཁྱུང་སེར་པོ། རཏྣ་ག་རུ་ཊ་ཧཱུྃ་ཕཊ། རྒྱབ་ཏུ་པདྨའི་ཁྱུང་དམར་པོ། པདྨ་ག་རུ་ཊ་ཧཱུྃ་ཕཊ། གཡོན་དུ་ལས་ཀྱི་ཁྱུང་ལྗང་གུ། ཀརྨ་ག་རུ་ཊ་ཧཱུཾ་ཕཊ། བུམ་པ་མེད་ན་འདི་མ་བྱས་ཀྱང་རུང་། དེ་ལྟར་ཁྱེད་རང་ཁྱུང་ཁྲ་དངོས་སུ་གྱུར་པ་ལ་འོག་མིན་གནས་ནས།


CMR019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ནམ་མཁའ་ལ་བྱོན་ནས་བུམ་པས་དབང་བསྐུར་བར་སྒོམས་ཤིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་ནོར་བུའི་ཏོག་གི་རྩེར་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། བཟླས་ལུང་འདི་བསྙེན་པ་བྱེད་མི་ལ་གལ་ཆེ། གཞན་ལ་མ་བྱས་ཀྱང་ཆོག་གོ །ད་སྔགས་ཀྱི་བཟླས་ལུང་གི་དོན་དུ། སློབ་དཔོན་ལ་མེ་ཏོག་ཁ་དོག་ལྔ་ཡི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད་ཡེ་ཤེས་ཁྱུང་ཁྲ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་གི་ཞལ་དུ་ཞུགས། སྙིང་


CMR019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཁྱུང་ཁྲའི་ཐུགས་ཀའི་ཡིག་འབྲུ་ལྔ། འཁོར་བཞི་ཡི་ཐུགས་ཀའི་ཁྲོ་ཡིག་རེ་ཡི་མཐར་སོ་སོའི་སྔགས་གོང་ལྟར་འཁོར་བར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པཀི་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ད་སྔགས་ཕྲེང་དེ་མེ་ཏོག་གི་ཕྲེང་བར་གྱུར་ཏེ་དངོས་གྲུབ་ཀྱི་ཆེད་དུ་སྤྱི་བོར་བཅིང་བའི་མོས་པ་མཛོད་ཅིག །ཅེས་རྡོ་རྗེ་དང་བཅས་པས་ཙམ་པ་ཀའི་མེ་ཏོག་གམ་མེད་ན་ནས་འབྲུ་བཞག་ལ། ཡེ་ཤེས་ཁྱུང་ཁྲ་སྡེ་ལྔ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་བཞུགས་བརྟན་པར་མཛད་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། དཔལ་ལྡན་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཁྱུང་ཆེན་རིགས་ལྔ་དང་བཅས་པའི་བྱིན་རླབས་དང་། རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། འོ་དེས་ཡེ་ཤེས་ཁྱུང་ཁྲ་རིགས་ལྔ་དང་བཅས་པའི་དབང་ལེགས་པར་ཐོབ་པ་ཡིན་པས་ཁྱུང་ཆེན་འབར་བ་ཡི་དམ་དུ་འཛིན་སྙམ་པ་དང་། དམ་ཚིག་ཏུ་བྱ་ཤ་དང་སྒོ་ང་


CMR019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ། མཚོ་དང་ཆུ་མིག་འགྲམ་དུ་སྔགས་མི་བཟླ། སྔགས་སྒྲ་ཧ་ཅང་ཆེ་བར་མི་བྱ། ཉིན་རེ་ལྔ་བརྒྱ་ལས་མང་དུ་མི་འདོན། དེ་རྣམས་བྱ་སྙམ་པའི་བསམས་པས་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས། གཏང་རག་གི་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། སོགས། སློབ་མ་གྱེས་སོ། །འདི་ནི་གསར་མ་ལུགས་ཀྱི་དུས་འཁོར་རྒྱུད་དང་འབྲེལ་བ་དང་། རྙིང་མ་དགོངས་གཏེར་ལུགས་དང་གཉིས་ཀ་ཡིན་པས། བརྒྱུད་པ་གང་ལ་དད་ཀྱང་རུང་མོད་ཀྱི། སངས་རྒྱས་གླིང་པའི་ཁྱུང་སྡེ་ལྔ་དང་། རཏྣ་ལུགས་ཀྱི་ཁྱུང་ལྷ་ལྔ་དང་ཡང་དོན་གཅིག་པ་ཡིན་པས། ཁྱད་པར་དགོངས་གཏེར་ལུགས་ལ་ནི། ཁྱུང་ཁྲ་སྤྱི་ལྟར་རིམ། ཡང་ན་སྐུ་སྟོད་དཀར། སྐེད་པ་ལྗང་གུ། སྐུ་སྨད་སྔོན་པོར་བསྒོམས་ན། སྲིད་གསུམ་ཟིལ་གནོན་ཞེས་བྱ། ཡང་ན་སྐུ་སྟོད་མཐིང་ནག །སྐེད་པ་ལྗང་གུ། སྐུ་སྨད་དམར་པོ་བྱས་ན། ཁམས་གསུམ་ཟིལ་གནོན་ཞེས་བྱ་བར་གསུངས་སོ། །དགོངས་གཏེར་ལུགས་འདི་བདག་གི་ཞག་བདུན་བསྙེན་ཏེ། འབྲུ་ལྔ་ལ་འབུམ་ཕྲག་གཅིག་དང་། ཤམ་བུ་ཅི་ལྕོགས་སྦྱར་བས་རྟགས་ངོ་མཚར་ཅན་བྱུང་བས་ཡིད་ཆེས་སོ། །གསར་མའི་ལུགས་ལ་འཁོར་མེད་ཅིང་ཡིག་འབྲུ་ལྔ་མགྲིན་པར་ཁྱུང་ལྔ་བསྒོམ་པ་དང་། ཐུགས་ཀར་ཁྱུང་ལྔ་མགྲིན་པར་ཡིག་འབྲུ་ལྔ་སྒོམ་པའི་ལུགས་གཉིས་


CMR019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། སྔགས་གྲངས་བྱེ་བ་གཅིག་ཡིན་པས། དགོངས་གཏེར་ལ་འབུམ་ཕྲག་གསུམ་ལས་མང་མི་དགོས་སོ། །མི་ནག་ཕལ་པས་འབྲུ་ལྔ་རྐྱང་པ་བཟླ་བཅུག་པས་ཆོག་སྟེ། གཟའ་ཀླུ་ལ་སོགས་གདོན་ནད་ལ་ཕན་ངེས་ཡིན་ཀྱང་། གནས་ཁང་ཀླུ་གནས་སར་ཡིན་ན་མི་ལེགས་སོ། །ཡང་བུམ་པའི་ནང་དུ་ཁྱུང་ལྔ་པོ་མངོན་རྟོགས་མི་དགོས་དྲན་རྫོགས་སུ་བསྐྱེད་དེ། སྔགས་སྟོང་ཕྲག་སོགས་ཅི་མང་བསྙེན་ནས་འོད་དུ་ཞུ་བ་ཆུར་བསྒོམས་ལ་བྱབ་ཁྲུས་བྱ། དུག་ནད་དང་། དུག་རུ། བད་ཀན། མིད་དཀྱུས་སོགས་ལ་ཕན་པར་བཤད། བྱབ་ཁྲུས་ཉེར་ལྔའི་མཐར་ལྷ་བརྗེ་བ་མ་གཏོགས་རྣམ་འཇོམས་དང་འདྲའོ། །ཡང་སྨན་ཆེན་བོང་ང་ནག་པོ་སྦྲང་ལ། གཏུམ་པོའམ་བཅག་ཀྱང་རུང་སྟེ། རམ་འབྲུའམ་ནས་འབྲུའི་ཕྱེད་ཙམ་མང་དུ་བྱས་ལ། དེ་རས་སག་མོར་བཏུམ་ལ། ལག་མཐིལ་གཡོན་དུ་བཞག །མཐེ་བོང་ཨོཾ་དཀར་པོ། མཛུབ་མོ་པ་སྔོན་པོ། གུང་མོ་ཀྱི་སེར་པོ། སྲིན་མཛུབ་སྭཱ་དམར་པོ། མཛུབ་ཆུང་ཧྭ་ལྗང་གུར་བསྒོམ། །དེ་ལྔ་ལས་བདུད་རྩི་རང་མདོག་བབ་པ། དེ་བཙན་དུག་ལ་ཐིམ་པས་བདུད་རྩིར་གྱུར་པར་བསྒོམ་ཞིང་། ཡིག་འབྲུ་ལྔ་ལ་ཁྲི་ཚོ་བཟླས་ཤིང་། རས་ཐུམ་སྟེང་དུ་འགྲོ་ངེས་ཀྱི་ཕུས་སྔགས་ནས། རྩ་སྟོང་ལ་འབྲུ་རེ་མ་ཆགས་པ་ཟོས་ན་ནད་ངན་ཐུབ། གྲངས་འབྲུ་འབུམ་སོགས། ཆུ་སེར་ནད་དང་། སྨུག་པོ་ཁྲག་ནད་ཡོད་པའི་སྲོག་རླུང་སོགས་ནད་དང་། སྲིན་ནད་ལ་ཕན་ངེས་སོ། །ཞེས་པ་རི་བ་དགེ་བཤེས་ཆུང་བས་རིང་ནས་བསྐུལ་བས་ཤིང་སྦྲུལ་ས་ག་ཟླ་བའི་ཡར་


CMR019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཞིའི་ཉིན་ཨ་རཱ་གས་རྫོགས་པར་བྲིས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་བ་སེམས་ཅན་ཀླུ་ནད་ཐམས་ཅད་ཞི་བར་གྱུར་ཅིག །མངྒ་ལཾ།། ༈ །།དེ་ནས་མཛེ་དང་གྲུམ་བུ་ཀླུ་ས་བདག་གི་གནོད་པ་སྡུག་བསྔལ་ཅན་ལ་གྲངས་བཟུང་བྱེད་ན། དང་པོ་དབང་རྒྱས་པ་ཚར་གཅིག་བསྐུར་ལ། དེ་ནས་བསྙེན་པ་འབྲུ་ལྔ་པ་བརྒྱ་ཙམ་གྱིས་གསོ། དབང་བསྡུས་པ་འདི་བསྐུར་བ་ཡིན་ནོ། །ད་ཡང་སློབ་དཔོན་དང་མདུན་བསྐྱེད་གཏོར་མ་ཡེ་ཤེས་ཁྱུང་ཁྲ་ཁྱུང་ཆེན་སྡེ་ལྔ་འཁོར་དང་བཅས་པ་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་བདག་ལ་སོགས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །དབང་བཞི་ཡོངས་རྫོགས་བསྐུར་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་དང་གཙོ་བོའི་གནས་ཐམས་ཅད་ནས། འོད་ཟེར་དཀར་དམར་སེར་ལྗང་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། ཀླུ་རིགས་ཀྱི་གདོན་ཐམས་ཅད་བཅོམ་ནས་གཙོ་བོ་ལ་ཐིམ་པས། གཙོ་བོའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་བ་དང་། འཁོར་ཁྱུང་ཆེན་སྡེ་ལྔ་ཁྱུང་དཀར་དམར་མཐིང་སེར་ལྗང་གུ་རྣམས། ཕྱག་གཡས་རང་


CMR019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཕྱག་མཚན་ཕྱར་ཞིང་། ཕྱག་མཚན་གྱིས་དབུ་བརྒྱན་པ་འཕྲོས་པས། ཀྲོང་ཀྲིང་ཁྲོ་ཁྲོ་ཏང་ཏང་གིས་སྒྲ་དང་བཅས་ཏེ། སྤྱི་བོར་བྱོན་ནས་ཁྱོད་རང་གི་ནད་གདོན་ཐམས་ཅད་སྦྲུལ་རིགས་ལྔའི་རྣམ་པར་དྲངས་ནས་ཞལ་དུ་གསོལ་ཞིང་། ཁྱེད་རང་གི་གནས་ལྔར་ཐིམ་པར་སྒོམས་ཤིག །གཏོར་མ་ལག་ཏུ་ཐོགས་ནས། རོལ་མོ་དང་བཅས་ཏེ། ཧཱུྃ། ཡེ་ཤེས་ཁྱུང་ཆེན་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་རྒྱས། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛད། །ཁྱུང་ཆེན་ལྔ་ཡིས་དབང་བསྐུར་རོ། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཧཱུྃ་ཛྙཱ་ན་ཨ་བྷི་ཥིཉྩནྟཾ། ཡེ་ཤེས་ལྔ་ཡི་མཆུ་སྡེར་འཇིགས་རུང་བ། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་ཡི་ནད་གདོན་ཞི་བ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་ཡེ་ཤེས་ཁྱུང་ཁྲ་ཁྱུང་ཆེན་སྡེ་ལྔའི་དབང་ཐམས་ཅད་ཐོབ། ཀླུ་


CMR019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ས་བདག་ལ་སོགས་པའི་ནད་གདོན་བར་ཆད་ཐམས་ཅད་ཞི། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས། མཐར་ཐུག་སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་ཐོབ་པའི་གཏང་རག་གི་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་སིལ་མ་བཀྲམ། །སོགས། འདི་ཡན་གྲངས་བཟུང་བར་བྱེད་པ། སྟེབ་རེ་ལ་བཅུ་གསུམ་མམ། བཅོ་ལྔ་ཙམ་དབང་བསྐུར་ལ། བསྙེན་པ་ཁ་གསོས་ནས་དབང་བསྐུར་ན་བྱིན་རླབས་ཆེ། ལར་ཁྱུང་དབང་འདི་མཚོ་དང་། ཆུ་མིག་དང་། ཀླུ་གནས་པའི་སར་དབང་བསྐུར་མི་རུང་བར་གཞན་ལ་ཕན་ཆེ་ཡང་རང་ལ་ཉེས་་པ་ཆེ་བ་ཧ་ཅང་མི་མང་བར་གལ་ཆེན་མིན་པར་དབང་མི་བསྐུར། སློབ་མ་དམ་ཚིག་ཅན་ཡིན་ན་དབང་བསྐུར་བ་ཡིན་ནོ། །སྤྱི། རཱ་ག་ཨ་སྱས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་དར་རྒྱས་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་གཏེར་ཟུང་འཇུག་ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་ག་རུ་ཊ།next