Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་བསྡུས་པ།


 
previousཡེ་ཤེས་ཁྱུང་ཁྲའི་གཏོར་དབང་བསྡུས་པ།no next

ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་བསྡུས་པ།


CMR019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཁྱུང་ཁྲའི་གཏོར་དབང་བསྡུས་པ་ནི། ཡེ་ཤེས་དབབ་ཆོག་ཡན་སྔར་ལྟར་ལ། ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་བ་དྲུག་ལས། དེ་དག་སྐབས་ཐོབ་གཅིག་ཏུ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དཔལ་ལྡན་སྐུ་ལྔའི་ག་རུ་ཊ། །སྐུ་ལྔའི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཁྱུང་ཆེན་འབར་བ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ། །གསུམ་མམ་ལྔ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་གནས་ལྔ་ནས་དཀར་དམར་མཐིང་ལྗང་སྔོ་སེར་རྣམས་རིམ་བཞིན་ཕྱོགས་བཅུར་འཕྲོས། བདེ་གཤེགས་རིགས་ལྔ་མཆོད་ཅིང་བྱིན་རླབས་བསྡུས་ཚུར་འདུས་གཙོ་བོ་ལ་ཐིམ་པར་མོས་ལ། དེ་ཡི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་དང་། ཤར་ལྷོ་ནུབ་བྱང་དབུས་ཀྱི་ཁྱུང་རྣམས་ལས་འོད་ཟེར་ཁ་དོག་ལྔ་ལྡན་གཟི་བརྗིད་བཀྲག་མདངས་དང་། ལྡན་པ་ཕྱོགས་བཅུར་འཕྲོས་པ་ལས་རང་འདྲ་བའི་ཁྱུང་རིགས་ལྔ་དཀར་སེར་དམར་ལྗང་མཐིང་ག་རྣམས་ཕྱག་གཡས་རང་རང་གི་རིགས་ཀྱི་ཕྱག་མཚན་རྣམས་ཕྱར་ཞིང་འཁོར་ལོ་རྡོ་རྗེ་ནོར་བུ་པདྨ་སྣ་ཚོགས་རྡོ་རྗེས་དབུ་བརྒྱན་པ་འཕྲོས། ཁྱེད་རང་


CMR019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལུས་ངག་ཡིད་གསུམ་ཚེ་བསོད་ཁ་རྗེ་དབང་ཐང་བསམ་པའི་དོན་ཐམས་ཅད་འགྲུབ་པ་ལ་བར་དུ་གཅོད་པའི་ནད་དང་། ཀླུ་གདོན་རྒྱལ་རིགས། རྗེའུ་རིགས། དམངས་རིགས། བྲམ་ཟེའི་རིགས། གདོལ་པ་ནག་པོ། བ་སུ་ཏ་རིགས་དྲུག་གཉན་ཆེན་སྡེ་བརྒྱད། ས་བདག་དཀར་ནག །ས་འདྲེ། ས་སྲི་ཀླུ་བདུད། ཀླུ་བཙན་རྒྱལ་གདོན་འབྱུང་པོ། མཚོ་སྨན་ལ་སོགས་པ་གཟའ་ཀླུ་ས་བདག་བགེགས་རིགས་ཀྱི་གནོད་པ་ཐམས་ཅད་སྦྲུལ་ཁ་དོག་ལྔའི་རྣམ་པར་དྲངས་ཏེ་ཞལ་དུ་གསོལ། ཁྱུང་རིགས་ལྔ་དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་གནས་ལྔར་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ། ཡེ་ཤེས་ཁྱུང་ཁྲ་བླ་ན་མེད། །རྡོ་རྗེའི་ཁྱུང་གིས་ཉོན་མོངས་ཞི། །རིན་ཆེན་ཁྱུང་གིས་དགོས་འདོད་རྒྱས། །སྣང་སྲིད་དབང་སྡུད་པདྨའི་ཁྱུང་། །ལས་ཀྱི་ཁྱུང་གིས་མངོན་སྤྱོད་མཛད། །ཁྱུང་རིགས་ལྔ་ཡི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ལྔ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ཛཱ་ན་ཨ་བྷི་ཥིཉྩནྟཾ། ཧཱུྃ། ཡེ་ཤེས་ཁྱུང་ལྔ་མཆུ་སྡེར་འཇིགས་རུང་


CMR019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་བསྡུ་ཡིས། །འབྱུང་བ་ལྔ་འཇོམས་སྐུ་གསུང་ཐུགས་ཡོན་ཕྲིན་ལས། །ཀླུ་རིགས་ལྔ་འཇོམས་སྐུ་ལྔའི་བཀྲ་ཤིས་ཤོག །འོ་དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བྱིན་རླབས་ཀྱི་སྒོ་ནས་དབང་བསྐུར་བ་ཐོབ། ལུས་ངག་ཡིད་གསུམ་ལ་གནོད་པའི་གཟའ་ནད་དང་ཀླུ་གདོན་ས་བདག་གི་ནད་ཐམས་ཅད་ཞི། སྒོ་གསུམ་ཆ་ཉམས་ཀྱི་སྒྲིབ་པ་མ་ལུས་པ་དག །ཁྱུང་རིགས་ལྔའི་སྒོམ་སྒྲུབ་ཏིང་འཛིན་ལ་དབང་། ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང་། ཕྲིན་ལས་སྣ་བཉྩི། ཚོགས་རྣམས་སྒྲུབ་ཏུ་རུང་། མཐར་ཐུག་སྐུ་ལྔའི་བདག་ཉིད་ཀྱི་འབྲས་བུ་ཐོབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །ཧཱུཾ། ཆོས་ཉིད་ཁྲོ་བོའི་དབྱིངས་ལས་སྤྲུལ་པའི་ཁྱུང་། །གཟའ་ཀླུ་སྡེ་བརྒྱད་ས་བདག་འབྱུང་པོའི་དུག །མ་ལུས་ཞི་མཛད་ཐུགས་རྗེའི་སྟོབས་མངའ་བའི། །ཁྲོ་རྒྱལ་ཁྱུང་རིགས་ལྔ་ཡི་བཀྲ་ཤིས་ཤོག །གྲངས་མང་ལ་དཀྱུས་ལྟར་རོ། །དགེ་ལེགས་འཕེལ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །


CMR019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །།ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡེ་ཤེས་ཁྱུང་ཁྲའི་གཏོར་དབང་བསྡུས་པ།no next