Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
སྨིན་བྱེད་དབང་གི་རྣམ་པར་བཞག་པ་འཇིགས་མེད་སེང་གེའི་སྒྲ་ཆེན།
   
   
   
   
   
   
   
   
   
   
   
   


 
no previousསྨིན་བྱེད་དབང་གི་རྣམ་པར་བཞག་པ་འཇིགས་མེད་སེང་གེའི་སྒྲ་ཆེན།next

སྨིན་བྱེད་དབང་གི་རྣམ་པར་བཞག་པ་འཇིགས་མེད་སེང་གེའི་སྒྲ་ཆེན།


CMR020_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འདོད་པའི་དབང་པོ་རབ་རྣམས་ཀྱི་ཐོག་མའི་འཇུག་སྒོ་སྨིན་བྱེད་དབང་གི་རྣམ་པར་བཞག་པ་ལོག་རྟོག་སྨྲ་བའི་ཝ་ཚོགས་རྣམས་སྐྲག་པར་བྱེད་པ་འཇིགས་མེད་སེང་གེའི་སྒྲ་ཆེན་ཞེས་བྱ་བ་བཞུགས།།


CMR020_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཁྱབ་བདག་རིགས་རྣམས་ཀུན་གྱི་གཙོ། །སྣ་ཚོགས་འགྲོ་རྣམས་ཡན་ལག་བདུན་ལྡན་གྱི། །གོ་འཕང་མཆོག་ལ་སྦྱོར་ཕྱིར་སློབ་དཔོན་གྱི། །ཚུལ་འཛིན་དཔལ་ལྡན་བླ་མའི་ཞབས་ལ་འདུད། །འགྱུར་མེད་བདེ་ཆེན་རྒྱལ་བ་ཀུན་གྱི་ཡབ། །སྟོང་ཉིད་ཤེས་རབ་བདེ་གཤེགས་སྐྲུན་པའི་ཡུམ། །གཉིས་མེད་འདུས་པའི་ངོ་བོ་འཁོར་ལོ་ཡི། །དབང་ཕྱུག་ཡི་དམ་ལྷ་ཚོགས་ཞབས་ལ་འདུད། །ལམ་གྱི་མཐར་ཐུག་རྡོ་རྗེ་ཐེག་པ་ཡི། །ཐོག་མའི་འཇུག་སྒོ་སྨིན་བྱེད་དབང་གི་ཚུལ། །རྣམ་བཞག་མདོར་བསྡུས་དམ་པའི་གསུང་བཞིན་དུ། །ཉུང་


CMR020_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གོ་བདེའི་ངག་གིས་འདིར་བརྗོད་བྱ། །དེ་ལ་འདིར་གདུལ་བྱ་སྐལ་པ་མཆོག་དང་ལྡན་པ་ཚེ་གཅིག་ལུས་གཅིག་ལ་སོགས་འཚང་རྒྱ་བའི་ཉེ་ལམ་རྨད་དུ་བྱུང་བ་འབྲས་བུའི་ཐེག་པའི་ལམ་གྱི་གཞི་སྨིན་བྱེད་དབང་གི་རྣམ་བཞག་མདོར་བསྡུས་པ་འཆད་པ་ལ་དྲུག །དབང་བསྐུར་བ་སྔགས་ལམ་སྤྱིའི་དངོས་གཞིར་བསྟན་པ། དབང་བསྐུར་མ་བསྐུར་གྱི་ཕན་ཡོན་དང་ཉེས་དམིགས། དབང་བསྐུར་བའི་དཔོན་སློབ་ཕན་ཚུན་བརྟག་པ། དབང་བསྐུར་གཞི་དཀྱིལ་འཁོར་གྱི་མཚན་ཉིད། དབང་བསྐུར་སྤྱིའི་རྣམ་བཞག་མདོར་བསྡུས་པ། དབང་བསྐུར་བའི་ཆོ་གའི་


CMR020_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པ་མཆོག །ཅེས་གསུངས་པ་ལྟར། རྡོ་རྗེ་ཐེག་པའི་ལམ་མཐའ་དག་བསྡུས་ན། སྨིན་པར་བྱེད་པའི་དབང་དང་། གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་སུ་འདུས་པར་བཤད། དེ་ལས་ཀྱང་ཐོག་མར་གལ་ཆེ་བ་ནི་སྨིན་བྱེད་དབང་གི་ལམ་འདི་ཉིད་ཡིན་ཏེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་སངས་རྒྱས་འབྱུང་། །ཞེས་གསུངས་པས་དབང་བསྐུར་ཐོབ་ནས། རྩ་ལྟུང་ལ་སོགས་པས་མ་གོས་ན་ལམ་སྒོམ་པ་ལ་མ་ལྟོས་པར་སྐྱེ་བ་བདུན་ནམ་བཅུ་དྲུག་ལ་སོགས་པར་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་གསུངས་པ་དང་། དེ་ལྟར་མ་གྱུར་ཀྱང་། དབང་གི་དོན་ལས་གུད་དུ་གྱུར་པའི་ལམ་སྒོམ་པ་མེད་ཅིང་། དེ་ཡང་བུམ་དབང་གི་སྐབས་སུ་སྣོད་བཅུད་ཐ་མལ་དུ་འཛིན་པའི་རྣམ་རྟོག་གི་གཉེན་པོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པ་དང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གི་


CMR020_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་གསང་དབང་ལ་སོགས་པ་དབང་གོང་མའི་ཉམས་ལེན་དེ་ཁོ་ན་ཉིད་རྟོག་པ་དང་བྲལ་བའི་དོན་བསྒོམ་པ་སྟེ། གཏན་ཚིག་དེའི་ཕྱིར་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དབང་གི་སྒྲས་བརྗོད་དུ་རུང་སྟེ། དང་པོ་ནི། མ་སྨིན་པ་སྨིན་པར་བྱེད་པའི་རྒྱུའི་དབང་ཞེས་པ་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་རྣམས་ལས་འབྱུང་ཞིང་། གཉིས་པ་ནི། སྦྱོར་བ་ཡན་ལག་དྲུག་པ་ལ་སོགས་པ་ཉམས་ལེན་གྱི་རིམ་པ་ཐམས་ཅད་ལ་དབང་དུ་བརྗོད་དེ། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་བཅུ་པོ་ཉིད་དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལ་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་འགྱུར་བ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་སོ། །གསུམ་པ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་དབང་དུ་བརྗོད་པ་ནི། དུས་འཁོར་འགྲེལ་ཆེན་ལས། འདིར་བུམ་པ་དང་གསང་བ་དང་ཤེས་རབ་


CMR020_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྐད་ཅིག་མ་རྣམས་ཀྱི་ཐ་མ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མ་ཆོད་པ་སྟེ། དེ་བཅོམ་ལྡན་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་ཐེག་པའི་རྒྱུ་ལམ་འབྲས་བུ་ཐམས་ཅད་དབང་གི་རིམ་པར་མ་འདུས་པ་མེད་དོ། །གཉིས་པ་དབང་བསྐུར་མ་བསྐུར་གྱི་ཕན་ཡོན་དང་ཉེས་དམིགས་ལ་གཉིས་ཏེ། དབང་བསྐུར་བའི་ཕན་ཡོན་དང་མ་བསྐུར་བའི་ཉེས་དམིགས་སོ། །དང་པོ་ནི། རིམ་གཉིས་བསྒོམ་པའི་སྣོད་དུ་རུང་བ་དང་། ཚོགས་གསུམ་རྫོགས་པ་དང་། རྒྱུད་འགྲེལ་ཉན་པ་སོགས་ཀྱང་དབང་མ་ཐོབ་ན་མི་རུང་ཞིང་། དེ་དག་རུང་བ་ཡང་དབང་ཐོབ་པ་ལ་རག་ལས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་དང་ལྡན་ཏེ། དེ་ཕྱིར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ཀྱི། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་དཔོན་གང་གི་ཚེ། །


CMR020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཞེས་པ་ལ་སོགས་པ་རྒྱུད་དང་དགོངས་འགྲེལ་རྣམས་སུ་དཔག་ཏུ་མེད་པར་གསུངས་ཀྱང་མང་བས་འཇིགས་པའི་ཕྱིར་སྤྲོས་པས་ཆོག་གོ །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། དབང་ཐོབ་པའི་ཕན་ཡོན་ལས་བཟློག་ནས་རྒྱུད་ཉན་བཤད་མི་རུང་བ་དང་། ལམ་གྱི་རིམ་པའི་ཉམས་ལེན་ལ་ཇི་ལྟར་འབད་ཀྱང་འབྲས་བུ་ཐོབ་པར་མི་འགྱུར་བ་དང་། དེར་མ་ཟད་དཔོན་སློབ་གཉིས་ཀ་ངན་སོང་གི་དུཁས་ཉེན་པ་སོགས་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དུས་འཁོར་རྩ་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱི་གྲོལ་བ་མིན། །ཞེས་དང་། དཔལ་ས་ར་ཧས། ཀྱེ་མ་རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་པ་དམན་པ་ཞིག་གིས་རྒྱལ་པོར་རེ་བ་ལྟར། །རིག་པ་འཛིན་པའི་རྒྱུད་རྣམས་ཐམས་ཅད་དེས་བསླུས་ཏེ། །མཁའ་འགྲོའི་ཆད་པ་དང་བཅས་རྡོ་རྗེ་དམྱལ་བར་ལྟུང་། །ཞེས་གསུངས་པས་དེ་ལྟ་བུའི་ཕན་ཡོན་དང་


CMR020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་ཤེས་པར་བྱས་ནས། འབད་པ་དུ་མས་བླ་མ་དམ་པའི་ཞབས་ལ་བསྟེན་ནས། དབང་བསྐུར་གྱི་རིམ་པ་རྣམས་ལེགས་པར་ནོད་པར་བྱའོ། །གསུམ་པ་དབང་བསྐུར་བའི་དཔོན་སློབ་ཕན་ཚུན་བརྟག་པ་ལ་གཉིས་ཏེ། མ་བརྟགས་པར་ཞུགས་པའི་ཉེས་དམིགས་དང་། ལེགས་པར་བརྟག་པའི་ཐབས་བསྟན་པའོ། །དང་པོ་ནི། བླ་མས་སློབ་མ་མ་བརྟགས་པར་སུ་རུང་རུང་ལ་དབང་བསྐུར་ན། སྣོད་མིན་གྱིས་དམ་ཚིག་མི་ཐུབ་པས་འདི་ཕྱི་གཉིས་ཀར་ཕུང་ཞིང་དམ་ཚིག་ཉམས་པར་འགྱུར་བ་དང་། རང་གི་དངོས་གྲུབ་ཀྱང་རྒྱང་རིང་དུ་བྱེད་པ་དང་།་བགེགས་ཀྱིས་འཚེ་བ་སོགས་ཉེས་པ་མང་དུ་འབྱུང་ལ། སློབ་མས་ཀྱང་བླ་མའི་མཚན་ཉིད་མ་བརྟགས་པར་གང་རུང་རུང་ལ་དབང་བླངས་ན་ལོག་པའི་ལ། བཤེས་གཉེན་གྱིས་བསླུས་པར་འགྱུར་བ་དང་། དམ་ཚིག་སྲུང་མི་ནུས་པས་དངོས་གྲུབ་ཀྱང་རྩ་བ་འཆད་པ་དང་། ལམ་ངན་པར་དཀྲི་བས་དལ་འབྱོར་ཆུད་འཛའ་བ་སོགས་ཀྱི་ཉེས་དམིགས་མང་དུ་འབྱུང་ངོ་། །དེའི་ཕྱིར་དཔོན་སློབ་ཕན་ཚུན་བརྟག་དགོས་ཏེ། སློབ་དཔོན་དཔའ་བོས། བླ་མ་དང་ནི་སློབ་མ་དག །མཚུངས་པས་དམ་ཚིག་ཉམས་འགྱུར་


CMR020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་པ་བརྟག་པར་བྱ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ལྟ་བུ་ཡི་བླ་མ་ཡིས། །འབད་པས་སློབ་མ་བརྟག་པར་བྱ། །ཇི་ལྟར་བསྲེགས་ལ་སོགས་པས་གསེར། །བརྟག་མཁས་པས་ནི་རིན་པོ་ཆེ། །ཇི་ལྟར་བདེ་ལྡན་བུ་མོ་ནི། །དེ་ལྟར་སློབ་མས་བརྟག་པར་བྱ། །དེ་བས་ཐམས་ཅད་རབ་འབད་དེ། །ཕན་ཚུན་སོ་སོར་བརྟག་པར་བྱ། །དེ་ལྟར་མིན་ན་སྐྱོན་དུ་འགྱུར། །ནམ་ཡང་དངོས་གྲུབ་ཐོབ་མི་འགྱུར། །དུག་ལ་ཇི་ལྟར་རབ་སྔགས་ཀྱིས། །དག་པར་བྱས་ན་བདུད་རྩིར་འགྱུར། །དེ་བཞིན་སློབ་དཔོན་དབང་སོགས་ཀྱིས། །ལུས་ནི་དྲི་མ་མེད་པར་འགྱུར། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་རིན་ཆེན་བརྟག་པ་དང་། །གསེར་ནི་སྲེག་དང་དཔྱད་པས་བརྟག་།དེ་བཞིན་དུ་ནི་སློབ་མ་ལ། །ལོ་ནི་བཅུ་གཉིས་བར་དུ་བརྟག །ཅེས་དང་། ཇི་ལྟར་སེང་གེའི་འོ་མ་ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་དུ་ནི་ཕུང་།


CMR020_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །སྤྱན་རས་གཟིགས་ཀྱིས་དོན་དམ་བསྙེན་པ་ལས། དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ལེགས་པར་བརྟག་ན་སྡིག་པས་ཅུང་ཟད་གོས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ལོ་བཅུ་གཉིས་ནི་མྱུར་པོར་མ་ཤེས་ན་དེ་ཙམ་དུ་བརྟགས་པས་ངེས་པར་ཤེས་པ་ལ་དགོངས་ཀྱི། ཅི་ནས་ཀྱང་དེ་ཙམ་ཞིག་བརྟག་དགོས་པ་ནི་མ་ཡིན་ནོ། །གཉིས་པ་ལེགས་པར་བརྟག་པའི་ཐབས་བསྟན་པ་ལ་གཉིས་ཏེ། གང་གིས་བསྐུར་བ་བླ་མའི་མཚན་ཉིད་དང་། །གང་ལ་བསྐུར་བ་སློབ་མའི་མཚན་ཉིད་དོ། །དང་པོ་ནི། དེ་ཡང་སྤྱིར་སློབ་དཔོན་ནི་རྣམ་པ་དྲུག་སྟེ། ནག་པོ་པས་དགྲ་ནག་གི་འགྲེལ་པར། དམ་ཆོས་ཀློག་དང་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་དཀྱིལ་འཁོར་ལས། །སློབ་དཔོན་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པ་ལྟར། དམ་ཆོས་ཀློག་པ་དང་། སྦྱིན་པ་དང་། འཆད་པར་བྱེད་པ་དང་། མན་ངག་སྟོན་པ་དང་། དབང་བསྐུར་བ་དང་། དཀྱིལ་འཁོར་ལས་རིམ་དང་དྲུག་གི་དབྱེ་བས་སློབ་དཔོན་གྱི་རྣམ་


CMR020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་དྲུག་ཏུ་གསུངས་པ་ལྟར་རོ། །སློབ་དཔོན་དུ་འགྱུར་མཚམས་ནི་ཤཱནྟི་པས། གང་ལ་སྔགས་གཅིག་དང་ཏིང་ངེ་འཛིན་གཅིག་ཙམ་སྟོན་པ་ལ་ཡང་སློབ་དཔོན་དུ་། འགྱུར་བར་གསུངས་པ་ལྟར་ཤེས་པར་བྱའོ། །མཚན་ཉིད་དངོས་ནི། བརྟག་གཉིས་ལས། རང་འདོད་ལྷ་མཉམ་རྣལ་འབྱོར་པས། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང་། སྡོམ་འབྱུང་ལས། དེ་ནས་རྡོ་རྗེ་སློབ་དཔོན་གྱི། །ཆོ་ག་འདི་ལས་ཡང་དག་བཤད་། །དཀྱིལ་འཁོར་ཞི་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། །བསྟན་བཅོས་རིག་ཅིང་སྙིང་རྗེ་ལྡན། །སྙན་པའི་ངག་སྨྲས་ཐམས་ཅད་ལ། །སེམས་ཅན་ཀུན་ལ་བུ་བཞིན་དུ། །རྟག་ཏུ་སྦྱིན་པ་སོགས་ལ་དགའ། །རྣལ་འབྱོར་སེམས་བརྟན་མངོན་པར་ཤེས། །བདེན་པར་སྨྲ་ཞིང་འཚེ་བ་མེད། །སྙིང་རྗེ་དང་ནི་ཕན་སེམས་ལྡན། །སེམས་ནི་མཉམ་ཉིད་ཕྱག་རྒྱུར་ལྡན། །སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སེམས་ཅན་བསམ་པའི་ཁྱད་པར་ཤེས། །མགོན་དང་བྲལ་བ་རྣམས་ཀྱི་གཉེན། །དབང་པོ་ཡོངས་སུ་རྫོགས་པའི་ལུས། །


CMR020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་སྡུག་པའི་གཟུགས་དང་ལྡན། །དབང་བསྐུར་དོན་གྱི་དེ་ཉིད་རིག །ཚིག་གསལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུན་དུ་གནས་བརྟན་པ། །དེ་ནི་སློབ་དཔོན་ཡིན་ཞེས་བྱ། །ཞེས་སོགས་མང་དུ་གསུངས་ཀྱང་། མདོར་བསྡུས་ན། བླ་མ་ལྔ་བཅུ་པ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་དུལ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ཉིད་བཅུ་ནི། ཡོ་ག་ལྟར་ན། སློབ་དཔོན་ཀུན་དགའ་སྙིང་པོས་དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དཀྱིལ་འཁོར་དང་སྔགས་དང་། ཕྱག་རྒྱ་དང་། བདག་དང་གནས་ལ་སོགས་པ་སྲུང་བ་དང་། ལྷ་རྣམས་སྤྱན་དྲངས་བའི་ཆོ་ག་དང་། བཟླས་བརྗོད་དང་། སྒོམ་པ་དང་། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །ཞེས་


CMR020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དཀྱིལ་འཁོར་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་དང་། ཕྱི་དང་ནང་གི་སྔགས་དང་། ལྷ་རྣམས་ལ་རྒྱས་འདེབས་པའི་ཕྱག་རྒྱ་བཞི་དང་། བདག་དང་གནས་དང་རྣལ་འབྱོར་སྲུང་བ་དང་། ཡེ་ཤེས་པ་རྣམས་བསྡུ་བ་སྤྱན་དྲངས་བ། རྡོ་རྗེ་དམ་ཚིག་དང་ཡིད་ཀྱི་བཟླས་པ་དང་། ཏིང་ངེ་འཛིན་ལ་སོགས་པའི་སྒོམ་པ་དང་། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་དོན་དུ་སྦྱིན་སྲེག་དང་། ཕྱག་རྒྱ་དཀྲོལ་བ་ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བ་ལ་སོགས་བཅུ་ཡིན་ལ། གསང་སྔགས་བླ་མེད་ལྟར་ན། གསང་བ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱི་ནང་དབྱེ་བ་ཤེས་པ་ཡིས། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་ལ་ཕྱི་ནང་གཉིས་བཤད་པའི་ཕྱི་ཡོ་ག་དང་ནང་བླ་མེད་ལ་བྱེད་ལ། དེ་དང་མཐུན་པར་དེ་ཉིད་བཅུ་ལའང་ཕྱི་ནང་གཉིས་སུ་བྱས་པའི་ཕྱི་ཡི་ནི། དཀྱིལ་འཁོར་ཏིང་ངེ་འཛིན་ནི་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱོར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །


CMR020_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་ནང་ངམ་གསང་བའི་ནི། །ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་བ་ཡི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱུད་དང་བསྟན་བཅོས་རྣམས་ལས། དེ་ཉིད་བཅུའི་རྣམ་གྲངས་དཔག་ཏུ་མེད་པར་གསུངས་པ་རྣམས་སོ། །ཞལ་ལ་བླ་མའི་སྐྱོན་ནི། དོན་དམ་བསྙེན་པ་ལས། མངོན་པར་དབང་བསྐུར་མ་གྱུར་ལམ་ནི་མ་ཐོབ་པར། །རྡོ་རྗེ་སློབ་དཔོན་གོ་འཕང་ཆེན་པོ་འདིར་བྱེད་དེ། །སྐྱེ་བོ་རྨོངས་པ་འདི་ལ་ཅི་ཞིག་དཔྱོད་པའོ། །ནོར་འདོད་སྙམ་པའི་མངོན་པར་དབང་ནི་སྐུར་བར་བྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། སྡུས་རྒྱུད་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ཆོ་འཕྲུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་


CMR020_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་སོ། །བཞི་པ་དབང་བསྐུར་གཞི་དཀྱིལ་འཁོར་གྱི་མཚན་ཉིད་ལ་བཞི་སྟེ། དབང་བསྐུར་བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པར་བསྟན་པ། དཀྱིལ་འཁོར་གྱི་སྒྲ་དོན། །དཀྱིལ་འཁོར་དེའི་རབ་ཏུ་དབྱེ་བ། དཀྱིལ་འཁོར་གྱི་རྣམ་གྲངས་གཞན་ཡང་བཤད་པའོ། །དང་པོ་ནི། དབང་གི་རིམ་པ་ཡང་དང་པོར་དཀྱིལ་འཁོར་དུ་བཅུག་ནས་ལྷ་ངོ་བསྟན་པ་མེད་པར་དབང་བསྐུར་ཙམ་བྱས་ན་སྒྲུབ་པ་བྱར་མི་རུང་སྟེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བ། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། དཀྱིལ་འཁོར་དག་དང་མི་ལྡན་ན། །སྔགས་ཀྱི་དངོས་གྲུབ་འགྲུབ་པ་མེད། །ཇི་ལྟར་རླུང་དང་བྲལ་བ་ཡི། །འགྲོ་དང་འོང་བ་ལ་སོགས་མེད། །ཅེས་དང་། རྡོ་རྗེ་གུར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དབང་བསྐུར་མེད་པའི་རྣལ་འབྱོར་པ། །གང་གིས་རབ་གནས་མ་མཐོང་ཞིང་། །གང་


CMR020_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྦྱིན་སྲེག་མ་བྱས་ན། །འཇིག་རྟེན་འདི་དང་གཞན་དུ་ཡང་། །དེ་ལ་དངོས་གྲུབ་མཆོག་ཉིད་མེད། །ཅེས་གསུངས་པས་དེས་ན་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་བསྟན་པ་ལ་དབང་བསྐུར་གྱི། མ་བཅུག་པ་ལ་བྱ་བར་གཏན་ནས་མི་རུང་བས་སྤང་བར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་སྒྲ་དོན་ནི། ཅིའི་ཕྱིར་དཀྱིལ་འཁོར་ཞེས་བྱ་ཞེ་ན། དེའི་སྐད་དོད་མཎྜལ་ལ་ཞེས་པའི་མ་ནུ་ས་ར་ནི་དཀྱིལ་ལམ་དབྱིངས་སམ་སྙིང་པོ་སྟེ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་། ལ་ནི་ལེན་པའམ་འཛིན་པ་སྟེ་སྙིང་པོ་བདེ་བ་ཆེན་པོ་ལེན་ཞིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པ་དཀྱིལ་འཁོར་ལོ་ཉིད། །འདུས་པས་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་དང་། གུར་ལས། སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་ཏེ། །ཞེས་དང་། ཁ་སྦྱོར་ལས། དངོས་པོ་ཀུན་གྱི་སྙིང་པོ་མཆོག །ལེན་ཞིང་གཅོད་པ་ཉིད་ཀྱི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །དཀྱིལ་འཁོར་ཡང་ནི་དཀྱིལ་འཁོར་ཉིད། །བྱང་ཆུབ་


CMR020_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་བདེ་ཆེན་པོ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་བརྗོད། །ཅེས་དང་། རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་།ཞེས་གསུངས་སོ། །གསུམ་པ་དཀྱིལ་འཁོར་གྱི་རབ་དབྱེ་ལ་བདུན་ཏེ། དཀྱིལ་འཁོར་བརྒྱད་དུ་དབྱེ་བ་དང་། བདུན་དུ་དབྱེ་བ། དྲུག་ཏུ་དབྱེ་བ། ལྔ་རུ་དབྱེ་། བཞི་རུ་དབྱེ་བ། གསུམ་དུ་དབྱེ་བ། གཉིས་སུ་དབྱེ་བའོ། །དང་པོ་ནི། ཀླུའི་བྱང་ཆུབ་ཀྱིས། སློབ་མའི་དོན་ཀུན་སྒྲུབ་པའི་ཕྱིར།་།དཀྱིལ་འཁོར་རྣམ་བརྒྱུད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་དང་། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་བརྒྱད་དུ་གསུངས་པ་དང་། གཉིས་པ་བདུན་དུ་དབྱེ་བ་ནི། རས་བྲིས། རྡུལ་ཚོན། བསམ་གཏན། ལུས་དཀྱིལ། བྷ་ག །ཀུན་རྫོབ་བྱང་སེམས། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དང་བདུན་དུ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་འགའ་ཞིག་གིས་གསུངས་པ་ལྟར་རོ། །གསུམ་པ་དྲུག་ཏུ་དབྱེ་བ་ནི། མངོན་བརྗོད་བླ་མ་ལས། ཡི་གེའི་དཀྱིལ་འཁོར་དང་


CMR020_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་འགོད་པ་བཞི་པའོ། །མེ་ཏོག་བཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདི་དག་བྲིས་ནས་ནི། །རྟག་ཏུ་སྒྲུབ་ཅིང་མཆོད་པར་བྱ། །ཞེས་དང་། བཞི་པ་ལྔ་རུ་དབྱེ་བ་ནི། ཤིན་ཏུ་ཟབ་པའི་མན་ངག་ལས། །དཀྱིལ་འཁོར་ལྔ་ལ་བསྡུས་ཏེ་བསྐྲུན། །ཞེས་ཏེ་ཕྱི་དབྱིབས་རྡུལ་ཚོན། ལུས་བྷ་ག །བྱང་ཆུབ་ཀྱི་སེམས། སྙིང་པོ་ཡེ་ཤེས། རླུང་གི་དཀྱིལ་འཁོར་དང་ལྔའོ། །ལྔ་པ་བཞིར་དབྱེ་བ་ནི། ཀླུ་བྱང་གིས་རིན་པོ་ཆེ་སོགས་རྡུལ་ཚོན་གྱི་རྒྱུའི་སྒོ་ནས་དབྱེ་བ་བཞི་དང་། མཚན་མའི་རྒྱུའི་སྒོ་ནས་དབྱེ་བ་སྟེ་ལྔ་དང་། ཨ་བྷི་དྷ་ནའི་བཞི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འདུས་པས་དེ་དང་། རས་བྲིས་ཡིད་དཀྱིལ་ལུས་དཀྱིལ་ཏེ་རྒྱུད་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་བཞི་ཁོ་ནའོ། །དྲུག་པ་གསུམ་དུ་དབྱེ་བ་ནི། དྲིལ་བུ་པས། འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་འགྱེད་རིམ་པར་བསྟན། །འགྲོ་བ་འདི་


CMR020_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱེད་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་བདག་ཉིད་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡིན་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་འགྲུབ་བྱེད། །ཅེས་དང་། བདུན་པ་གཉིས་སུ་དབྱེ་བ་ནི། སམ་བྷུ་ཊི་ལས། ཕྱི་ནང་བྱས་པའི་ནང་ཉིད་ཀྱི། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྐུ་ལ་སོགས། །དབང་པོ་རྣམས་ནི་འཇུག་པའོ། །ནང་གི་ཁུ་བ་བྱང་ཆུབ་སེམས། །གྲུབ་པའི་རྫ་ས་ནི་གནས་པའོ། །ཞེས་སོ། །བཞི་པ་དཀྱིལ་འཁོར་གྱི་རྣམ་གྲངས་གཞན་ཡང་བཤད་པ་ནི། གསང་སྔགས་རྙིང་མ་ནས་དཀྱིལ་འཁོར་བརྒྱད་བཤད་དེ། རྒྱུད་གསང་སྙིང་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་དང་། །ཞེས་གསུངས་སོ། །ལྔ་པ་


CMR020_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་སྤྱིའི་རྣམ་བཞག་མདོར་བསྡུས་པ་ལ་དྲུག་སྟེ། དབང་གི་ངོ་བོ། དབང་གི་སྒྲ་དོན། རྒྱུད་སྡེ་བཞི་སོ་སོའི་དབང་། དབང་བཞི་པའི་གྲངས་ངེས། བླ་མེད་ནང་གསེས་ཀྱི་དབང་གི་དབྱེ་བསྡུ། དབང་གི་གོ་རིམ་མོ། །དང་པོ་ནི། ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་ཞིག་གོ །གཉིས་པ་དབང་གི་སྒྲ་དོན་ནི། ཀུན་མཁྱེན་བུ་སྟོན་གྱིས། དུས་འཁོར་དཀྱིལ་ཆོག་ལས། དྲི་མ་འཁྲུད་ཕྱིར་བྱ་བ་ལ། །དབང་ཕྱིར་ནུས་པ་འཇོག་པའི་ཕྱིར། །འབྲས་ཐོབ་བྱེད་ཕྱིར་དཔྱོད་པ་དང་། །གྲོལ་བ་སྟེར་ཕྱིར་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་ལེགས་པར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་རྒྱུད་སྡེ་བཞི་སོ་སོའི་དབང་ལ་གཉིས་ཏེ། སོ་སོའི་དབང་གི་ངོ་བོ་བཤད་པ་དང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། དཔལ་ཡེ་ཤེས་ཐིག་ལེ་ལས། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་


CMR020_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱུད་དུ་གསལ་བར་བྱ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱས་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པ་ལས་ཤེས་པར་བྱ་སྟེ། དེ་ལ་རེ་ཞིག་བྱ་བའི་རྒྱུད་ལ་ཆུ་དབང་དང་དབུ་རྒྱན་གྱི་དབང་གཉིས་སུ་གསུངས་པ་ལས། ཆུ་དབང་ནི། གསང་བ་སྤྱི་རྒྱུད་ལས། མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པར་བྱས་ནས་སུ། །ཡིད་ཀྱིས་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཞིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །ཞེས་སོགས་ཤིན་ཏུ་གསལ་བར་གསུངས་པ་ལྟར། འཇམ་དཔལ་རྩ་རྒྱུད། དོན་ཞགས་ཆོ་ག་ཞིབ་མོ་། ཕྱག་རྡོར་རིག་པ་མཆོག་ལ་སོགས་པ་རིགས་སོ་སོའི་རྒྱུད་རྣམས་སུའང་གསལ་བར་འབྱུང་ལ། དབུ་རྒྱན་གྱི་དབང་ཞེས་པའི་མིང་གསལ་ཁ་ཅན་གྱི་བྱ་རྒྱུད་རང་རྐང་རྣམས་སུ་


CMR020_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་མོད། འོན་ཀྱང་ཕྱག་རྒྱ་བཅིངས་ནས་སྤྱི་བོར་གཏུག་པ་དེ་ཉིད་དབུ་རྒྱན་གྱི་དབང་ཡིན་དགོས་ཏེ། སྤྱི་རྒྱུད་ལས། བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། ཞེས་ཆུ་དབང་གསལ་བར་བསྟན་པའི་རྗེས་སུ།་དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་ཟློས་ནས་སྤྱི་བོར་གཏུག །གསང་སྔགས་རྒྱུད་ནི་འཛིན་གྱུར་པ། །བློ་དང་ལྡན་པས་དབང་བསྐུར་རོ་། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དང་པོར་རེ་ཞིག་རིག་པའི་དབང་བསྐུར་བ་སྦྱིན་ཏེ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་བཅིངས་དུས་གཞུག་པར་བྱའོ། །ཞེས་དང་། ཆོ་ག་ཞིབ་མོ་ལས། ཐལ་མོ་ལྷན་ཅིག་དམ་དུ་བྱས་ཏེ་མཁས་པས། པདྨའི་ཚུལ་དུ་བགྱིས་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཞེས་དང་། རིག་པ་མཆོག་ལས་ཀྱང་། རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་བཞིན་ནོ། །ཞེས་ཕྱག་རྒྱས་དབང་བསྐུར་བར་གསུངས་པ་རྣམས་ལས་རྣལ་འབྱོར་རྒྱུད་ཀྱི་རིག་པ་བཀའ་བབས་ནས་དབུ་རྒྱན་གྱི་དབང་དུ་འགྲུབ་པའི་ཕྱིར་རོ། སྤྱོད་པའི་རྒྱུད་ལས་རིག་པའི་དབང་ལྔ་


CMR020_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཚུལ་ནི། རྣམ་སྣང་མངོན་བྱང་ལས། ཆུ་དབང་། ཐུར་མ། མེ་ལོང་། ཆོས་འཆད་ཀྱི་རྗེས་གནང་གི་དོན་དུ་འཁོར་ལོ་དང་དུང་སྦྱིན་པ་ཙམ་ཞིག་ལས་མ་གསུངས་ཤིང་། དེའི་འགྲེལ་པར་དབུ་རྒྱན་ལ་སོགས་པའི་མིང་གསལ་བར་མ་བྱུང་མོད། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་ནི། དབང་ལྔ་གསལ་བར་བསྟན་ཏེ། །སྔོན་བྱུང་ལས། དེ་བཞིན་གཤེགས་པའི་འོད་ཟེར་ཕྱག་རྡོར་གྱི་སྤྱི་བོར་ནུབ་པ་ཆུའི་དབང་། རྡོ་རྗེ་ཆེན་པོ་རྒྱ་ཆེ་བའི་སྙིང་པོ་གསུངས་པ་སངས་རྒྱས་ཀྱི་འཁོར་ལོ་ཐམས་ཅད་དུ་ལག་ན་རྡོ་རྗེ་ཅོད་པན་ཅན་ཀུན་ཏུ་སྣང་ངོ་།་།ཞེས་པས་ཅོད་པན་གྱི་དབང་། རྡོ་རྗེ་ཐོགས་པ་མེད་པའི་སྙིང་པོས་རྡོ་རྗེ་ལག་ཏུ་བྱིན་པ་རྡོར་དྲིལ་གྱི་དབང་། སངས་རྒྱས་འཁོར་བཅས་ཐམས་ཅད་ཀྱིས་དེའི་ཚེ་ལག་ན་རྡོ་རྗེ་ཞེས་པ་མིང་གི་དབང་དང་། རྗེས་འཇུག་དཀྱིལ་འཁོར་གྱི་ཆོ་གའི་སྐབས་སུ་རིན་པོ་ཆེ་སྣ་བཞིའི་བུམ་པ་སོགས་ཀྱི་ཆུ་དབང་དང་། ལག་པ་པས་སུ་རྡོ་རྗེ་དང་གཡོན་དུ་འཁོར་ལོ་བཞག་ནས་སུ། ཞེས་སོགས་ཀྱི་ཕྱག་མཚན་གྱི་དབང་དང་། སློབ་མ་རྡོ་རྗེ་ཆོས་བརྗོད་ལ་ཞེས་པས་མིང་དབང་དག་རྗེས་གནང་གི་ཚུལ་དུ་


CMR020_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་སོ། །དེ་བཞིན་དུ་ཕྱག་རྡོར་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང་། སྡོམ་ལྡན་དབང་བསྐུར་རྣམ་ལྔ་བསྐུར། །བུམ་པ་དང་ནི་རྡོ་རྗེ་དང་། །དྲིལ་བུ་དབུ་རྒྱན་མིང་གི་དབང་། །ལས་ཀྱི་ཆོ་ག་ཇི་བཞིན་ནོ། །ཞེས་དབང་ལྔ་བསྟན་ཏོ། །ད་ནི་རྣལ་འབྱོར་རྒྱུད་ཀྱི་དབང་གི་གྲངས་གསུངས་པའི་རྩ་ཚིག་ཀྱང་དཀྲོལ་བར་བྱ་སྟེ། ཡེ་ཤེས་ཐིག་ལེའི་འགྲེལ་པར། དེ་ནི་དྲུག་གི་བྱེ་བྲག་དབང་། །ཞེས་པ་སྔར་གྱི་ཆུ་དབང་སོགས་ལྔའི་སྟེང་དུ་སློབ་དཔོན་གྱི་དབང་དང་དྲུག་ལ་བཤད་ཀྱང་། སློབ་དཔོན་གྱི་ཉིད་ལ་དྲུག་ཚང་བ་རྒྱུད་ཀྱི་དགོངས་པར་བྱེད་དགོས་ཏེ། དེ་ཉིད་ལས། བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཅེས་ཆུ་དབང་ནས་དབང་བཞི་པའི་བར་ལ་དབང་བཅུ་བཞི་ཡོད་པར་བཤད་ཅིང་། དེ་ལྟར་ན་སློབ་དཔོན་གྱི་དབང་ཚུན་ལ་བཅུ་གཅིག་ཏུ་བཞག་དགོས་སོ། །ཇི་ལྟར་ན་རྣལ་འབྱོར་གྱི་རྒྱུད་དུ་སློབ་དཔོན་གྱི་དབང་ངོ་བོ་དྲུག་ཅེས་བྱ་ཞེ་ན། ཕྱིར་མི་ལྡོག །གསང་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་ཅེས་བྱ་བ་དྲུག་ཏུ་སྔོན་གྱི་ཡོ་ག་བ་ཆེན་པོ་རྣམས་ཀྱིས་བཞེད་དོ། །གཉིས་པ་དེ་ལ་རྩོད་པ་


CMR020_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་ནི། ཁ་ཅིག་ན་རེ། དེ་ནི་དཀྱིལ་འཁོར་གྱི་ཕྱིའི་འཇུག་སྒོའི་བུམ་པ་དང་། དཀྱིལ་འཁོར་གཉིས་པར་ལྷ་ཐམས་ཅད་ཀྱི་བུམ་པ་དང་། གསུམ་པ་ཉན་རང་གི་བུམ་པ་དང་། བྱང་སེམས་ཀྱི་བུམ་པ་དང་། སངས་རྒྱས་ཀྱི་བུམ་པ་རྣམ་རྒྱལ་ཏེ་ཆུ་དབང་ལན་ལྔ་བསྐུར་བ་ལ་དགོངས་པ་ཡིན་པས་སྐྱོན་མེད་དོ། །བཞི་པ་དབང་བཞིའི་གྲངས་ངེས་ནི། གསང་སྔགས་བླ་ན་མེད་པ་ལ་བཞིར་གྲངས་ངེས་པ་ཡིན་ཏེ།་སྦྱང་གཞི་དཀྱིལ་འཁོར་བཞི། སྦྱང་བྱ་དྲི་མ་བཞི། སྦྱོང་བྱེད་ལམ་བཞི། སྦྱངས་འབྲས་སྐུ་བཞི་དང་། གཞན་ཡང་གནས་སྐབས་བཞི། འདོད་ཆགས་བཞི། དགའ་བ་བཞི། རྡོ་རྗེ་བཞི་རྣམས་སུ་གྲངས་ངེས་པའི་ཕྱིར་རོ། །ལྔ་པ་བླ་མེད་ནང་གསེས་ཀྱི་དབྱེ་བསྡུ་ལ་གཉིས་ཏེ། དབྱེ་བ་དང་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བཅུ་བཞིར་དབྱེ་བ་དང་། བཅུ་གཅིག་ཏུ་དབྱེ་བའོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ཡི་དབྱེ་བ་ནི། །དང་པོའི་དབང་ནི་གཙོར་བསྟན་ཏེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་


CMR020_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུ་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ལ་དང་པོ་བཅུ་གཅིག་ནི་རིག་པའི་དབང་ལྔ། སྔགས་ཀྱི་དབང་། ཕྱིར་མི་ལྡོག་པ་དངོས་གཞི་སྟེ་བདུན་གྱི་སྟེང་དུ། བརྟུལ་ཞུགས། ལུང་བསྟན། དབུགས་དབྱུང་། རྗེས་གནང་དང་བཅས་པ་བཅུ་གཅིག་གོ །གཙོ་བོ་སྟེ་བུམ་དབང་གི་དབྱེ་བར་བྱས་ནས། གསང་དབང་། །ཡང་དག་སྦྱོར་ཏེ་ཤེར་དབང་། བཞི་པ་དོན་དམ་གྱི་དང་བཅུ་བཞིར་མཛད་དོ། །འདི་ལ་ཁ་ཅིག་གི་བཞེད་པར། ཕྱིར་མི་ལྡོག་ཡན་གྱི་བདུན་གོང་བཞིན་ལ། དེ་སྟེང་ལུང་བསྟན་དབུགས་དབྱུང་གཅིག་ཏུ་བྱས་ནས་རྡོ་རྗེའི་བརྟུལ་ཞུགས། སྤྱོད་པའི་བརྟུལ་ཞུགས། རྗེས་གནང་རྣམས་བསྣན་པའི་བཅུ་གཅིག་ཏུ་མཛད་དོ། །གཉིས་པ་བཅུ་གཅིག་ཏུ་དབྱེ་བ་ལ་གཉིས་ཏེ། བུམ་དབང་བརྒྱད་དུ་ཕྱེ་ནས་གོང་མ་གསུམ་དང་བཅུ་གཅིག་ཏུ་དབྱེ་བ་དང་། བྱིས་པ་འཇུག་པའི་དབང་བདུན་གོང་མ་བཞི་དང་བཅས་ཏེ་བཅུ་གཅིག་ཏུ་མཛད་


CMR020_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི། གུར་ལས། དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ལ་ནི་ཅོད་པན་དབང་། །གསུམ་པ་རྡོ་རྗེའི་དབང་གིས་སོ། །བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་ལ་ནི་མིང་དབང་བསྐུར། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་གསང་བའི་དབང་ཡིན་ནོ། །དགུ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ཉིད་རྡོ་རྗེ་སྦྱོར་བ་ཡིས། །བརྟུལ་ཞུགས་ཐམས་ཅད་བྱིན་ནས་སུ། །བདག་ཉིད་སྟོན་པར་ལུང་བསྟན་བྱ། །ཆོ་ག་དེ་ལྟར་ཁྱོད་ལ་བཤད། །ཅེས་གསུངས་པའི་དོན་རིག་དབང་ལྔ། །རྫོགས་པའི་སངས་རྒྱས་ནི་ཕྲེང་བའི་དབང་དུ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་གུར་འགྲེལ་དུ་བཤད་པས་དེ་དང་དྲུག །བདུན་པ་བུམ་དབང་ནི། །མ། ཕྱིར་མི་ལྡོག་ཡིན་པས་དེ་དང་། རྗེས་སུ་བཤད་པའི་བརྟུལ་ཞུགས་འདིར་བླངས་པས་བུམ་དབང་བརྒྱད། གོང་མ་གསུམ་དང་། བཅུ་གཅིག་ཏུ་མཛད་དོ། །གཉིས་པ་བྱིས་པ་འཇུག་པའི་དབང་བདུན་གོང་མ་ལ་བཞི་དང་བཅས་ཏེ་བཅུ་གཅིག་ཏུ་མཛད་པ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་རྟོགས་དགོས་པས། དེ་ལ་བརྟེན་ཏེ་ཅུང་ཟད་བཤད་ན། 


CMR020_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོས་གསུངས་པ། བདུན་དང་བཅུ་དང་བཅུ་གཅིག་ལ་སོགས་པ། །དང་པོའི་སངས་རྒྱས་རྒྱུད་ཆེན་དང་། །འབུམ་ཕྲག་ལྔ་སོགས་རྒྱུད་ཆེན་རྣམས། །གང་ཡིན་དེ་འདིར་བསྡུས་པ་ཙམ། །དེ་བས་ན་དབང་བདུན་དང་བཞི་དང་བཅུ་གཅིག་ལ་སོགས་པའི་གོ་རིམ་དང་དགོས་པ་རྣམ་པར་དག་པ་རྒྱུད་ཆེན་པོ་དེ་དག་ན་གསལ་ལ། ཞེས་གསུངས་ཤིང་། དེ་དག་ཏུ་ཇི་ལྟར་གསལ་ན་རེ་ཞིག་དང་པོའི་སངས་རྒྱས་ལས། ཟླ་བ་བཟང་པོས་ཡང་གསོལ་བ། །སྟོན་པ་དབང་བསྐུར་རྣམ་བདུན་དང་། །རྣམ་གསུམ་དེ་བཞིན་བླ་ན་མེད། །འཇིག་རྟེན་འཇིག་རྟེན་འདས་བསྒྲུབ་ཕྱིར། །མདོར་བསྡུས་པ་ཡིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཟླ་བཟང་དབང་བསྐུར་ཟདོན། །རྣམ་པ་བདུན་དང་རྣམ་གསུམ་མཆོག །མདོར་བསྟན་པ་ཡིས་ཁྱོད་ལ་བཤད། །ཅེས་གསུངས་པར་ཞལ་གྱིས་འཆེས་ནས་གསུངས་པ་ནི། དང་པོ་དབང་བསྐུར་བདུན་པ་གོང་། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱི། །དམ་པའི་དོན་གྱི་བཞི་པའོ། །ཞེས་དབང་བཅུ་གཅིག་གི་གྲངས་དང་གོ་རིམ་གསུངས་


CMR020_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཉིས་པ་བསྡུ་བ་ལ་གཉིས་ཏེ། དབང་བཞིར་བསྡུ་བ་དང། དབང་གཉིས་སུ་བསྡུ་བའོ། །དང་པོ་ནི། ཀྱེའི་རྡོ་རྗེ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས། དབང་ནི་རྣམ་པ་བཞི་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །གཉིས་པ་དབང་གཉིས་སུ་བསྡུ་བ་ནི། གོང་དུ་བརྗོད་པའི་དབང་བཞི་པོ་དེ་ཡང་བསྡུ་ན་གཉིས་སུ་འདུས་ཏེ། དང་པོའི་སངས་རྒྱས་ལས། རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱི། །དམ་པའི་དོན་གྱི་བཞི་པའོ། །ཞེས་གསུངས་པ་ལྟར་སྔ་མ་གསུམ་ཀུན་རྫོབ་དང་། བཞི་པ་དོན་དམ་དུ་བཞག་པ་གཉིས་སུའོ། །ཡང་ན་ཀྱེ་རྡོར་འབུམ་ལྔ་མ་ལས། འཇིག་རྟེན་འཇིག་རྟེན་འདས་དབྱེ་བས། །དབང་ནི་རྣམ་པ་གཉིས་སུ་འདོད། །འདོད་པའི་འབྲས་བུ་རྣམ་པ་གཉིས། །གཞི་འདི་ལས་ནི་འབྱུང་བར་བཤད། །ཅེས་གསུངས་པ་ལྟར་རོ། །འབྲས་བུའི་ཁྱད་པར་གྱིས་སྔ་མ་གསུམ་ལ་འཇིག་རྟེན་པའི་དབང་དང་བཞི་པ་ལ་འཇིག་རྟེན་ལས་འདས་པའི་དབང་དུ་བཞག་པ་ལྟར་གཉིས་སུ་འདུའོ། །དྲུག་


CMR020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་བཞི་པོའི་གོ་རིམ་ནི། གསང་འདུས་རྒྱུད་ཕྱི་མ་ལས། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ངེས། །ཞེས་དང་། སམྦུ་ཊི་ལས། དབང་དེ་ཡང་ནི་རྣམ་པ་བཞི། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་ལ་ནི་གསང་དབང་ངོ་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ནི་དེ་བཞིན་ཡང་། །ཞེས་འབྱུང་བ་སོགས་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་ནས་དབང་བཞི་སྔ་ཕྱིའི་གོ་རིམ་འདི་ལྟར་ངེས་པ་ཅན་དུ་གསུངས་པ་ཡིན་ནོ། །དྲུག་པ་དབང་བསྐུར་བའི་ཆོ་གའི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྦྱོར་བའི་ཆོ་ག །དངོས་གཞི་ཆོ་ག །རྗེས་ཀྱི་ཆོ་གའོ། །དང་པོ་ལ་བཞི་སྟེ། །སློབ་མ་ཡོངས་བཟུང་། བསྙེན་པ་བྱ་ཚུལ། སའི་ཆོ་ག །སྟ་གོན་གྱི་རྣམ་བཞག་གོ །དང་པོ་ལ་གཉིས་ཏེ། སློབ་མས་གསོལ་བ་གདབ་པ་དང་། སློབ་དཔོན་གྱིས་རྗེས་སུ་བཟུང་བའོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས། སླར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར། །སློབ་མ་ཡིས་ནི་བླ་མ་ལ། །ཡང་དང་ཡང་དུ་གསོལ་བར་བྱ། །ཞེས་དང་། 


CMR020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལུགས་ཀྱང་སམྦུ་ཊི་ལས། སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་པས་བཙུགས་ནས་སུ། །ཐལ་མོ་སྦྱར་ཏེ་འདི་སྐད་དུ། །སྟོན་པ་ལ་ནི་ཞུ་བར་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། མདུན་དུ་དུལ་བར་འདུག་པ་དང་། །གོས་སོགས་ཚུལ་ནི་བསྡོམ་པ་དང་། །པུས་བཙུགས་ཐལ་མོ་སྦྱར་བ་ནི། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར་སློབ་མས་ཕྱག་དང་མཎྜལ་ཕུལ་ཞིང་། པུས་བཙུགས་ཐལ་མོ་སྦྱར་ནས། རྡོ་རྗེ་སློབ་དཔོན་ལ་འདི་ཞེས་བྱ་བའི་དབང་བསྐུར་བསྩལ་དུ་གསོལ་ཞེས་སམ། ཡང་ན་པྲཛྙཱ་རའི་ཏས། ཐམས་ཅད་མཁྱེན་པ་སྟོན་པ་པོ། །འཇིག་རྟེན་གསུམ་གྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །རྡོ་རྗེའི་སློབ་མ་མཛད་དུ་གསོལ། །ཞེས་པ་ལྟ་བུའི་ཚིག་གསོལ་བ་ལན་གསུམ་གདབ་བོ། །གཉིས་པ་སློབ་དཔོན་གྱིས་རྗེས་སུ་བཟུང་བ་ནི། གང་ཟག་དབང་པོ་ཡང་རབ་ཅིག་ཆར་བའི་རིགས་ཡིན་ན། དང་པོ་ཉིད་ནས་སྨིན་བྱེད་ཀྱི་དབང་བསྐུར་ཆོག་ཅིང་། རིམ་གྱིས་པའི་རིགས་ཅན་ཡིན་ན། བརྟག་གཉིས་ལས། 


CMR020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་ཙམ། །སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟ་བུའི་ལམ་གྱི་རིམ་པས་བློ་སྦྱོང་ཞིང་སེམས་བསྐྱེད་ལ། གདོད་རྗེས་སུ་བཟུང་ངོ་། །ཁ་གྲངས་ཀྱང་། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བར་མི་ཤིས་སོ། །ཞེས་གསུངས་པ་ལ་བརྟེན་ནས། ས་སྐྱ་པཎྜི་ཏས། རྒྱུད་སྡེ་བཞི་ཆར་ལ་འདི་ལྟའི་གྲངས་ངེས་བཞེད་ཀྱང་། དེ་ནི་མ་ཡིན་ཏེ། །འདི་ཉིད་ལས། འཇིག་རྟེན་དག་ལ་བརྩེ་ཕྱིར་ངས། །རྣམ་པར་གནོན་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་འདི་ནི་


CMR020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བཤད་དོ། །ཞེས་གསུངས་པས། རྒྱུད་འདི་རྣམ་གནོན་སོགས་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་སྤྱི་རྒྱུད་ཡིན་པས་སོ། །དེ་ལྟར་མིན་པར་དབང་བསྐུར་ཐམས་ཅད་ལ་འདི་ལྟར་གྲངས་ངེས་དགོས་ན། རྒྱུད་སྡེ་གོང་མར་མ་ཟད། བྱ་རྒྱུད་རང་དང་ཡང་འགལ་བ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སློབ་མ་རྗེས་སུ་བཟུང་བར་བྱ་བ་ལ། སློབ་མ་དབང་པོ་ཚང་ཞིང་སྡོམ་པ་ལ་གནས་པ་སེམས་བསྐྱེད་པ། གཙང་སྦྲ་ལ་གནས་པ། གཅིག་ནས་བརྒྱད་ཀྱི་བར་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཧ་ཅང་མི་རིང་བར་བཞག་པར་བྱའོ། །ཞེས་གཅིག་ནས་བརྒྱད་ཀྱི་བར་གྱི་སློབ་མ་བཟུང་བར་བཤད་པ་དང་། སློབ་དཔོན་གྱི་དབང་ལ་ལྔ་ལས་ལྷག་པ་མི་བཟུང་བའིཕྱིར་རོ། །གཞན་ཡང་། རྣམ་སྣང་མངོན་བྱང་ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་


CMR020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །དཔྱད་མི་དགོས་པ་བཟུང་བར་བྱ། །ཞེས་སོགས་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྱི་ཟུང་དུ་མ་གྱུར་པའི་གྲངས་ངེས་དང་མི་མཐུན་པ་དཔག་ཏུ་མེད་པར་གསུངས་པ་དང་། །དྲི་མེད་འོད་དུ། རིགས་ལྡན་གྲགས་པས། ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བར་བཤད་པས་གོང་དུ་བརྗོད་པའི་བྱ་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་ལས་གཞན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དུ་འཇུག་པ་ལ། དེ་ལྟའི་གྲངས་ངེས་བྱེད་པ་ནི་བསྟན་པ་བཤིག་པ་སྙད་ཀར་ཟད་དོ། །རྗེས་སུ་བཟུང་བ་དང་དབང་བསྐུར་སོགས་ཀྱི་དུས་ཀྱང་། སྤྱི་རྒྱུད་ལས། ཡང་དག་ཞི་བའི་སེམས་ཀྱིས་ནི། །དུས་དང་ཚེས་གྲངས་ཞི་བ་ལ། །སྔགས་ཀྱི་སྤྱན་འདྲེན་བྱེད་པ་ནི། །བསམ་པའི་དངོས་གྲུབ་ཐོབ་པར་འགྱུར། །ཅེས་དང་། བཟང་པོ་དག་ལ་ལས་བརྩམ་སྟེ། །བཟང་པོ་མིན་ལ་བརྩམ་མི་བྱ། །མི་བཟང་བ་ལ་བརྩམས་པའི་ལས། །གང་དུ་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་པས་དུས་བཟང་ངན་ལ་ཕན་ཡོན་དང་ཉེས་དམིགས་དེ་ལྟར་ཡོད་པར་བཤད་ནས་བཟང་པོ་ལ་བྱ་བར་གདམས་


CMR020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཟླ་བ་ནི། སྟོན་ཟླ་འབྲིང་པོའི་ཉ་ནས་ནི། །དཔྱིད་ཟླ་ཐ་ཆུང་ཉ་ཡི་བར། །འདི་ཡི་བར་དུ་མཁས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །བགེགས་ཀྱི་དཀྱིལ་འཁོར་ནང་བཅད་དང་། །དེ་བཞིན་སྒྲུབ་པའི་དཀྱིལ་འཁོར་དག །དཔྱད་མི་དགོས་པར་དབྱར་ཡང་ནི། །མཁས་པས་དུས་སུ་བྲི་བར་བྱ། །ཞེས་དབང་གི་དཀྱིལ་འཁོར་ཟླ་བ་བདུན་ལ་བྱ་བར་བཤད་ཅིང་། དཀྱིལ་འཁོར་གཞན་དབྱར་སོགས་ཀྱང་བྱ་རུང་བར་བསྟན་པ་དང་། ཚེས་ནི། ཟླ་བ་ཉའམ་བཅུ་གསུམ་མམ། །ཚེས་བརྒྱད་དག་གམ་བཅུ་བཞིའམ། །ཚེས་བཅུ་དག་གམ་བཅུ་གཅིག་གམ། །ཡང་ན་ཡར་གྱི་ཚེས་གཅིག་གམ། །ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཡང་ན་ཚེས་གྲངས་གསུམ་ཡང་རུང་། །ཉི་མ་བཅུ་པོ་འདི་དག་ལ། །དཀྱིལ་འཁོར་རབ་ཏུ་བསྒྲིམས་ཏེ་བྲི། །ཞེས་སྤྱིར་དུ་ཡར་ངོས་ཉི་མ་བཅུ་ཤིས་པར་བཤད་པ་དང་། གཟའ་ནི་ཕུར་བུ་དང་ནི་ཟླ་བ་དང་། །པ་སངས་དང་ནི་ཉི་མ་བཟང་། །གཞན་ལ་རབ་ཏུ་དྲག་པོ་འམ། །ལས་ནི་ཀུན་ཀྱང་བརྩམ་པར་བྱ། །ཞེས་གཟའ་བདུན་ལ་དབང་བསྐུར་བ་དང་། དེ་ལས་


CMR020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་ལ་དྲག་ལས་སོགས་བྱེད་པར་གསུངས་པ་དང་། སྐར་མ་ནི། རྒྱལ་དང་སྐག་དང་ས་ག་དང་། །མེ་བཞི་ནག་པ་ཐ་སྐར་དང་། །སྣོན་ལ་སོགས་པ་དེ་དག་ནི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །དེ་ལ་སོགས་པ་ཞི་བ་དང་། །རྒྱུ་སྐར་དག་ནི་བཟང་པོ་ལ། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །དྲག་པོ་ལ་ནི་དྲག་པོ་བྲི། །ཞེས་སྐར་མ་བདུན་སོགས་ལ་དབང་གི་དཀྱིལ་འཁོར་དང་། གཞན་ལ་དྲག་པོའི་དཀྱིལ་འཁོར་སོགས་བྱ་བར་གསུངས་པ་སྟེ་སྤྱི་རྒྱུད་ལས་འབྱུང་བ་ལྟར་རོ། །གཉིས་པ་བསྙེན་པ་བྱ་ཚུལ་ནི། སྤྱིར་བསྙེན་པའི་སྒྲ་ཙམ་ནི་རིམ་པ་གཉིས་ཀ་ལ་བརྗོད་དུ་རུང་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་པའོ། །བྱེ་བྲག་ཏུ་དབང་བསྐུར་རུང་གི་བསྙེན་པ་ཡང་། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་


CMR020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་དང་། ཨ་བྷ་ཡཱ་ཀ་རས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་དུ་བསྙེན་པ་ཚོགས་གསོག་ཅིང་། །བགེགས་ནི་རྣམ་པར་སྙམ་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །ཅེས་གསུངས་པས་བསྙེན་པ་མ་སོང་བར་དབང་སོགས་ལ་འཇུག་པ་ནི་ཉེས་པ་ཆེ་ལ། དེ་ལ་བསྙེན་པ་ནི། གྲངས་དུས་མཚན་མ་གསུམ་དང་། དེ་རེ་རེ་ལ་ཡང་རབ་འབྲིང་ཐ་གསུམ་ལས། དང་པོ་གྲངས་བསྙེན་ནི། བརྟག་གཉིས་ལས། འཁོར་ལོའི་བདག་པོས་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གསུངས་པས། རབ་གཙོ་བོ་འབུམ། འཁོར་ཁྲི། འབྲིང་གཙོ་བོ་ཁྲི།་འཁོར་སྟོང་། ཐ་མ་གཙོ་བོ་སྟོང་། འཁོར་བརྒྱའོ། །འདི་ལ་དེང་སང་ཕལ་ཆེ་བ་དག །སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །ཉིས་འགྱུར་སུམ་ལྡན་ལ་བཟླས་བྱ། །སུམ་འགྱུར་ཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པས། རྩོད་ལྡན་དུས་འདིར་བཞི་འགྱུར་དུ་བཟླ་དགོས་པར་བཞེད་མོད། དེ་མིན་ཏེ།


CMR020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དེའི་དོན། རྫོགས་ལྡན་ལ་གཅིག་བཟླས་པའི་སུམ་ལྡན་སོགས་ལ་བཟླས་ན་ཉིས་འགྱུར་སོགས་ཀྱི་ཕན་ཡོན་འབྱུང་བར་སྟོན་པ་ཡིན་ནོ། །དེ་ལྟར་མིན་ན་དགེ་པོ་ཐམས་ཅད་སྙིགས་དུས་སུ་འགྱུར་ཆེ་བ་ཡང་། ཧེ་རུ་ཀ་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་གཟུགས་བྱས་ནས། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་སོགས་འབྱུང་བ་ལྟར་། གསང་སྔགས་དང་ཁྱད་པར་དུ་བླ་མེད་དུས་བཞིའི་ནང་ནས། རྩོད་དུས་སུ་འགྲུབ་པར་ཤས་ཆེ་བར། རྒྱུད་རྣམས་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་དུས་ཀྱི་བསྙེན་པ་ནི། བརྟག་གཉིས་ལས། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རབ་ཟླ་བ་དྲུག །འབྲིང་ཟླ་གསུམ། ཐ་མ་ཞག་བདུན་ནོ། །གསུམ་པ་མཚན་མའི་བསྙེན་པ་ནི། རབ་ཡི་དམ་གྱི་དངོས་སུ་གནང་བ་སྦྱིན་པ་དང་། རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་ནུས་པ། འབྲིང་བདུད་རྩི་ཁོལ་བོ་དང་དུ་བ་ལ་སོགས་པའི་རྟགས་མཐོང་བ། ཐ་མ་སེམས་དག་པ་དང་རྨི་ལམ་དུ་གནང་བ་ཐོབ་པའོ། །དེ་ཡང་མཚན་མའི་བསྙེན་པ་གསུམ་དང་གྲངས་དུས་ཀྱི་རབ་གཉིས་ཏེ་ལྔས་


CMR020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བསྙེན་གྱི་གོ་ཆོད་ལ། གཞན་བཞི་ནི་བསྙེན་པ་ཁ་གསོ་ཙམ་མོ། །གསུམ་པ་སའི་ཆོ་ག་ལ་དྲུག་སྟེ། ས་བརྟག་པ། ས་བསླང་བ། ས་སྦྱངས་བ། ས་བཟུང་བ། སྲུང་ཞིང་བྱིན་གྱིས་བརླབས་པ། གནས་དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པའོ། །དེ་ལ་དང་པོ་ལྔ་ནི། རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོ་སོའི་ཆོག་སྒྲིག་ལས་ཇི་ལྟར་བཤད་པ་བཞིན་བྱའོ། །དྲུག་པ་གནས་དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པ་ནི། དཀྱིལ་འཁོར་ཁང་པ་རྙིང་པ་སོགས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་། རས་བྲིས་དང་ལུས་དཀྱིལ་ལ་ས་ཆོག་འདི་རྣམས་དགོས་སམ་མི་དགོས་ཞེ་ན། སྤྱི་རྒྱུད་ལས། དྲང་སྲོང་གནས་དང་བ་གླང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐད་པ་དང་། །ཁང་ཐོག་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱངས་དང་བརྟོག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་


CMR020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་གསུངས་པའི་གནས་དེ་རྣམས་སུ་བརྐོས་ནས་སྦྱང་བ་དང་། ས་བརྟག་པ་དང་། བཅག་པ་དང་། ཤར་བྱང་དམའ་བ་ལ་སོགས་པའི་མཐོ་དམན་ལ་དོགས་པ་མི་དགོས་པར་གསུངས་མོད། སྦྱང་མི་དགོས་པ་ནི་བརྐོས་ནས་སྦྱང་བ་སོགས་ཡིན་གྱི། གཏན་ནས་སྦྱང་མི་དགོས་པ་ནི་མ་ཡིན་ནོ། །རས་བྲིས་ལ་ནི་ས་བརྟག་བསླང་སྦྱང་བ་རྣམས་མི་དགོས་ལ། ལྷའི་གཟུགས་ཀྱིས་བགེགས་ལ་བཀའ་བསྒོ་བ་དང་། ཕུར་བུས་གདབ་པ་དང་། སྲུང་འཁོར་སྒོམ་པ་རྣམས་བྱའོ། །ཡིད་དཀྱིལ་ལ་ནི་དེ་ཐམས་ཅད་ཡིད་ཀྱིས་བྱས་པས་རུང་ལ། ལུས་དཀྱིལ་ལ་ནི་གོང་མའི་ཕྱག་ལེན་ཁོང་ཐུབ་རྣམས་སུ་མི་འབྱུང་བས་མི་དགོས་སོ། །བཞི་པ་སྟེ་གོན་གྱི་རྣམ་བཞག་ལ་གསུམ་སྟེ། སྟ་གོན་སྤྱིའི་རྣམ་བཞག །ལག་ལེན་གྱི་རིམ་པ། དཀྱིལ་འཁོར་གཞན་གྱི་སྟ་གོན་བཤད་པའོ། །དང་པོ་ནི། སྟ་གོན་ཞེས་པ་དངོས་གཞིའི་ཆོ་གའི་ཉེར་སྡོགས་ཡིན་པས་སོ། །ཡང་ན་འོག་ཏུ་དགོས་པའི་ཡོད་བྱད་གོང་དུ་འཚོགས་ཆེས་བྱེད་པའི་དོན་ཏེ། དངོས་གཞིའི་སྐབས་སུ་དཀྱིལ་འཁོར་བྲི་བ་སོགས་ལ་


CMR020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དགོས་པས་དེ་འཚོགས་ཆས་བྱེད་པ་སྟ་གོན། དཀྱིལ་འཁོར་སྒྲུབ་ཚེ་སྙན་གསན་ཕབ་པའི་ཡེ་ཤེས་པ་དགོས་པས་ལྷ་སྟ་གོན། ཚུལ་བཞིན་སྒྲུབ་པའི་་བུམ་ཆུ་དགོས་པས་བུམ་པ་སྟ་གོན། དཀྱིལ་འཁོར་དུ་འཇུག་རུང་གི་སློབ་མ་དགོས་པས་སློབ་མ་སྟ་གོན་ནོ། །གོ་རིམ་ཡང་དང་པོ་གཉིས་ནི་ས་ལ་དབང་བྱེད་པ་དང་། དེ་ལ་ལོངས་སྤྱོད་པས་འདི་ལྟར་ངེས་ལ། ཕྱི་མ་གཉིས་ལ་ནི་གོ་རིམ་ངེས་པ་མེད་དོ། །གཉིས་པ་ལག་ལེན་གྱི་རིམ་པ་ལ་གཉིས་ཏེ། ས་ཆོག་དང་སྦྲེལ་ནས་བྱ་བའི་ལུགས་དང་། ས་ཆོག་མི་དགོས་པར་བྱ་བའི་ལུགས་སོ། །དང་པོ་ནི། སྤྱི་རྒྱུད་ལས། རྣམ་དཔྱད་དང་པོས་ས་གཞི་གཟུང་། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ལ་འཇུག་པ་ཤེས། ཞེས་གསུངས་པ་ལྟར། ནུབ་དང་པོ་ས་ཆོག་བྱས་ནས་ལྷའི་རྣལ་འབྱོར་རྒྱས་པ་དང་། སྔ་དྲོ་བྱས་པའི་དེ་མ་ཐག་བྱེད་ན་གང་དུ་བྱ་བའི་གནས་དེར་ཐིག་ཆེན་བརྒྱད་ཙམ་བཏབ༔ འོག་ནས་འཆད་འགྱུར་གྱི་མཆོད་གཏོར་རྒྱས་པར་བཤམ། བདག་གི་རྣལ་འབྱོར་དྲན་ཙམ་གྱིས་ཆོག་གི་བདག་བསྐྱེད་རྒྱས་པར་མི་དགོས། དེ་ནས་དཀྱིལ་འཁོར་གྱི་


CMR020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་ཚོམ་བུ་ལྔ་བཀོད་དེ་ས་ལྷ་སྤྱན་འདྲེན་པའམ། ནམ་མཁར་བཏེག་ནས་ཕབ་སྟེ་གསལ་གདབ་མཆོད་གཏོར་མཁྱེན་གསོལ་རྣམས་ས་ཆོག་བཞིན་བྱས་ལ་བཛྲ་མུས་ས་དེ་ཉིད་ལ་ཐིམ་པར་བསམ། ཚོམ་བུ་དང་མཆོད་གཏོར་དམན་པ་རྣམས་བསལ། ལྷའི་གནས་སུ་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད་ལ། ས་ཆོག་དུས་ནམ་མཁར་བཏེག་པའི་དཀྱིལ་འཁོར་ཕབ་སྟེ་རྟེན་བརྟེན་པར་བཅས་གསལ་བཏབ་སྟེ་མཆོད་པ་ནས་སྙན་གསན་བར་སྟ་གོན་དང་། བུམ་པ་སློབ་མ་སྟ་གོན་རྣམས་འོག་ནས་འབྱུང་བ་ལྟར་ཡོངས་རྫོགས་བྱའོ། །གཉིས་པ་ས་ཆོག་མི་དགོས་པར་བྱེད་པའི་ལུགས་ལ་ལྔ་སྟེ། ཡོ་བྱད་འཚོགས་ཆས་སྔོན་འགྲོ་རྣམ་གསུམ། བདག་བསྐྱེད་སྒོམ་པ།་སྟ་གོན་དངོས་གཞི་། རྗེས་ཀྱི་ཆོ་གའོ། །དང་པོ་ནི། དཀྱིལ་འཁོར་གྱི་ཁང་པ་བྱི་དོར་བྱས་ལ་ས་གཟུང་དུ་བསྟན་པ་བཞིན་རྟེན་མཆོད་བཀྲམ། ཐིག་ཆེན་བརྒྱད་གདབ་ལ། རྩིག་པའི་ནང་ཕན་སྟོང་པར་བཞག་པའམ། སྟ་གོན་ཟིན་མ་ཐག་དཀྱིལ་འཁོར་འབྲི་ན་འདིར་ཐིག་རྫོགས་པར་གདབ་སྟེ། ཕྱག་ལེན་ཡང་འདི་བདེའོ། །མཆོད་པ་བཤམ་ཚུལ་དེའི་ཕྱི་རོལ་དུ་


CMR020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ར་འཁོར་ཡུག་ཏུ་བཤམ། འབྱོར་པ་ཆེ་ན་ཚད་མེད་ལ་ཆུང་ན་ཆུ་བཞི་ཉེར་སྤྱོད་ལྔ་རྣམས་སྤྱི་མཆོད་གཅིག་དང་། གདན་བཞི་ལས། སོ་སོར་དྲི་ཡིས་བྱུག་པ་དང་། །སོ་སོར་མེ་ཏོག་འབུལ་བ་དང་། །སོ་སོར་བདུག་པས་བདུག་པ་སོགས། །སོ་སོའི་སྦྱོར་བས་དབུལ་བར་བྱ། །ཞེས་གསུངས་པ་ལྟར་ལྷ་གྲངས་དང་མཉམ་པའི་སྒེས་མཆོད་བཤམ། སྤྱི་མཆོད་བཤམ་ལུགས་ལ། དབང་ལྡན་དུ་མཚམས་འཛིན་མེ་ཏོག །ཤར་དུ་ཞབས་བསིལ། དྲི་བཟང་ཆུ་དང་། ཞབས་བསིལ་ཆུ་ལ་འོ་མའམ་མར་བླུགས་པ་གཉིས། མེར་འཐོར་འཐུང་ཆུ་གཙང་། ལྷོར་མཆོད་ཡོན་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་བཏབ་པ། སྲིན་པོར་མེ་ཏོག །ནུབ་ཏུ་སྤོས་དང་མར་མེ་གཉིས། རླུང་དུ་དྲི་ཆབ་། བྱང་དུ་ཞལ་ཟས་རྣམས་བཤམ། སྒེས་མཆོད་རྣམས་དེའི་ནང་དུ་རང་རང་གི་མདུན་གྱི་ཕྱོགས་ཕྱོགས་མཚམས་རྣམས་སུ་བཤམས། དེའི་ཆུ་གསུམ་ནི་ཕྱི་མཆོད་ཀྱི་གསུམ་བཟེད་ཞལ་དུ་བླུགས་པས་འགྲུབ། འཐོར་འཐུང་དྲི་ཆབ་གཉིས་ཀྱང་སྤྱི་མཆོད་ཀྱི་དེ་འཐོར་བས་འགྲུབ། མེ་ཏོག་ཀྱང་སྤྱི་མཆོད་ཀྱི་དེ་འཐོར་བས་འགྲུབ་ཕྱིར་སྒེས་མཆོད་ལ་སྤོས་


CMR020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ལྷ་བཤོས་གསུམ་ལྷ་གྲངས་དང་མཉམ་པར་བྱས་རུང་། བུམ་པ་སྟ་གོན་སྐབས་སུ་འབྱུང་བའི་གྲངས་དང་མཚན་ཉིད་ལྡན་པའི་བུམ་པ་རྣམས་ཀྱང་བཤམ། གཞན་ཡང་སློབ་མ་སྟ་གོན་གྱི་ཡོ་བྱད་གྲངས་དུ་ཡོད་ལ་མཆོད་པ་ལྔ་ལྔ་དགོས་ཏེ། མེ་ཏོག་དང་སྤོས་འབུལ་དུས་སོ་སོར་ཕུལ་བས་སྣོད་རེ་རེས་ཆོག་དྲིའི་ལྡེག་གུ་ལས་ཐམས་ཅད་པའི་དེ་ནས་ཕུལ་བས་ཆོག །མར་མེ་ལྷ་བཤོས་སོ་སོར་བཤམས་ཏེ། མཚོ་སྐྱེས་ཀྱིས་མར་མེ་ལྷ་བཤོས་ཉེར་ལྔ་རེ་དགོས་གསུངས་པ་ལྟ་བུའོ། །སོ་ཤིང་ཀུ་ཤའི་ཆུན་པོ་ཆེ་ཆུང་། སྲུང་སྐུད་དམར་པོ་རྣམས་ཀྱང་སློབ་མའི་གྲངས་མཉམ། ཁ་བཤལ་བའི་དྲིའི་ཆུ། འདས་པ་དང་འཇིག་རྟེན་པའི་གཏོར་མ་ས་ལྷའི་དང་། སྔོན་འགྲོའི་གཏོར་མ་སྟེ་བཞི་ལས། དང་པོ་ནི། དཀྱིལ་འཁོར་མདུན་དུ་བཤམ། ཡང་ན་འདས་གཏོར་བྱང་ཤར་དང་། འཇིག་རྟེན་པ་ཤར་ལྷོ། གཏོར་མ་གཉིས་པོ་འདིས་ཆོག་རུང་། ཕྱག་ལེན་ལ་སྔ་མཛད་ནས་དཀྱིལ་འཁོར་ཤར་ཕྱོགས་སུ་གཡས་བསྐོར་དུ་བཤམ་མོ། །ས་སྐྱ་པ་ཁ་ཅིག །མཆོད་པ་གཙོ་བས་འདས་གཏོར་ཕུད་ལ་ཆུང་བ་དང་། གཏོར་མ་གཙོ་བས་འཇིག་རྟེན་པའི་གཏོར་མ་ལྷག་


CMR020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆེ་བ་བྱེད་ཟེར་བ་མི་འཐད། སྤྱི་རྒྱུད་ལས། གཙོ་བོ་ལྷ་བཤོས་ཉིས་འགྱུར་བྱ། ཞེས་གསུངས་པ་སོགས་འཁོར་ལས་གཙོ་བོ་དང་འཇིག་རྟེན་པ་ལས་འདས་པ་མཆོད་གཏོར་ཐམས་ཅད་ལྷག་པོར་བྱ་དགོས་པར་བཤད་པ་དང་འགལ་བས་སོ། །མངོན་བརྗོད་བླ་མ་ལས། གཡོན་སྐོར་དུ་ནི་སྐོར་བ་ཡིས། །མཆོད་པ་དགོད་དང་། ཞེས་གསུངས་པ་ལྟར་བདེ་མཆོག་ལ་གཡོན་གཙོ་བོ་མ་གཏོགས། ཀུན་ལ་མཆོད་གཏོར་གཉིས་ཀ་ལས་གསུམ་ལ་གཡས་བསྐོར་དང་དྲག་པོ་ལ་གཡོན་དུ་བཤམ། འགའ་ཞིག་མཆོད་མགོ་གཡས་དང་གཏོར་མགོ་གཡོན་ཟེར་བ་ནི་རྟོག་བརྟགས་ཙམ་མོ། །གཏོར་སྣོད་ཀྱང་ཐོད་པའམ་གསེར་ཟངས་སོགས་ལ་པདྨའི་རྣམ་པ་བྱས་ལ། གཏོར་མའི་གཟུགས་ནི་རྒྱུད་དང་རྒྱ་གཞུང་འགའ་ལས་ནས་ཟན་པདྨའི་དབྱིབས་ཅན་བྱ་སྟེ་འབུལ་བར་བཤད་པས་སྙིང་པོ་ཟླུམ་པོ་རྩེ་ཅུང་ཟད་རྣོ་བ་མཐེབ་སྐྱུས་བསྐོར་བ་ལ་པདྨའི་དབྱིབས་ཡོད་པས་དེ་ལྟར་བྱའོ། །དེ་མིན་ཟུར་གསུམ་སོགས་སྣ་ཚོགས་བྱེད་པ་ལ་ཁུངས་རྣམ་དག་མེད་དོ། །རྒྱུད་ནི། རྣལ་འབྱོར་རྒྱུད་མན་ཆད་དུ། རྡོ་རྗེ་མཆུའི་དམ་ཚིག་གི་གཟུངས་ལས། ནས་


CMR020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་དང་འབྲས་ཟན་དང་སྦྲང་རྩི་དང་བུ་རམ་དང་ཀ་ར་ལ་སོགས་པ་བཟའ་བའི་བྱེ་བྲག་ཁ་ན་མ་ཐོ་བ་མེད་པ་རྣམས་གསུངས་པ་ལྟར་དང་། གསང་སྔགས་བླ་མེད་ལ། མན་ངག་སྙེ་། མ་ལས། ཟན་དང་ཕྱེ་དང་ཉ་དང་ཤ་དང་། སྒོག་སྐྱ་དང་བཙོང་དང་ཆང་དང་ཆུ་དང་འོ་མ་ལ་སོགས་པ་དང་། ཞེས་གསུངས་པ་རྣམས་ཡིན་ལ། དེ་རྣམས་མ་འབྱོར་ན་གཉིས་ཀ་ལ། མན་ངག་སྙེ་མ་ལས། ཡང་ན་ཟན་དང་ཆུ་ལ་སོགས་པ་ཅི་འབྱོར་པ་བཤམས་ལ། ཞེས་གསུངས་པ་ལྟར་རོ། །གཏོར་རྒྱན་སོགས་དཀོན་མཆོག་ལ་འབུལ་དགོས་པ་དང་རང་ལོངས་སྤྱོད་པའི་ཤ་ལས་ཀྱིས་ཤི་བ་ཁོ་ནར་སྒྲོན་གསལ་དང་དུར་ཁྲོད་ལས་གསུངས་པ་བཤས་ཤ་ལ་མི་བྱའོ། །གཏོར་དར་ཡང་རུང་ལ་ཡེ་ཤེས་ཐིག་ལེ་ལས། གཏོར་མར་གདུགས་དང་བ་དན་དང་། རྔ་ཡབ་སོགས་ཀྱིས་བརྒྱན་པར་བཤད་པས་སོ། །འདི་དག་ནི་སྟ་གོན་ལ་ཉེར་མཁོའི་ཡོ་བྱད་འཚོགས་ཆོས་བྱེད་པ་སྟ་གོན་སྦྱོར་བ་ཡིན་ལ། ས་ཆོག་མ་བྱས་ན་དེའི་དོད་ཀྱང་ཡིན་གསུངས་སོ། །གཉིས་པ་སྔོན་འགྲོ་རྣམ་གསུམ་ནི། སྔོན་འགྲོ་གཏོར་མ། མཆོད་པ་བྱིན་དབབ། མཎྜལ་ཞུ་འབུལ་རྣམས་ནི་གོ་སླའོ།


CMR020_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བདག་བསྐྱེད་སྒོམ་པ་ནི། དཀྱིལ་འཁོར་སོ་སོའི་སྲུང་འཁོར་ནས་བརྩམས་བདག་བསྐྱེད་ཡོངས་རྫོགས་བཟླས་པའི་བར་དང་། མཆོད་བསྟོད་བྱས་ཏེ་དཀྱིལ་འཁོར་བསྡུས་ལ་ཕྱག་གཉིས་པའི་ང་རྒྱལ་གྱིས་སྟ་གོན་ལ་འཇུག་གོ །བཞི་པ་སྟ་གོན་དངོས་གཞི་ལ་བཞི་སྟེ། ས་སྟ་གོན། དཀྱིལ་འཁོར་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་གཉིས་དཀྱིལ་འཁོར་སོ་སོའི་གཞུང་བཞིན་བྱའོ། །གསུམ་པ་བུམ་པ་སྟ་གོན་ལ་བཞི་སྟེ། བུམ་པའི་མཚན་ཉིད། བུམ་པ་བཅའ་བ། བུམ་པ་དགོད་ལུགས། བུམ་པ་བསྒྲུབ་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བུམ་པའི་རྒྱུ། ཆེ་ཆུང་གི་ཚད། གྲངས་ཀྱི་དབྱེ་བསྡུ་བསྟན་པའོ། །དང་པོ་ནི། ཟུང་འཇུག་གསལ་བ་ལས། དེ་ལ་གསེར་རམ་ཡང་ན་དངུལ། །ཟངས་སམ་འཇིམ་པའི་ངོ་བོའང་རུང་། །ཇི་ལྟར་རྙེད་པའི་བུམ་པ་ཞིག །བླངས་ཏེ་བརྟུལ་གཞུག་ཅན་གྱིས་བཞག་ཅེས་དང་། དུར་ཁྲོད་ལས། དེ་བཞིན་ཤེལ་གྱི་བུམ་པ་དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དང་ནི་ལྕགས་ཀྱི་དང་། །ཟངས་ཞེས་བྱ་དང་གསེར་གྱི་བུམ་པ་རབ་


CMR020_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ངེས་པར་ཤིང་ལ་སྐྱེས་དང་ས་ཡི་རང་བཞིན་ནོ། །ཞེས་ལྕགས་དང་ཤིང་གི་བུམ་པ་དང་། ཐོད་པ་ལ་བྱ་བ་ཡང་བཤད་དོ། །གཉིས་པ་ནི། དུར་ཁྲོད་ལས། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་དང་སོར་གཉིས་དག་ནི་མཆུ། དྲུག་གི་མགྲིན་པ་སོར་བརྒྱད་ཁ་སྟེ་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན། ཞེས་ཞི་རྒྱས་ཀྱི་བུམ་པ་ལ་ལྟོ་བའི་ཟླུམས་སུ་སོར་བཅུ་དྲུག་དང་ལྟོ་བའི་འོག་ནས་ཁ་དང་མཆུ་ཡི་བར་གྱི་དཔངས་སུ་སོར་ཉི་ཤུ། ཁའི་མཚམས་ནས་འཕྱང་བའི་མཆུ་ལ་སོར་གཉིས་དང་། མགྲིན་པའི་དཔངས་སུ་སོར་དྲུག །མཆུའི་མཐའ་ནས་མཐའ་གཞན་གྱི་བར་ལ་སོར་བརྒྱད་ཡོད་པ་ཆ་གསུམ་དུ་བྱས་པའི་ཆ་གཉིས་མགུལ་པའི་སྦུབས་དང་ཆ་གཅིག་འགྲམ་གྱི་མཆུ་གཉིས་ཀྱི་ཞེང་དུ་གསུངས་སོ། །དེ་ཡང་ཞིབ་པར་ན་བུམ་པའི་རྒྱུར་སོར་ལྔ་ནས་གཉིས་ཀྱི་སུམ་གཉིས་དང་། འགྲམ་གྱི་ཞེང་ལ་སོར་གཅིག་ནས་ལྔ་ནས་ཀྱི་སུམ་གཅིག་རེ་ཡོད་པའོ། །འདིའི་སོར་ཚད་ཀྱང་མཐེ་བོའི་སོར་ཏེ། རྒྱུད་ལས། ཤེལ་ལ་སོགས་པའི་མཆོད་ཡོན་སྣོད་ལ་པདྨ་ནོར་གྱི་འདབ་མ་མཐེ་བོ་དག་ནི་བཅུ་


CMR020_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི། །ཞེས་གསུངས་པ་ཉིད་སོར་ཚད་སྤྱི་ཡི་གསལ་བྱེད་ཡིན་པས་སོ། །འགྲེལ་ཆེན་ལས། བསད་པ་ལ་མིའི་ཐོད་པ་ཞེས་པ་ཙམ་མ་གཏོགས་ཚད་དབྱིབས་སོགས་མ་བཤད་ཀྱང་ཐོད་པ་བུམ་རིལ་ལམ་ཆོལ་བསྒྲིགས་བུམ་པའི་རྣམ་པར་བྱས་པ་ཡིན་དགོས་ཏེ། དེའི་སྟེང་གི་རྣམ་རྒྱལ་ཆེན་པོ་ཐོད་པར་གསུངས་པས་བྱེ་བྲག་འཐད་པའི་ཕྱིར། བསྐྱེད་པ་དང་དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ་ལྟེ་བ་ཆུང་བ་སྟེ་ཟླུམ་སྐོར་རྒྱུར་སོར་བཅུ་གཉིས་དང་། དཔངས་སོར་ཉེར་བཞི། མཆུ་སོར་གཅིག་འཕྱང་བ། ཁའི་བུ་ག་མཐའ་སྐོར་དང་་བཅས་པ་སོར་དྲུག་ཆ་གསུམ་དུ་བགོས་པའོ། །རེངས་པ་ལ་སྦོམ་ཐུང་ཟླུམ་པོའི་རྒྱ་དཔངས་མཉམ་པར་སོར་བཅུ་དྲུག །མགྲིན་པའི་དཔངས་སུ་སོར་བཞི། མཆུ་འཐུག་པོར་སོར་གཉིས། སྔ་མ་ལྟར་ཁ་སོར་དྲུག་དང་ལྡན་པའོ། །དབང་དགུའི་བུམ་པ་ལ་ནི་གཟུགས་སོ་སོའི་ཅི་མཛེས་སུ་བྱས་པའོ། །དེ་དག་ནི་དུས་ཀྱི་འཁོར་ལོའི་རྩ་འགྲེལ་ལས་གསལ་པོར་གསུངས་པ་ལྟར་བཀོད་པ་ཡིན་ལ། རྒྱུད་སྡེ་གཞན་ལས། ཚད་དེ་ལས་གཞན་པ་ཡང་གསུངས་སོ། །གསུམ་པ་གྲངས་ཀྱི་དབྱེ་


CMR020_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བསྟན་པ་ནི། ཨ་བྷ་ཡས་ཕྲེང་བ་ལྟར་འཇམ་རྡོར་ལ་རྒྱས་པ་ལྷ་དུ་ཡོད་ཀྱི་སྟེང་དུ་ལས་བུམ་བསྣན་པ་དང་། འབྲིང་པོ་ཕོ་བྲང་དབུས་མའི་ལྷ་གྲངས་སམ། དེ་བཞིན་གཤེགས་པ་ལྔའི་གྲངས་སམ།་མི་བསྐྱོད་པ་ལྟ་བུ་ལ་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་དང་ལྔའམ། བདེ་མཆོག་ལྟ་བུ་ལ་འཁོར་ལོ་ལྔའི་སྒོ་ནས་ལྔ་དང་། ལས་བུམ་བསྡུས་པ་རྣམ་རྒྱལ་དང་ལས་བུམ་གཉིས་སོ། །རྣལ་རྒྱལ་གཅིག་པུ་བྱེད་པར་གསུངས་སོ། །གཉིས་པ་བུམ་པ་བཅའ་བ་ལ་བཞི་སྟེ། ནང་རྫས་གཞུག་པ། རྒྱན་གྱིས་བརྒྱན་པ། ས་བོན་དགོད་པ། མཚན་དོན་བསྟན་པའོ། །དང་པོ་ནི། སྤྱི་རྒྱུད་ལས། བུམ་པ་ནག་པོ་ར་རི་མེད། །གཟུགས་བཟང་ཁ་དོག་རབ་ཏུ་དམར། །གསལ་ལ་མ་ཆག་མ་གས་པ། །ཡང་དག་དབྱིབས་ནི་ལེགས་ཤིང་ཟླུམ། །སྤོས་ཆུ་དག་གིས་བཀང་བ་ལ། །འབྲུ་རྣམས་ཀུན་དང་ལྡན་པར་བྱས། །སྨན་རྣམས་དང་ཡང་ལྡན་པ་དང་། །རིན་ཆེན་ཀུན་ལྡན་ཡང་དག་ལྡན། །ཞེས་གསུངས་པ་ལྟར་གོང་དུ་བརྗོད་པའི་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དུ་ཐུན་མོང་གི་བུམ་རྫས་ཉེར་ལྔ་གཞུག་པ་ནི། གྲོ་


CMR020_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཏིལ་འབྲས་སོ་བ་མོན་སྲན་གྲེའུ་སྟེ་འབྲུ་ལྔ། མོན་སྲན་གྲེའུ་དང་རྗེའུ་སྲན་མ་ཆེ་ཆུང་ཡིན་ནོ། །གསེར་པདྨ་རཱ་གའམ། མེད་ན་དངུལ་ལམ་ཟངས་སམ་དུང་གང་རུང་། བྱི་རུ། མུ་ཏིག །མུ་མེན་ཏེ་རིན་ཆེན་ལྔ། བྲི་ཧ་ཏི་སྟེ་སྟག་ཚེར། ཀཎྜ་ཀ་རི། ཨ་པ་ར་ཛི་ཏ་སྟེ་ཤུ་དག་དཀར་པོ། དབང་ལག །རྒྱ་མཚོ་ལྦུ་བ་སྟེ། སྨན་ལྔ། ཕྱི་མ་གཉིས་ཀྱི་ཚབ་ཏུ་ཕྲེང་བ་སོགས་སུ། དཎྜ་སྟེ་དབྱུག་པའི་ཨུཏྤ་ལ་དཀར་དམར་གཉིས་བཤད། ཆུའི་སྙིང་པོ་ལན་ཚྭ། བཅུད་ཀྱི་སྙིང་པོ་འོ་མ། རྩི་ཐོག་གི་སྙིང་པོ་མར། ཤིང་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི་སྟེ་སྙིང་པོ་ལྔ། ཡེ་ཤེས་རྡོ་རྗེས་རྣམ་འཇོམས་འགྲེལ་པར། འོ་མའི་ཚབ་ཏུ་སའི་སྙིང་པོ་ཏིལ་ཞེས་འབྱུང་། ཙནྡན་དཀར་དམར། གུར་གུམ། ཛཱ་ཏི། ག་པུར་ཏེ་དྲི་ལྔ་རྣམས་སོ། །དཱ་རི་ཀ་པས། ཛཱ་ཏིའི་ཚབ་ཏུ་གླ་རྩི་མཛད་འདི་རྣམས་ལ་རྒྱུད་རྒྱ་གཞུང་སོ་སོའི་དགོངས་པས་ངོས་འཛིན་དང་མིང་མི་གཅིག་པ་གཞན་འགའ་རེ་འདུག་ཀྱང་། འདིར་སྤྱི་མཐུན་དུ་གྲགས་ཆེ་བ་རྣམས་བཀོད་དོ། །བླ་མེད་ལ་ཐུན་མོང་མིན་པ་བདུད་རྩི་རིལ་བུ་ལ་ཚང་བའི་ཤ་ལྔ་


CMR020_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སེར་པོ་ལྔ་བྱེད་པའང་ཡོད་པས། ཇི་ལྟར་འབྱོར་པ་ཧྲམ་བརྡུངས་སམ། རིལ་བུ་བྱས་པ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དམ་རང་རང་གི་སྔགས་བཟླས་པའི་བྱིན་གྱིས་རླབས་ཏེ་གཞུག །གཉིས་པ་རྒྱན་གྱིས་བརྒྱན་པ་ནི། སྤྱི་རྒྱུད་ལས། མགུལ་པར་རིས་ནི་སར་པས་བཅིངས། །མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། །ཁ་བརྒྱན་ལྡུམ་བུ་བཟང་པོས་བྱས། །ཤིང་ཐོག་བཀྲ་ཤིས་ཁར་བླུག་པ། །འབྲས་བུ་མེ་ཏོག་སིལ་མར་ལྡན། །ཞེས་གསུངས་པས་མགུལ་ཆིངས་ནི་རས་སར་པ་བཟུང་སྟེ་ཉིས་རིམ་བྱའོ། །གསུམ་པ་བུམ་པ་དགོད་པ་ནི། ཟླ་བ་པའི་བདེ་མཆོག་དཀྱིལ་ཆོག་ལས། རྣམ་རྒྱལ་བུམ་པར་སྣ་ཚོགས་པས། །ལྟེ་བར་བདག་པོའི་རྟགས་མཚན་བྲི། །དཀྱིལ་འཁོར་པ་གཞན་བུམ་པ་རྣམས། །རང་རང་མཚན་མས་མཚན་པར་བྱ། །ཞེས་གསུངས་པ་ལྟར་བྱའོ། །བཞི་པ་མཚན་དོན་བསྟན་པ་ནི། ཀྱེ་རྡོར་ལས་རིམ་གྱི་ཆོ་ག་དང་། མཱ་ཡཱའི་དཀྱིལ་ཆོག་རིམ་གསལ་སོགས་ལས། སྨན་དང་འབྲུ་དང་རིན་པོ་ཆེ་རྣམས་རིམ་པ་བཞིན། །དཀྱིལ་འཁོར་གྱི་ལྷའི་བྱང་ཆུབ་ཀྱི་སེམས་དང་། ཐུགས་དང་། སྐུ་མདོག་མཚོན་པར་བཤད་པ་


CMR020_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འགྲོ་མགོན་འཕགས་པའི་གསུང་ལས། བུམ་པའི་མགུལ་ཆིངས་གཟུངས་ཐག་ཁ་རྒྱན་སོགས་ཀྱིས་སྤྲུལ་སྐུ། བུམ་རྫས་ལྔ་ཚན་ལྔའམ་བདུན་གྱིས་ལོངས་སྐུ། བུམ་ཆུ་ཆོས་སྐུ། རྣམ་རྒྱལ་སྟེང་གི་དུང་ཆོས་ཀྱི་དྲི་བཟང་གི་ཆུའི་ནང་དུ་ལྷ་དཔའ་གཅིག་བསྐྱེད་པ་ཡིན་ལ། དེའི་གཟུགས་བརྙན་གཟུངས་ཐག་རྡོ་རྗེའི་ལྟེ་བར་ཤར་མེད་པ་ངོ་བོ་ཉིད་སྐུ་མཚོན་པས་བུམ་པ་འདི་ལ་སྐུ་བཞི་ཚང་བ་ཡིན་ཞེས་གསུངས་སོ། །བློ་བཟང་གྲགས་པས། གསང་སྔགས་ལམ་རིམ་དུ། དུང་ཆོས་སུ་ལྷ་བསྐྱེད་པ་ལ་ཁུངས་མེད་གསུངས་ཀྱང་། འཕགས་ཡུལ་དུ་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་དང་། དཔལ་མདའ་བསྣུན་སོགས་མང་པོས་དུང་ཆོས་སུ་ལྷ་བསྐྱེད་པར་བཤད་པས། རང་ཉིད་རྒྱལ་བའི་གསུང་རབ་ལ་མཐོང་རྒྱ་ཆུང་བའི་ནང་མཚང་བསྟན་པ་ཡིན་ནོ། །ཁ་ཅིག་བུམ་པའི་ནང་དུ་ཆུས་སུམ་ཉིས་གང་བ་དེས་གཟུགས་སྐུ་དང་། སུམ་ཆ་སྟོང་པ་བཞག་པ་དེས་ཆོས་སྐུ་མཚོན་གསུངས་པ་ལ། རྫོང་ཆུང་པ་ན་རེ། བུམ་པ་དང་ནང་མཆོད་ཀ་པཱ་ལ་སུམ་ཆ་སྟོང་པར་བཞག་པ་དེ་དང་། ནག་པོ་པའི་དཀྱིལ་ཆོག་གི་འགྲེལ་པར། ཆུ་ཆེན་ཆུ་ཆུང་བུམ་པ་


CMR020_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དགངས། །ཞེས་དང་། བརྟག་གཉིས་ལས། སྐྱེས་པའི་ཐོད་པ་ཆ་གཅིག་པ། ཆང་ནི་བཟང་པོས་ཡོངས་བཀང་སྟེ། ཞེས་པ་དང་འགལ་གསུངས་པ་ཡང་སྐྱོན་མེད་དེ། །སུམ་གཉིས་ཡོངས་སུ་དགང་ཞེས་པར་འབྲུ་མནན་རུང་བའི་ཕྱིར་རོ། །གསུམ་པ་བུམ་པ་དགོད་ལུགས་ནི། ལྷ་སྟ་གོན་བྱས་པའི་དཀྱིལ་འཁོར་དེའི་དབུས་སུ་གཙོ་བོའི་བུམ་པ་དང་། གཞན་རྣམས་དེའི་ཕྱིའི་ཕྱོགས་མཚམས་རྣམས་སུ་དགོད་པའོ། །ཡང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་དགོད་པའི་རིམ་པ་བཞིན་གོང་གིས་གཞི་དེ་དྲིའི་ཐིག་ལེ། དེའི་སྟེང་དུ་ཀུ་ཤའི་གདན་ལ་དཀྱིལ་འཁོར་གྱི་རྣམ་པ་དགོད་པའོ། །ཡང་ན། མཱ་ཡཱའི་དཀྱིལ་ཆོག་རིམ་གསལ་ལས། །དེ་ནས་དཀར་བའི་རས་སྟེང་དུ། །མེ་ཏོག་བཀྲམ་ལ་བུམ་པ་ན་། །བཞག་སྟེ་ཞེས་པ་ལྟར་ཇི་ལྟར་རིགས་པར་དེར་རས་ཀྱི་གདན་མེ་ཏོག་བཀྲམ་པ་ལ་ལྷ་རིམ་པ་བཞིན་དགོད། དེ་ཡང་བུམ་པ་དགོད་པའི་སྐབས་གཉིས་ལས་འདི་ནི་ལྷ་གནས་ཀྱི་དུས་ཇི་ལྟར་དགོད་པའོ། །བཞི་པ་བུམ་པ་སྒྲུབ་ཚུལ་ནི། དྲི་བཟང་གི་ཆུ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ༔ཧཱུྃ་དང་། ཡི་གེ་གསུམ་གྱིས་ལན་བདུན་སྔགས་སོ། །བཞི་པ་སློབ་མ་


CMR020_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་ལ་གསུམ་སྟེ། སྒོའི་སློབ་དཔོན་ལྷག་གནས་བྱ་ཚུལ། སློབ་མ་ལྷག་གནས་བྱ་ཚུལ། དེ་ལས་སྡོམ་པ་ཇི་ཙམ་ཐོབ་པའོ། །དང་པོ་ནི། སྒོའི་སློབ་མ་ལྷག་གནས་བྱེད་འདོད་ན་དེ་ཉིད་དུ་འོས་པ་དཀྱིལ་འཁོར་ཁང་པའི་ཤར་སྒོར་བཞག་སྟེ། ཐུན་མོང་དང་ཐུན་མོང་མིན་པའི་སྡོམ་པ་གཉིས་སམ། ཡང་ན་སློབ་དཔོན་གྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་གནས་ཀྱི་ཆོ་གས་སྟ་གོན་བྱ་ཞིང་། རང་གི་དབང་བསྐུར་བ་ཡིན་ན་ལྷག་གནས་བྱ་མི་དགོས་ལ། དེ་དག་ཀྱང་བཞི་དང་མེད་ན་གསུམ་གཉིས་གཅིག་གིས་ཀྱང་རུང་ངོ་། །གཉིས་པ་སློབ་མ་ལྷག་གནས་བྱ་ཚུལ་ལ་གཉིས་ཏེ། གང་ལ་བྱ་བའི་སློབ་མ་དང་། ཇི་ལྟར་བྱ་བའི་ཆོ་ག་དངོས་སོ། །དང་པོ་ནི། སྔར་སློབ་མ་རྗེས་བཟུང་གི་སྐབས་སུ་བསྟན་པ་དེ་དག་ཐམས་ཅད་ཡིན་ལ། དེས་ན་ཤི་ནས་ཟུང་གྱུར་ན། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྲིས་ནས་ནི། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་དངོས་ནི། བླ་མེད་ཀྱི་སྟ་གོན་ལ་ཕལ་ཆེར་དོན་


CMR020_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་བཅུ་བཞིར་མཛད་པའི་དང་པོ་ལུས་ཀྱི་བྱ་བ་སོགས་ནི་དཀྱིལ་ཆོག་སོ་སོའི་གཞུང་བཞིན་བྱའོ། །གསུམ་པ་དེ་ལས་སྡོམ་པ་ཇི་ཙམ་ཐོབ་པ་ནི། སྔར་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་མ་ཐོབ་ན་འདིར་ཐོབ་སྟེ་རྒྱུན་བཤགས་ཀྱི་ཚེ་འཐོབ། དེ་ཡང་སྔགས་ཀྱི་ཆོ་ག་ལས་འཐོབ་པས་སྔགས་སྡོམ་གྱི་ངོ་བོར་སྐྱེ། སྔར་སོ་བྱང་ཐུན་མོང་བ་ཐོབ་ན་སྔགས་སྡོམ་དུ་གནས་འགྱུར་ཞིང། སྡོམ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ནི་གནས་གསུམ་བྱིན་རླབས་ཚེ་རྡོ་རྗེ་གསུམ་གྱི་ས་བོན་ཐེབས་པ་ཙམ་ཞིག་ཐོབ། སོ་ཤིང་འདོར་བ་སོགས་ལས་ཀྱང་རང་རང་གི་ངོ་སྐལ་ཅུང་ཟད་རེ་ཐོབ་སྟེ། དབང་བསྐུར་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །ལྔ་པ་རྗེས་ཀྱི་ཆོ་ག་ནི། སློབ་མ་རྣམས་ཉལ་རྗེས་སློབ་དཔོན་རང་ཉིད་ཉལ་བའི་རྣལ་འབྱོར་བྱས་ནས། ནངས་པར་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ཧེ་རུ་ཀ་ཕྱག་གཉིས་པར་ལངས་ནས། དག་པ་གསུམ་དྲན་པར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་གསུམ་སྟེ། །དཀྱིལ་འཁོར་བཞེངས་ཤིང་རྒྱན་གྱིས་བརྒྱན་པ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་བྱ་བ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། ཐིག་


CMR020_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ། ཚོན་བཀྱེ་བ། རྒྱན་བཀྲམ་པའོ། །དང་པོ་ལ་གཉིས་ཏེ། ལས་ཐིག་གི་ཆ་བགོ་བ་དང་། ཡེ་ཐིག་གིས་བྱིན་གྱིས་བརླབ་པའོ། །དང་པོ་ལ་བཞི་སྟེ། གང་དུ་གདབ་པའི་ས་གཞི། གང་གིས་གདབ་པའི་ཐིག་སྐུད། ཅི་ཙམ་གདབ་པའི་ཚད། ཇི་ལྟར་གདབ་པའི་ཚུལ་ལོ། །དང་པོ་ནི། སྤྱི་རྒྱུད་ལས། དང་པོར་དཀྱིལ་འཁོར་ས་གཞི་ལ། །བ་ཡི་གཅིན་དང་བསྲེས་པ་ཡིས། །བ་ཡི་ལྕི་བ་བཀུ་བྱ་ཞིང། །དེ་ནས་སྤོས་ཆུས་བསང་གཏོར་བྱ། །ས་གཞི་ཁོར་ར་ཁོར་ཡུག་ཏུ། །ཆག་ཆག་གདབ་ཅིང་ཕྱགས་དར་བྱ། །ཡིད་ནི་མོས་པར་བྱ་བའི་ཕྱིར། །མེ་ཏོག་སིལ་མས་བཀྲམ་པར་བྱ། །ཞེས་གསུངས་པ་ལྟར་ས་ཆོག་མི་དགོས་པའམ། དགོས་ན་བྱས་པའི་དཀྱིལ་འཁོར་གྱི་ས་གཞི་ལ་ལས་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱ་ཞིང་། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས་གཙང་མར་བྱས་ལ། བ་བྱུང་དང་དྲི་ཞིམ་པོས་བྱུགས་ཏེ་ཕྱི་།རོལ་དུ་མེ་ཏོག་བཀྲམ་པ་དེ་ཉིད་དོ། །གཉིས་པ་གང་གིས་གདབ་པའི་ཐིག་སྐུད་ལ་གཉིས་ཏེ། ཐིག་སྐུད་འདུ་བྱ་བ་དང་། དེའི་བསྐྱེད་ཆོག་གོ །དང་པོ་ནི། ཐིག་སྐུད་ཀྱི་རྒྱུ་


CMR020_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ན་རས་བལ་ལམ། མ་རྙེད་ན་རས་སྐུད་གཙང་ཞིང་མ་ཉམས་ལ་སྐྲ་མ་འདྲེས་པས་བྱ་སྟེ། དཱ་རི་ཀ་པས། མ་ཉམས་རས་བལ་གཙང་མ་ལས། །ཞེས་དང་། སྤྱི་རྒྱུད་ལས། དཀྱིལ་འཁོར་ཐིག་གདབ་ཐིག་སྐུད་ནི། །ཁ་བསྒྱུར་གཙང་མ་སྲ་ཞིང་ཕྲ། །དེ་བཞིན་བུ་མོ་གཞོན་ནུས་བཀལ། །སར་པ་ཤིན་ཏུ་གཙང་བ་དང་། །མཛེས་ཤིང་ཤིན་ཏུ་རན་པ་དང་། །དྲི་ཞིམ་རེག་ན་བདེ་བ་དག །ལེགས་པར་བཀལ་དང་སྲ་བ་དང་། །སྦོམ་ཕྲ་ལ་སོགས་བཀལ་ལེགས་དང་། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཞེས་གསུངས་པས་གཞོན་ནུ་མ་མ་ཉམས་པས་བཀལ་བ་དང་། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་གདམས་ངག་ཅན་དུ་གསུངས་པས་དཔའ་བོའི་རིན་ནི། འཇམ་དཔལ་རྩ་རྒྱུད་ལས། གཟུ་བོའི་ཚིག་ནི་དང་པོ་གང་། །སྨྲས་པ་ན་ནི་སྔགས་རིང་དེས། །དེ་ནས་མྱུར་དུ་རྔན་པ་བྱིན། །དཔའ་བོའི་ཉོ་ལུགས་ཞེས་ཏེ་བཤད། །ཅེས་གསུངས་པ་བཞིན་བཅོས་པའི་སྐུད་པ་ཁོག་དཀར་པོ་སུམ་སྒྲིམ་བྱ་བར་དཱ་རི་ཀ་པས་བཤད་ལ། རིང་ཐུང་དང་སྦོམ་ཚད་ཡེ་ཐིག་དང་འདི་


CMR020_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་བླ་མ་དང་སློབ་མས་གཡོན་པའི་མཛུབ་མོ་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་། དྲངས་ནས་རྡོ་རྗེ་ཁུ་ཚུར་བྱས་པའི་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་། སྒོའི་ཉི་ཤུའི་ཆ་སྟེ། སྡོམ་འབྱུང་ལས། རིང་བ་འཁོར་ལོའི་ཉིས་འགྱུར་ཏེ། །སྒོ་ཡི་ཉི་ཤུའི་ཆ་དག་གོ །ཞེས་གསུངས་པའི་ཉིས་འགྱུར་གྱི་དོན་ལ། སློབ་དཔོན་ཨ་བྷ་ཡ་ཀ་རས། མདའ་ཡབ་ནས་མདའ་ཡབ་ཀྱི་བར་ལ་དཀྱིལ་འཁོར་དུ་བྱས་ནས་དེའི་ཉིས་འགྱུར་ཆ་ཆེན་ཉི་ཤུ་རྩ་བཞིར་བཞེད་པ་དང་། །ཤུདྡྷས། རྩ་ཐིག་ནས་རྩ་ཐིག་གི་བར་ལ་འཁོར་ལོ་དང་། དེ་ཉིས་འགྱུར་ཆ་ཆེན་བཅུ་དྲུག་ཏུ་བཞེད་དོ། །གཉིས་པ་དེའི་བསྐྱེད་ཆོག་ནི། ལས་ཐིག་ལས་ཐམས་ཅད་ལྷར་བསྐྱེད་པ་བྷ་ཝ་བྷ་དྲ་དང་། དོན་ཡོད་ཞབས་བཞེད་པས་དྲི་བཟང་པོའི་ཆུ་དང་། བདུད་རྩི་ལྔ་དང་། བའི་རྣམ་ལྔས་བྱུགས་ཏེ་གསེར་ལ་སོགས་པའི་སྣོད་དུ་བཞག །རང་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་བསག་སྦྱོང་སྔོན་དུ་འགྲོ་བས་ལས་ཐམས་ཅད་པ་གང་ཡིན་དུ་བསྐྱེད། ཡེ་ཤེས་པ་གཞུག་པ་སོགས་བྱ་ལ། མཆོད་ཅིང་བསྟོད་དེ་ལག་པས་རེག་ཅིང་


CMR020_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་པ་བཟླས་ཏེ་བསྲུང་བྱའོ། །གསུམ་པ་ཇི་ཙམ་གདབ་པའི་ཚད་ལ་གཉིས་ཏེ། ཚད་ངེས་པའི་དོན་དང་། ཚད་མ་ངེས་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། ལྷའི་སྒོ་ནས་ཚད་བཞག་པ་དང་། ཡོན་བདག་གི་སྒོ་ནས་ཚད་བཞག་པའོ། །དང་པོ་ནི། གུར་གྱི་གཉིས་པ་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །ཁྲུ་ལྔ་པ་ནི་རྣལ་འབྱོར་ལའོ། །གར་དབང་ཕྱུག་གི་ཁྲུ་དྲུག་པ། །རྟ་ཡི་རྒྱལ་པོ་ཁྲུ་བདུན་པ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་སྦྱིན་བདག་གི་སྒོ་ནས་ཚད་བཞག་པ་ནི། །རྡོ་རྗེ་རྩེ་མོ་ལས། དཔག་ཚད་ལས་ལྷག་མི་བྱ་སྟེ། །ཁྲུ་དྲུག་ལས་ནི་ཆུང་བ་མིན། །ཞེས་དང་། ཕྲེང་བར་རྒྱུད་ཀྱི་ལུང་དྲངས་པ། །འཛམ་བུ་གླིང་གི་དབང་ཕྱུག་གོ །་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཀུན་ནས་དཔག་ཚད་མཐའ་རུ་ནི། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་སོ། །གཉིས་པ་ཚད་མ་ངེས་པའི་དོན་ནི། བཞི་བརྒྱ་ལྔ་བཅུ་པ་ལས། སེམས་ཅན་བསོད་ནམས་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་


CMR020_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུ་བྱ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཅེས་གསུངས་པས་ན་རྣམ་རྟོག་གི་སྒྲུབ་པའི་དཀྱིལ་འཁོར་ལ་ནི་འདི་ཙམ་ཁོ་ནའོ། །ཞེས་ཚད་ངེས་པར་མི་སེམས་ཏེ། རྒྱུད་སྡེ་གཞན་གྱི་རིམ་པ་ལས་ཡུངས་འབྲུའམ་སྐུའི་ཚད་ཀྱང་དགག་པར་མི་ནུས་ཤིང་འཇིག་རྟེན་གྱི་ཁམས་དང་མཉམ་པར་ཡང་གསུངས་ལ། སྤྲོ་བ་བཟོད་པ་ལ། དེ་བས་ལྷག་པའམ་རིགས་པས་འཐོབ་པའི་ཕྱིར་རོ། །བཞི་པ་ཇི་ལྟར་གདབ་པའི་ཚུལ་ལ་གསུམ་སྟེ། ཐིག་གི་གོ་རིམ། །གདབ་པོས་བྱ་ཚུལ། ཐིག་གདབ་དངོས་སོ། །དང་པོ་ནི། ལས་ཐིག་དང་ཡེ་ཐིག་གཉིས་སྔོན་ལ་གང་འདེབས་ཀྱི་གོ་རིམ་ཇི་ལྟ་བུ་སྙམ་ན། རྡོ་རྗེ་མཁའ་འགྲོ་ལས། ཡེ་ཤེས་ཐིག་ནི་གདབ་བྱས་ནས། །ལས་འདི་ཡང་དག་བརྩམ་པར་བྱ། །ཞེས་དང་། སྡོམ་འབྱུང་ལས། བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། ཅེས་གསུངས་པའི་རྗེས་སུ་འབྲངས་ནས་སྔོན་དུ་ས་གཞི་ཡེ་ཐིག་བྱིན་གྱིས་རླབས་རྗེས་ལས་ཐིག་གི་ཆ་བགོ་བ་འདི་ཁོ་ན་མཛད་ལ། ཁ་ཅིག་ནི།་ས་ར་ཧ་དང་། ནག་པོ་སྤྱོད་པ་


CMR020_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་ཐུབ་ཟླ་བ་དང་། རིན་ཆེན་རྡོ་རྗེ་དང་། བྷ་ཝ་བྷ་ཊ་དང་། དོན་ཡོད་ཞིབས་སོགས་ཀྱི་རྗེས་སུ་འབྲངས་ནས་སྔོན་དུ་ལས་ཐིག་བཏབ་པ་དེ་བྱིན་གྱིས་བརླབ་ཕྱིར་ཡེ་ཤེས་ཀྱི་ཐིག་རྗེས་སུ་གདབ་པ་ཁོ་ན་ཡིན་གསུངས་ཀྱང་། རྒྱུད་དང་དགོངས་འགྲེལ་ཚད་ལྡན་རྣམས་ལས། ཕྱོགས་གཉིས་ཀ་གསུངས་པས་གང་མོས་བྱའོ། །གཉིས་པ་གདབ་པོས་བྱ་ཚུལ་ནི།་གཙུག་དགུ་ལས། བདེན་བྲལ་མཚམས་སུ་གནས་ནས་ནི། །སྒྲུབ་པའི་གྲོགས་ཀྱི་ལག་ཏུ་གཏད། །ཅེས་གསུངས་པ་ལྟར་བྱས་ནས། རྡོ་རྗེ་མཁའ་འགྲོ་ལས། ལག་པའི་ཐིག་སྐུད་ཕྱེད་བྱས་ཏེ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། །ལྟེ་བར་སྲད་བུ་གཟུང་ནས་ནི། །ཐིག་གདབ་པ་ནི་ཡང་དག་བརྩམ། །ཞེས་དང་། སྡོམ་འབྱུང་ལས། ཛཡིག་གསུམ་ནི་བརྗོད་པ་ཡིས། །ལྟེ་བར་གཡོན་པའི་ཁུ་ཚུར་གྱིས། ཞེས་གསུངས་པ་ལྟར་རང་གི་རྡོ་རྗེ་ཁུ་ཚུར་གཡོན་པས་ཐིག་སྐུད་ལྟེ་བར་བཟུང་ཞིང་། །གྲོགས་ལ་ཛྫཙཛྫཞེས་པས་སམ། ཡང་ན་ཕྲེང་བ་སོགས་སུ་ཛཉིས་བརྩེགས་དང་རྐྱང་པ་གསུམ་གསུམ་རེ་བརྗོད་པས་གཏོང་ཞིང་འདྲེན་པར་བཤད་དོ། །དེ་ནས་ཐིག་ཆེན་བརྒྱད་


CMR020_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པའི་རིམ་པ་ནི། གུར་དང་སྡོམ་འབྱུང་ལས། ཚངས་ཐིག་ཟུར་ཐིག་རྩ་ཐིག་རིམ་པས་གདབ་པར་གསུངས་ཏེ། གུར་ལས། དང་པོ་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ཟུར་གྱི་ཐིག་ཡིན་ནོ། །གསུམ་པ་ལ་ནི་ངོས་བཞི་རུ། །ཐིག་ནི་རབ་ཏུ་གདབ་པར་བྱའོ། །ཞེས་གསུངས་པ་ལྟར་ཨ་བྷ་ཡ་ལ་སོགས་ཕལ་ཆེ་བས་རིམ་པ་འདི་བཞིན་བཞེད་ཅིང་། ཚངས་ཐིག་གི་རྗེས་སུ་རྩ་ཐིག །དེ་ནས་ཟུར་ཐིག་གདབ་པ་ཡང་། ཀླུ་བྱང་། མར་མེ་མཛད། བྷ་ཝ་བྷ་ཊ། ཉི་འབྱུང་སོགས་བཞེད་དོ། །ཁ་ཅིག་ནི་རིམ་པ་དེ་རྒྱུད་སྡེ་ཕ་མའི་དབྱེ་བས་བཞེད་པ་མི་འཐད་དེ། ཨ་བྷ་ཡས་ཕྲེང་བར། ལུགས་སྔ་མ་དེ་རྒྱུད་སྡེ་གཉིས་ཀའི་ཐུན་མོང་དུ་མཛད་པ་དང་། ཕ་རྒྱུད་ཀྱི་ལུགས་སུ་བཞེད་པའི་ཕྱི་མ་དེ་བྷ་ཝ་བྷ་ཊ་དང་། ཉི་འབྱུང་གིས་རྒྱུད་རྡོ་རྗེ་མཁའ་འགྲོ་དང་ཀྱེ་རྡོར་གཉིས་ཀྱི་དཀྱིལ་ཆོག་ཏུ་བཤད་པའི་ཕྱིར་རོ། །ཚངས་ཐིག་ཀྱང་ས་ར་ཧ། ནག་པོ་སྤྱོད་པ་བི་བྷ་ཏི་རྣམས་ཀྱིས་ལྷོ་བྱང་གི་ཚངས་ཐིག་སྔོན་ལ་བཏབ་ནས་ཤར་ནུབ་ཀྱི་འདེབས་ལ། སྔར་བཤད་པ་གཞན་རྣམས་ཀྱིས་སྔོན་ལ་ཤར་ནུབ་ཀྱི་འདེབས་པར་མཛད་དོ། །ཟུར་ཐིག་


CMR020_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེ་རླུང་གི་ཟུར་ཐིག་གི་རྗེས་སུ་གཉིས་པ་འདེབས་པར་ཨ་བྷ་ཡས་བཤད་པ་བཞིན་གཞན་རྣམས་ཀྱང་བཞེད་དོ། །རྩ་ཐིག་བཞིའི་རིམ་པ་ལ་ཨ་བྷ་ཡས་ཤར་ནུབ་བྱང་ལྷོ་རིམ་པ་བཞིན་འདེབས་པར་བཤད་པ་ལྟར། མར་མེ་མཛད། དཱ་རི་ཀ་པ།་ལང་ཀ་སོགས་བཞེད་ལ། ཀླུ་བྱུང་དང་ནག་པོ་སྤྱོད་པས། ཤར་ལྷོ་ནུབ་བྱང་དང་། ལྭ་བ་པ་ཤར་ནུབ་ལྷོ་བྱང་གི་རིམ་པས་མཛད་པ་མ་ངེས་སོ། །ཚངས་ཟུར་རྩ་གསུམ་གྱི་ཐིག་གདབ་ཚེ་སློབ་དཔོན་གྱི་གནས་གཉིས་གཉིས་སུ་ངེས་པས། ཚངས་ཐིག་ལ་སློབ་དཔོན་གྱི་གནས་གཉིས་ནི་བྱང་དང་ཤར། སློབ་མའི་གནས་གཉིས་ནི་ལྷོ་དང་ནུབ་ཏུ་འདེབས་པར་ས་ར་ཧ། ནག་པོ་སྤྱོད་པ། བི་བྷུ་ཏི་རྣམས་ཀྱིས་བཤད་དོ། །སྔར་བཤད་པའི་གཞན་རྣམས་ཀྱི་ནུབ་ལྷོ་གཉིས་སློབ་དཔོན་དང་། ཤར་བྱང་གཉིས་སློབ་མའི་གནས་སུ་བཤད་པས། དེ་ལྟར་ངེས་པར་བྱའོ། །གསུམ་པ་ཐིག་གདབ་དངོས་ནི། དཀྱིལ་ཆོག་སོ་སོར་གསལ་བར་གསུངས་པས་གོ་སླའོ། །གཉིས་པ་ཡེ་ཐིག་གིས་བྱིན་གྱིས་བརླབ་པ་ལ། གཉིས་ཏེ། ཡེ་ཐིག་འདུ་བྱ་བ་དང་། དེ་ཉིད་ཇི་ལྟར་གདབ་ཚུལ་དང་གཉིས། གཉིས་པ་མཚོན་


CMR020_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་པའི་རིམ་པ་དང་། གསུམ་པ་རྒྱུན་བཀྲམ་པ་རྣམས་ཀྱང་སོ་སོའི་གཞུང་བཞིན་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་བྱ་བ་ལ་སོགས་པའི་རིམ་པ་རྣམས་ཡི་གེས་འཇིགས་པས་མ་སྤྲོས་སོ། །གསུམ་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སྔོན་དུ་མ་སོང་ན་གཞན་རྗེས་སུ་གཞུག་ཏུ་མི་རུང་བ་མིན་ཏེ། དེས་ཐོག་མར་སློབ་དཔོན་དུ་འོས་པའི་དབང་བསྐུར་བ་མཐའ་དག་ཐོབ་ཅིང་དམ་ཚིག་དང་ལྡན་ལ་དབང་བསྐུར་བའི་ཆོ་ག་ཤེས་པའི་ཕྱིར་དང་། བདག་འཇུག་མ་བྱས་པ་དབང་བསྐུར་བའི་སློབ་དཔོན་དུ་མི་འོས་ཞེས་ཀྱང་མ་གསུངས་པའི་ཕྱིར་རོ། །འོན་ཀྱང་སམྦུ་ཊི་ལས། སྔགས་ཀྱི་ལམ་ནི་རྗེས་སྩལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་ནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་དག །བློ་དང་ལྡན་པས་དེ་བཞིན་བླང་། །རང་བྱིན་རླབས་པའི་གནས་ཐོབ་ནས། །


CMR020_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་པའི་འཇིགས་པ་ཡིས། །རྫོགས་སངས་རྒྱས་ཀྱི་དོན་རྣམས་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །ཞེས་གསུངས་པ་ལ་བརྟེན་ནས་དབང་བསྐུར་བའི་སྔོན་དུ་བདག་འཇུག་མཛད་པར་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་ནོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བའི་ཆོ་ག་དང་། དཀྱིལ་འཁོར་གཞན་ལ་བརྟེན་ནས་དབང་བསྐུར་བ་ལ་སོགས་པ་དཔྱད་པའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །ཞུགས་པ་ལ་དབང་བསྐུར་བའི་ཆོ་ག །དབང་རྣམས་ཀྱི་དོན་ཕྱོགས་གཅིག་པར་བཤད་པའོ། །དང་པོ་ལ་བཞི་སྟེ། གདོང་གཡོགས་དང་བཅས་པ་འཇུག་པ།། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པ། དེ་དག་ནི་སྐབས་སུ་སྡོམ་པ་གང་ཐོབ་པ། གོ་རིམ་སྤྱི་འགྲོ་ཙམ་བཤད་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ཁང་པའི་ཕྱི་ནས་ནང་དུ་འཇུག་པ་དང་། ནང་ནས་དཀྱིལ་འཁོར་དུ་འཇུག་པའོ། །དང་པོ་ལ་དྲུག་སྟེ། མཎྜལ་གསོལ་གདབ། སྡོམ་པ་བསྒྲག་བཟུང་། བྱིན་རླབས་ཆོས་


CMR020_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། འདོད་དྲི་ལན་གདབ། སེམས་བསྐྱེད་གསང་གདམས། དཀྱིལ་འཁོར་ཁང་འཇུག་དངོས་སོ། །དང་པོ་ནི། བཞི་བརྒྱ་ལྔ་བཅུ་པ་ལས། ཀུན་བྱེད་བུམ་པའི་ཆུ་ཡིས་ནི། །ཡོལ་བའི་མཐར་ནི་བསང་གཏོར་བྱ། །ཞེས་པ་ལྟར་སློབ་དཔོན་གྱིས་རྡོ་རྗེ་ལས་བུམ་གདོང་གཡོགས་སོགས་ཉེར་མཁོ་ཀུན་གཟུང་ལ། དཀྱིལ་འཁོར་གྱི་ཁང་པ་ཡོད་ན་དེའི་སྒོ་དྲུང་དང་མེད་ན་དཀྱིལ་འཁོར་དང་བར་དུ་ཡོལ་བས་བཅད་པར་བྱ། བསྒོམ་བྱ་ལ་ནི་སློབ་མ་གཟུང་བའི་སྒོ་སྒོ་ཁྱུད་གཉིས་ཀྱི་བར་སྒོ་གླེགས་ཀྱི་ནང་དེར་བྱེད་པ་ཡིན་ནོ། །གཉིས་པ་སྡོམ་པ་བསྒྲག་བཟུང་ལ་གསུམ་སྟེ། སྡོམ་པ་བསྒྲག་པ།་སྡོམ་པ་བཟུང་བ། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། རྡོ་རྗེ་རྩེ་མོ་ལས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། ཞེས་པ་ནས་གསང་བའི་རྒྱུད་ཀྱིས་རབ་ཏུ་བཤད། ཅེས་པའི་བར་གྱིས་སྡོམ་པ་བཟུང་ངོ་། །གཉིས་པ་སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་གོ །གསུམ་པ་དེ་ལས་འཕྲོས་པའི་དོན་


CMR020_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རིགས་ལྔའི་སྡོམ་གཟུང་གི་མཐར། སྔགས་སྡོམ་རྫོགས་པར་ཐོབ་འདོད་པ་སོགས་འདོད་ལུགས་མི་འདྲ་བ་མང་པོ་ཟིང་ཟིང་པོར་གྱུར་པའི་གཉེན་པོར། སྐབས་འདིར་མདོར་བསྡུས་ཙམ་སྟོན་པ་ལ་གསུམ་སྟེ། སྔགས་སྡོམ་གྱི་ངོ་བོ། དེའི་དབྱེ་བ། ཐོབ་དུས་བསྟན་པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། དེ་ལ་སྡོམ་པ་གང་ཞེ་ན། སྡོམ་པ་ནི་སྡོམ་པ་སྟེ་ལུས་དང་ངག་དང་སེམས་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་པ། ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་འགྱུར་བ་དེ་ནི་སྡོམ་པ་ཡིན་ནོ། །ཞེས་གསུངས་པ་ལྟར། བསྡམ་བྱ་གཟུང་འཛིན་གྱི་རྣམ་རྟོག་དང་འཕོ་བའི་བག་ཆགས་སྡམ་པར་བྱེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ་འཛིན་པར་དམ་བཅས་ནས། དེའི་ཐབས་ལ་སློབ་པར་ཁས་བླངས་པའི་སེམས་དཔའ་མཚུངས་ལྡན་དང་བཅས་པ་གང་ཞིག །རང་རྒྱུད་དབང་བསྐུར་བ་ལ་མངོན་དུ་གྱུར་པའོ། །འོ་ན་བདེ་ཆེན་གྱི་ཡེ་ཤེས་འཛིན་པ་དེ་ཉིད་སྔགས་སྡོམ་གྱི་ངོ་བོ་ཡིན་ན་རྒྱུད་སྡེ་འོག་མ་རྣམས་ལ་ཇི་ལྟར་ལེན་ཞེ་ན། སྐྱོན་མེད་དེ། བདེ་ཆེན་གྱི་ཡེ་ཤེས་དེ་མངོན་དུ་བྱེད་པའི་ཐབས་ལ། རྒྱུད་སྡེ་བཞི་པོ་ཟབ་མི་ཟབ་ཀྱི་


CMR020_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡོད་ཀྱང་དེ་མངོན་དུ་བྱེད་པའི་ཐབས་ཙམ་ཡིན་པ་དང་། གང་མངོན་དུ་བྱ་རྒྱུའི་ཡེ་ཤེས་དེ་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། འདོད་དྲི་ལན་གདབ་ཀྱིས་སྐལ་བཟང་བདེ་བ་ཆེན་པོ་ལའོ། །ཞེས་ཟེར་བའི་དུས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཡང་འདི་ཉིད་ལ་འཆད་དགོས་པའི་ཕྱིར་དང་། དྲིན་ལན་འདི་ནི་བྱ་སྤྱོད་ཀྱི་དཀྱིལ་ཆོག་ཚད་ལྡན་མང་པོར་བཤད་པའི་ཕྱིར་རོ། །མདོར་ན་རྒྱུད་སྡེ་རང་རང་གི་དབང་དོན་གྱི་ཡེ་ཤེས་དེ་ཀ་བདེ་ཆེན་གྱི་ཡེ་ཤེས་ཡིན་པས་རྒྱུད་སྡེ་འོག་མ་རྣམས་སུ་ཡེ་ཤེས་དེ་འཛིན་པར་ད་ཁས་བླངས་པ་ལ་ཉེས་པ་ཅུང་ཟད་ཀྱང་མེད་དོ། །སྔགས་སྡོམ་འདི་ལ་རིག་པ་འཛིན་པའི་སྡོམ་པ་ཞེས་ཀྱང་གྲགས་པའི་རིག་པ་ནི་གཟུང་འཛིན་གཉིས་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་འདི་ཀ་ཡིན་ཏེ། དྲི་མེད་འོད་ལས། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ལས་འདས་པ་སྟེ་དེའི་ཆོས་མི་མཐུན་པས་འཁོར་བ་པ་རྣམས་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ཀྱིས་གཟུང་བའོ། །དེའི་རིགས་མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་


CMR020_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་རིག་པ་སྟེ། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །ཞེས་གསུངས་པ་ལྟར་རོ། །འདིར་ཡང་སྔར་མེད་གསར་དུ་སྐྱེ་དགོས་པ་ནི་མིན་གྱི། གཞི་གདོད་མ་ནས་གྲུབ་ཟིན་དེ་ཉིད་གསལ་གདབ་པའི་སྒོ་ནས་འཛིན་པ་ཡིན་ཞིང་། དེ་འཛིན་པའི་ཐབས་ནི་ཕར་ཕྱིན་ཐེག་པ་ལའང་ཡོད་མོད་ཀྱི། ཐབས་དེ་ལ་སྡོམ་པར་འཇོག་པ་ནི་སྔགས་ཀྱི་ཐེག་པའི་ཁྱད་ཆོས་སོ། །རྗེ་བཙུན་གྲགས་པས། སྡོམ་པ་ཉི་ཤུ་པའི་ཊིཀྐར། དེའི་སྟེང་དུ་རིག་པ་འཛིན་པ་ནི་རིག་པ་འཛིན་པའི་སྡོམ་པ་ཡིན་ནོ་ཞེས་དང་། རྩ་ལྟུང་འཁྲུལ་སྤོང་ལས། རིག་པ་འཛིན་པ་ནི་དེ་དག་ཀྱང་ལྷའི་རྣམ་པའམ། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན་འདི་ལ་འགལ་བ་ཅི་ཡང་ཡོད་པ་མིན་ནོ། །ཞེས་ལྷའི་རྣམ་པའམ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་ལ་རིག་པ་འཛིན་པའི་སྡོམ་པར་བཤད་ཅིང་། དེ་དག་ཀྱང་རྒྱུད་སྡེ་འོག་མ་གསུམ་ལ་མཚན་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལྷའི་རྣམ་པ་དང་། ཡེ་ཤེས་ཀྱི་བྱིན་གྱིས་རླབས་པའི་དོན་དང་། བླ་མེད་ལ་བསྐྱེད་རྫོགས་གཉིས་དེ་དག་གི་དོན་དུ་འཆད་པས་རྒྱུད་སྡེ་བཞི་ཆར་ལ་འཇུག་


CMR020_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པ་དང་། སངས་རྒྱས་གསང་བའི་རྣམ་འཇོམས་གཟུངས་འགྲེལ་ལས། དེ་ལ་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་དང། གཉན་གྱི་མུ་ཏིག་ཕྲེང་བ་ལས་རིག་པ་ནི་དཀྱིལ་འཁོར་དུ་ཞུགས་པའི་དུས་སུ་མེ་ཏོག་གང་ལ་ཕོག་པའི་ལྷ་དང་དེའི་སྔགས་ཡིན་ལ། དེ་འཛིན་པ་ནི་སྒོམ་བཟླས་ཀྱི་སྒོ་ནས་དེ་མཉེས་པར་བྱེད་པའོ། །ཞེས་ལྷ་དང་སྔགས་འཛིན་པ་ལ་རིག་པ་འཛིན་པར་གསུངས་པ་དང་། དཀྱིལ་ཆོག་ཕལ་ཆེ་བ་ལས། རིག་པའི་དབང་ལྔའི་སྒྲ་དོན་མ་རིག་པ་སོགས་ཉོན་ལ་མོངས་པ་ལྔ་གནས་འགྱུར་པའི་ཡེ་ཤེས་ལྔ་ལ་འཆད་ཅིང་། དེ་འཛིན་པ་ནི་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་ལ་གསུངས་པ་སོགས་འཆད་ཚུལ་མང་དུ་ཡོད་ཀྱང་། གོང་གི་བདེ་ཆེན་གྱི་ཡེ་ཤེས་ལ་རིག་པར་བཤད་པ་དང་མི་འགལ་ཏེ་ཡེ་ཤེས་དེ་ཉིད་ལྷ་དང་སྔགས་བསྐྱེད་རྫོགས་ཀྱི་ངོ་བོར་ཤར་བའི་ཕྱིར། དེ་ལྟར་ཡང་། རྣལ་འབྱོར་མ་ཀུན་སྤྱོད་ལས། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཁ་ཅིག་བྱ་སྤྱོད་གཉིས་སུ་ཀུན་རྫོབ་སེམས་བསྐྱེད་


CMR020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་ལས་ལྷག་པའི་སྔགས་སྡོམ་འཛིན་རྒྱུ་དང་ཐོབ་རྒྱུ་གང་ཡང་མེད་ཅེས་གསུངས་པ་དེ་ཡང་གཏན་མི་རིགས་ཏེ་བཤད་མ་ཐག་པའི་རྒྱུན་དེ་དག་གིས་དང་། གཞན་ཡང་དེ་ལྟར་འདོད་ན་བྱ་སྤྱོད་གཉིས་ཀྱི་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མི་འཐོབ་པར་འགྱུར་ཞིང་། འདོད་ན་རྒྱུད་སྡེ་གོང་མ་གཉིས་ཀྱི་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་ཀྱང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མི་ཐོབ་པར་འགྱུར་བ་དང་། གཞན་ཡང་བྱ་སྤྱོད་ཀྱི་དབང་བསྐུར་ལ་ལྟོས་པའི་རྩ་ལྟུང་ཡང་བྱང་སེམས་ཀྱི་སྡེ་སྣོད་ལས་བཤད་པ་དེ་ལས་གཞན་མི་འབྱུང་བར་འགྱུར་ལ། འདོད་ན་དེ་ལས་གཞན་དུ་མ་ཞིག་བྱ་སྤྱོད་ཀྱི་རྒྱུད་དུ་གསལ་བར་གསུངས་པས་སོ། །བྱ་སྤྱོད་གཉིས་སུ་ཕར་ཕྱིན་ཐེག་པ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འཛིན་རྒྱུ་ནི་དུས་སུ་སྒྲིབ་མེད་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་བ་དེ་ཡིན་ལ། དེ་ནི་བྱ་རྒྱུད་དམ་ཚིག་དེ་ལ་འཇུག་པའི་ཚུལ་དང་། སྤྱོད་རྒྱུད་དུ་དེ་ལ་གནས་པའི་ཚུལ་གྱིས་སྡོམ་པ་གཟུང་བ་ཡིན་ནོ། །སྡོམ་པ་དེའི་མིང་གི་རྣམ་གྲངས་ལ་བྱ་རྒྱུད་དུ་བདག་འབུལ་བའི་སྡོམ་པ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའང་ཟེར་ཏེ་གོང་གི་བདེ་ཆེན་གྱི་


CMR020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དེ་དང་དོན་གཅིག་གོ །གཉིས་པ་དེའི་དབྱེ་བ་ལ་བཞི་སྟེ། བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྒོ་ནས་དབྱེ་བ། རྗོད་བྱེད་རྒྱུད་སྡེ་བཞི་ཡི་སྒོ་ནས་དབྱེ་བ། །ཐོབ་བྱེད་ཆོ་གའི་སྒོ་ནས་དབྱེ་བ། ཇི་ལྟར་འཐོབ་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་རྒྱུད་ཀྱི་སྔགས་སྡོམ། ཐབས་རྒྱུད་ཀྱི་སྔགས་སྡོམ། འབྲས་རྒྱུད་ཀྱི་སྔགས་སྡོམ་མོ། །དང་པོ་ནི། རྣམ་གྲངས་ཀྱི་ཆོས་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་སྟེ། བརྟག་གཉིས་ལས། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེར་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་པ་དེར་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག ། ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཐབས་ཁྱད་པར་ཅན་བསྐྱེད་རྫོགས་གཉིས་སོ། །མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཏེ། བརྟག་གཉིས་ལས། སངས་རྒྱས་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་དང་། རྣལ་འབྱོར་མ་ལུས་དབུས་


CMR020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ། ཨ་ཡི་རྣམ་པའི་སྡོམ་པ་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་འབྲས་རྒྱུད་ཀྱི་སྡོམ་པ་སྣང་བ་ཐམས་ཅད་རང་སྣང་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བསྡོམ་པ་སྟེ། གུར་དང་བརྟག་གཉིས་ལས། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱ་གསུངས་། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གསུམ་ལས་དང་པོ་ནི། སྔགས་སྡོམ་བཏགས་པ་བ་དང་། ཕྱི་མ་གཉིས་ནི་མཚན་ཉིད་པའོ། །དེ་ནས་གཉིས་པ་རྗོད་བྱེད་རྒྱུད་སྡེ་བཞིའི་སྒོ་ནས་དབྱེ་བ་ལ་བཞི་སྟེ། བྱ་རྒྱུད་ཀྱི་སྔགས་སྡོམ། སྤྱོད་རྒྱུད་ཀྱི་སྔགས་སྡོམ། རྣལ་འབྱོར་རྒྱུད་ཀྱི་སྔགས་སྡོམ། བླ་མེད་རྒྱུད་ཀྱི་སྔགས་སྡོམ་མོ། །དང་པོ་ནི་། རྒོད་པའི་བདེ་བ་ལམ་བྱེད་ཀྱི་སྒོ་ནས་གཟུང་འཛིན་གྱི་རྟོག་པ་དང་འཕོ་བའི་བག་ཆགས་སྡོམ་པར་བྱེད་པའི་བདེ་ཆེན་གྱི་ཡེ་ཤེས་འཛིན་པར་དམ་བཅས་པ། གཉིས་པ་ནི། །བལྟས་པའི་བདེ་བ་ལམ་བྱེད་ཀྱི་སྒོ་ནས་དེ་ལྟར་དམ་བཅས་པ། གསུམ་པ་ནི། ལག་བཅངས་ཀྱི་བདེ་བ་ལམ་བྱེད་ཀྱི་སྒོ་ནས་དེ་ལྟར་དམ་བཅས་པ། བཞི་པ་ནི། དབང་པོ་


CMR020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་ཀྱི་སྒོ་ནས་དེ་ལྟར་དམ་བཅས་པའོ། །དེ་ལྟ་བས་ན་ཐེག་པ་ཐུན་མོང་གི་སྤང་བྱ་གཟུང་འཛིན་རྣམ་རྟོག་ཕྲ་རིགས་བཞི་དང་། ཐུན་མོང་མ་ཡིན་པ་སྔགས་ཀྱི་སྤང་བྱ་འཕོ་བའི་བག་ཆགས་ཕྲ་རགས་བཞིའི་གཉེན་པོར་ཆོ་ག་མི་འདྲ་བ་བཞིའི་དབྱེ་བས་གཟུང་འཛིན་གཉིས་མེད་ཀྱི་རིག་པ་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཛིན་པར་དམ་བཅས་པ་ནི་རྒྱུད་སྡེ་བཞི་པོའི་རིག་པ་འཛིན་པའི་སྡོམ་པ་སོ་སོའི་ཁྱད་པར་དུ་བྱ་བ་དག་ཡིན་ནོ། །འོ་ན་འཕོ་བའི་བག་ཆགས་དང་རྣམ་རྟོག་ཕྲ་རགས་བཞིའི་ཁྱད་པར་གང་ཡིན་ཞེ་ན། འདོད་ཆགས་བཞིའི་ཁྱད་པར་ནི། སམྦུ་ཊ་ལས། རྒོད་དང་བལྟ་དང་ལག་བཅང་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་པའི་ཕྱིར། རྒོད་དང་བལྟ་དང་ལག་བཅངས་དང་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་རྣམས་ལམ་དུ་བྱས་པའི་སྒོ་ནས་ཆགས་པ་དེ་དག་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་དུ་འཛིན་པར་བྱེད་པའོ། །འདོད་ཆགས་དེ་སྤང་སླ་བ་ལ་རགས་པ་དང་། དཀའ་བ་ལ་ཕྲ་བའི་ཐ་སྙད་བྱས་ཀྱི་ཆེ་ཆུང་ལ་ཕྲ་རགས་སུ་བཏགས་པ་མིན་


CMR020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེང་སང་ཡིག་ཆ་མང་པོར་དགོད་ལྟའི་འདོད་ཆགས་གཉིས་གོ་རིམ་བཟློག་ནས་འབྱུང་བ་མ་དག་སྟེ། གོང་དུ་བརྗོད་པའི་སམྦུ་ཊིའི་ལུང་གི་གོ་རིམ་དང་བརྟག་གཉིས་དང་རྡོ་རྗེ་སྙིང་འགྲེལ་ལ་སོགས་ལས་དགོད་བལྟ་གཉིས་བུམ་དབང་དང་གསང་དབང་ལ་སྦྱར་བའི་གོ་རིམ་གསུངས་པའི་ཕྱིར་རོ། །གསུམ་པ་འཐོབ་བྱེད་ཆོ་གའི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། །སྟ་གོན་གྱི་སྐབས་སུ་འཐོབ་པ་དང་། འཇུག་པའི་སྐབས་སུ་འཐོབ་པ་དང་། དངོས་གཞིའི་སྐབས་སུ་འཐོབ་པའོ། །དང་པོ་ནི། སོ་ཐར་དང་བྱང་སེམས་རྒྱུན་བཤགས་ཀྱི་སྐབས་སུ་འཐོབ་པ་དང་། སྔགས་སྡོམ་གྱི་རང་ལྡོག་གནས་གསུམ་བྱིན་རླབས་ཀྱི་སྐབས་སུ་ཇི་ཙམ་ཐོབ་པ་ཐམས་ཅད་སྐབས་འདིར་སྔགས་སྡོམ་གྱི་ངོ་བོར་སྐྱེ་བ་དེ་དག་གོ །གཉིས་པ་ནི། ཕྱི་འཇུག་གི་འདོད་དྲི་ལན་གདབ་དང་། ཟླ་བ་རྡོ་རྗེས་ངོས་སྤྲད་པའི་སྐབས་སུ་ཐོབ་པ་དང་། ནང་འཇུག་གི་དམ་བཞག་དང་། ཡེ་ཤེས་དབབ་པ་དང་། ལྷ་ངོ་བསྟན་པའི་སྐབས་སུ་འཐོབ་པ་རྣམས་ལ་ལྷ་དང་སྐལ་མཉམ་གྱི་སྡོམ་པ་ཞེས་གསུངས་པ་རྣམས་སོ། །གསུམ་པ་དངོས་གཞིའི་སྐབས་སུ་འཐོབ་པ་ལ་གསུམ་སྟེ། རྒྱུད་སྡེ་འོག་མའི་ལུགས་


CMR020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བླ་མེད་ཀྱི་ལུགས་སོ། དང་པོ་ནི། རྒྱུད་སྡེ་འོག་མ་གསུམ་ལ་རང་གི་དབང་གི་དངོས་གཞིའི་སྐབས་སུ་ཐོབ་པ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། །བུམ་དབང་གི་སྐབས་སུ་འཐོབ་པ་དང་། དབང་གོང་མའི་སྐབས་སུ་འཐོབ་པའོ། །དང་པོ་ནི། སམྦུ་ཊ་ལས། ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ནས་སྣ་ཚོགས་སྡོམ་པ་ཡིས་། །ཞེས་གསུངས་པའི་དོན་ཐ་མལ་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པའི་བསྐྱེད་རིམ་གྱི་སྡོམ་པའོ། །འདི་ལའང་རྣལ་འབྱོར་རྒྱུད་དང་ཐུན་མོང་བའི་བསྐྱེད་རིམ་གྱི་སྡོམ་པ་དབང་གི་སྔོན་འགྲོའི་རིགས་ལྔའི་སྡོམ་གཟུང་གི་སྐབས་ཁས་བླངས་ཀྱིས་ཐོབ་པ་དང་། བླ་མེད་ཐུན་མོང་མ་ཡིན་པའི་བུམ་དབང་གི་སྡོམ་པ་མཐའ་རྟེན་གྱི་སློབ་དཔོན་སྨད་པར་མི་བྱ་ཞིང་ཞེས་སོགས་ཀྱི་མཐར་ཐོབ་པ་སྟེ་གཉིས་སུ་དབྱེར་ཡོད་དོ། །གཉིས་པ་དབང་གོང་མའི་སྐབས་སུ་འཐོབ་པ་ནི། བརྟག་གཉིས་ལས། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨ་ཡི་རྣམ་པའི་སྡོམ་པ་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་གསུངས་པའི་དོན་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྡོམ་པར་བྱེད་


CMR020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་རིམ་གྱི་སྡོམ་པའོ། །འདི་གཉིས་ཀྱི་ཁྱད་པར་ཡང་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་མ་གྱུར་པ་འཛིན་པ་དང་། མངོན་དུ་གྱུར་ཟིན་འཛིན་པའི་དབྱེ་བས་ཕྱེ་བ་ཡིན་ལ། དེ་གཉིས་ཀྱི་ཆོ་ག་ལ་ཡང་ཡེ་ཤེས་དེ་ཉིད་རྒྱུད་ནས་འདྲེན་པ་དང་། དངོས་སུ་འདྲེན་པའི་ཁྱད་པར་ཡོད་དོ། །མདོར་ན་དབང་གོང་མ་ལས་ཐོབ་པའི་སྡོམ་པ་དེས་མི་མཐུན་ཕྱོགས་གང་ཞིག་སྡོམ་པ་དང་། མཐུན་ཕྱོགས་གང་ཞིག་སྒྲུབ་པ་ནི། བརྟག་གཉིས་ལས། རྡོ་རྗེ་སྙིང་པོས་གསོལ་བ། སྡོམ་པ་ཞེས་བྱ་གང་གིས་དང་། །དམ་ཚིག་གང་གིས་གནས་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཁྱོད་ཀྱི་སྲོག་ཆགས་བསད་པ་དང་། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོངས། །ཕ་རོལ་བུད་མེད་བསྟེན་པར་གྱིས། །སེམས་གཅིག་སྲོག་ཆགས་བསད་པ་ཉིད། །གང་ཕྱིར་སེམས་ནི་སྲོག་ཏུ་བརྗོད། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །རྫུན་གྱི་ཚིག་ཏུ་རབ་ཏུ་གྲགས་། །བཙུན་མོ་ཁུ་བ་མ་བྱིན་པར། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་ཕྱོགས་རེ་ནས་བཤད་པ་ཙམ་ཡིན་གྱི། རྫོགས་རིམ་


CMR020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡོམ་པ་དངོས་ནི། ཕར་ཕྱིན་ཐེག་པ་ལྟར་ཞོག་བསྐྱེད་རིམ་མན་ཆད་ཀྱིས་མ་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཡིན་ལ། ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་ནས་ཡེ་ཤེས་དེས་བྱིན་གྱིས་བརླབས་ནས་གསང་སྔགས་ཀྱི་ཀུན་སྤྱོད་མཐའ་དག་ཉམས་སུ་ལེན་པར་བྱེད་པའི་སེམས་དཔའ་མཚུངས་ལྡན་དང་བཅས་པའོ། །དེ་ཡང་དབང་གསུམ་པ་ལས་སྐྱེས་པ་མཚོན་བྱེད་དཔེ་དང་དེའི་རིགས་རྒྱུད་གོམས་པར་བྱས་པ་བཞི་པ་ལས་སྐྱེས་པ་ནི་མཚོན་བྱ་དོན་གྱི་ཡེ་ཤེས་ཏེ། མཆོག་གི་དངོས་གྲུབ་ཅེས་ཀྱང་བྱའོ། །བཞི་པ་ཇི་ལྟར་འཐོབ་ཚུལ་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། ཁས་བླངས་ཀྱིས་འཐོབ་པ་དང་། ཆོ་གས་འཐོབ་པའོ། །དང་པོ་ནི། སྟ་གོན་འཇུག་པའི་སྐབས་ཀྱི་སྡོམ་གཟུང་ལན་གསུམ་གྱི་སྐབས་ནས་འཐོབ་མོད། འོན་ཀྱང་དངོས་གཞིའི་ཆོ་ག་ལ་མ་ལྟོས་པར་སྐབས་དེར་ཁས་བླངས་བའི་དམ་ཚིག་རྣམས་ཀྱང་བསྲུང་བར་དབང་བ་ཡིན་ཏེ། དཔེར་ན་བར་མ་རབ་བྱུང་གི་སྐབས་སུ། རབ་བྱུང་དུ་ཁས་བླངས་ཀྱང་རབ་བྱུང་གི་སྡོམ་པ་བསྲུང་བ་དགེ་ཚུལ་ལམ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ་ལྟོས་པ་བཞིན་ནོ། །འོ་ན་ཁས་བླངས་ཀྱིས་


CMR020_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ཚུལ་ཇི་ལྟར་སྙམ་ན། དབང་གི་དངོས་གཞི་ལ་བརྟེན་ནས་སྔགས་སྡོམ་མཚན་ཉིད་པ་ཐོབ་ཚེ་དམ་ཚིག་དང་སྡོམ་པ་འདི་དག་བསྲུང་བར་བྱའོ། །ཞེས་པའི་ཚུལ་གྱིས་སོ། །གཉིས་པ་ཆོ་གས་འཐོབ་པ་ནི། འདི་དག་སྔགས་སྡོམ་གྱི་གཙོ་བོ་ཡིན་པས་བྱ་རྒྱུད་ལ་ཆུ་ཅོད་པན་གྱི་དབང་། སྤྱོད་རྒྱུད་ལ་རིགས་དབང་ལྔ། རྣལ་འབྱོར་རྒྱུད་ལ་ཕྱིར་མི་ལྡོག་པའི་དབང་། བླ་མེད་ལ་དབང་བཞི་རྫོགས་པར་འཐོབ་པའི་ཚེ། རྒྱུད་སྡེ་བཞི་པོ་རང་རང་གི་རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་ཐོབ་ཅིང་། དེའི་ཚེ་རང་རང་གི་སྔགས་སྡོམ་གྱི་གཙོ་བོ་རྫོགས་པར་ཐོབ་པ་ཡིན་པས་དེ་དག་གོ །འོ་ན་བྱ་སྤྱོད་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཇི་ལྟར་ཞེ་ན། སྤྱིར་རྒྱུད་སྡེ་རང་རང་གི་དབང་བསྐུར་རྒྱུད་འཆད་རབ་གནས་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་བྱེད་པ་ལ། དེ་ཡི་དབང་ཐོབ་དགོས་པའི་རིགས་པས་རྒྱུད་སྡེ་བཞི་ཀ་ལ་རིགས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ཡོད་པར་གྲུབ་ཅིང་། ལུང་གིས་ཀྱང་ཤེས་ཏེ། ཕྱག་རྡོར་དབང་བསྐུར་ལས། ལག་པ་གཡས་སུ་རྡོ་རྗེ་དང་། །གཡོན་དུ་འཁོར་ལོ་བཞག་ནས་སུ། །སློབ་མ་ལ་ནི་འདི་སྐད་དུ། །རྡོ་རྗེ་སློབ་དཔོན་ཁྱོད་གྱུར་


CMR020_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཞེས་དང་། སྤྱི་རྒྱུད་ལས། སློབ་དཔོན་གོ་འཕང་རབ་བསྒྲུབ་ཕྱིར། །དང་པོ་ཡོངས་སུ་བསྒྲག་པ་ཡིན། །ཞེས་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བསྒྲུབ་པའི་ཆེད་དུ་དབང་དང་པོ་ཆུ་དང་ཅོད་པན་གྱི་དབང་བསྐུར་བར་གསུངས་པའི་ཕྱིར། འོ་ན་ཡེ་ཤེས་ཐིག་ལེ་ལས། སློབ་དཔོན་གྱི་དབང་རྣལ་འབྱོར་རྒྱུད་ཀྱི་ཁྱད་ཆོས་སུ་བཤད་པ་མིན་ནམ་སྙམ་ན། དེ་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་ལ་དགོངས་པས་སྐྱོན་མེད་དོ། །གསུམ་པ་ཐོབ་དུས་བསྟན་པ་ལ་གསུམ་སྟེ། མི་འཐད་པའི་ཕྱོགས་དགག་པ། འཐད་པའི་ཕྱོགས་སྒྲུབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ས་སྐྱ་པ་ཁ་ཅིག །ཡོལ་བའི་ཕྱི་འཇུག་གི་སྐབས་སུ་བདེན་གཉིས་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་བསྐྱེད་ཨོཾ་སརྦ་ཡོ་ག་ཙིཏྟ་སོགས་ཀྱི་རྗེས་སུ་ཐོབ་པར་འདོད་པ་དང་། རྗེ་ས་པཎ་གྱིས་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་འདི་བླངས་པའི་བརྗོད་པ་གསུམ་པའི་ཐ་མ་ལ་གསང་སྔགས་པའི་ལུགས་ཀྱི་སྡོམ་པ་སྐྱེ་བ་ཡིན་ཞེས་དང་། རྗེ་ཙོང་ཁ་པས། སྔགས་ལམ་རིམ་དུ་སྐྱེ་བའི་དུས་ནི་འབོགས་ཆོག་ལན་གསུམ་བྱས་པའི་མཐར་སྐྱེ་བས། ཆུ་


CMR020_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱིན་ཆད་ཀྱི་དབང་བསྐུར་བ་ལ་མི་ལྟོས་ཏེ། རྩེ་མོ་ལས། སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་སྔགས་སྡོམ་ལ་བཀོད་པའི་འོག་ཏུ་ལྷ་ངོ་བསྟན་པར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ས་སྐྱ་པ་ཁ་ཅིག་དང་། དགའ་ལྡན་པ་དང་། བོ་དོང་པ་ཕལ་ཆེར་སྟ་གོན་ནམ་འཇུག་པའི་རིགས་ལྔའི་སྡོམ་གཟུང་གི་མཐར་སྔགས་སྡོམ་རྫོགས་པར་འཐོབ་པ་ཡིན་གསུངས་པ་མི་འཐད། དེ་ལྟར་ཡིན་ན། སྨིན་བྱེད་དབང་གི་དངོས་གཞིའི་ཆོ་ག་དོན་མེད་དུ་ཐལ།་སྨིན་བྱེད་ཀྱི་དབང་བསྐུར་གྱི་ཆོ་ག་ནི།་སྔགས་སྡོམ་རྒྱུད་ལ་བསྐྱེད་པའི་ཆ་དེ་ཡིན་ལ། དེ་ནི་སྟ་གོན་ནམ་འཇུག་པའི་སྐབས་སུ་རྫོགས་པར་ཐོབ་ཟིན་པའི་ཕྱིར་རོ། གཞན་ཡང་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་ལེན་པར་ཁས་བླངས་པ་ཙམ་གྱིས་བསྐྱེད་རྫོགས་རྟོགས་ཐུབ་པར་ཐལ། རིགས་ལྔའི་སྡོམ་པ་བཟུང་བར་ཁས་བླངས་པ་ཙམ་གྱིས་སྔགས་སྡོམ་ཐོབ་ནུས་པའི་ཕྱིར་རོ། །ཡང་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཡང་དངོས་གཞི་ཆོ་ག་ལ་མ་ལྟོས་པར་སྦྱོར་བའི་སྐབས་སུ་རྫོགས་པར་ཐོབ་པ་ཡོད་པར་ཐལ། དབང་གི་དངོས་གཞི་ལ་མ་ལྟོས་པར་སྟ་


CMR020_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གོན་ནམ་འཇུག་པའི་སྐབས་སུ་སྔགས་སྡོམ་རྫོགས་པར་ཐོབ་པ་ཡོད་པའི་ཕྱིར། ཡང་དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་དམ་ལ་བཞག་པ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་གི་གསོལ་གདབ་ལ། སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པའང་བླ་ན་མེད་པར་སྩོལ། །ཞེས་ཚད་ལྡན་མང་པོས་བཤད་པ་དགོས་མེད་དུ་ཐལ། འཇུག་པའི་སྐབས་སུ་བླ་མེད་ཀྱི་དམ་ཚིག་དང་སྔགས་སྡོམ་རྫོགས་པར་ཐོབ་ཟིན་པའི་ཕྱིར། ཡང་དཀྱིལ་ཆོག་ཚད་ལྡན་ཕལ་ཆེ་བར། ཡེ་ཤེས་ཕབ་རྗེས་དཀྱིལ་འཁོར་དུ་མེ་ཏོག་འཐོར་བའི་ཚེ་ལན་གསུམ་སྦྱར་ཡང་། རྩིག་པའི་ཕྱིར་ལྷུང་ན་གསང་སྔགས་བསྒྲུབ་པའི་སྐལ་བ་མེད་པར་གསུངས་པ་མི་རིགས་ཏེ། དེའི་གོང་ནས་སྔགས་སྡོམ་རྫོགས་པར་ཐོབ་པ་དེ་དང་སྐལ་བ་མེད་པ་འགལ་བའི་ཕྱིར་རོ། །ཡང་བླ་མེད་དང་ཡོ་གའི་སྡོམ་པ་ལ་ཁྱད་པར་མེད་པར་འགྱུར་ཏེ། སྡོམ་བཟུང་གི་ཆོ་ག་ཁྱད་མེད་གཅིག་གིས་སྡོམ་པ་དེ་གཉིས་ཀ་ཐོབ་པར་མཚུངས་པའི་ཕྱིར་འདོད་ན་བཀའ་སྲུང་བསྟན་པ་མི་འབྲལ་བའི་དམ་ཚིག་རྣམས་ཀྱང་ཁྱད་མེད་དུ་འགྱུར་རོ། །གཉིས་པ་འཐད་པའི་ཕྱོགས་སྒྲུབ་པ་ནི། རྒྱུད་སྡེ་བཞི་པོ་རང་རང་གི་


CMR020_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་དངོས་གཞི་རྫོགས་པར་ཐོབ་པའི་ཚེ། རང་རང་གི་དབང་བསྐུར་བ་དང་། རྒྱུད་འཆད་པ་དང་། རབ་ཏུ་གནས་པ་སོགས་ལ་དབང་བའི་ཕྱིར་ན། རང་རང་གི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་ཡིན་ལ། དེའི་མཐའ་རྟེན་དུ་སློབ་དཔོན་ལ་དགོས་པའི་དམ་ཚིག་རྣམས་རྒྱས་པར་བསྒྲགས་ནས་བསྡུས་ཏེ་བཟུང་བ་ལན་གསུམ་བྱས་པའི་མཐར། སྔགས་སྡོམ་ཡང་ཡོངས་སུ་རྫོགས་པ་འཐོབ་པ་ཡིན་ཏེ། དེའི་ཚེ་དེ་འདྲ་དེ་རང་རང་ལ་ལྟོས་པའི་རྩ་བའི་ལྟུང་བ་དེ་དང་དེ་བསྐྱེད་པའི་རྟེན་དུ་རུང་བ་ཡིན་ལ། དེའི་སྔ་རོལ་དུ་མ་ཡིན་པའི་ཕྱིར་རོ། དེ་ཡང་སྡོམ་པ་སྐྱེ་བའི་ཐོག་མ་ནི་སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས་པའི་དུས་དེ་ནས་མགོ་བཟུང་བ་ཡིན་ལ། སྐྱེས་ཟིན་པའི་མཐའ་ནི་རྒྱུད་སྡེ་རང་རང་གི་དབང་གི་མཐའ་རྟེན་རྫོགས་ཟིན་པའི་དུས་དེ་ཁོ་ནའོ། །སྐྱེ་ཚུལ་ཡང་སློབ་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པས་སྔགས་སྡོམ་གྱི་ས་བོན་བཏབ། རིགས་ལྔའི་སྡོམ་བཟུང་ལན་གསུམ་གྱིས་དེ་ཉིད་གསོལ་བ་བཏབ་ཡེ་ཤེས་ཕབ་པས་དེ་ཉིད་བྱིན་གྱིས་རླབས། རིགས་དབང་ལྔ་བརྟུལ་ཞུགས་ཀྱི་དབང་དང་བཅས་པ་བསྐུར་བས་ཆོས་


CMR020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ཕུང་པོ་ལྔ་པོ་རེ་རེ་བ་དྲི་བཅས་ཀྱི་ཆོས་ཉིད་དང་བཅས་པའི་དྲུག་པོ་སངས་རྒྱས་རིགས་ལྔ་རྡོར་སེམས་དང་དྲུག་ཏུ་བྱིན་གྱིས་རླབས་ཏེ་དེ་ཉིད་རྒྱས་པར་བྱས། བུམ་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་སྦྱངས་ནས་བརྟན་གཡོ་སྣོད་བཅུད་ཐམས་ཅད་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རོལ་པར་ཤར་ཏེ། དེ་ཉིད་ཤིན་ཏུ་རྒྱས་པར་བྱས། མཆོག་དབང་གོང་མ་གསུམ་བསྐུར་བས་གྱ་ནོམ་ལྷར་ཞེན་པའི་དྲི་མ་སྦྱངས་ནས་སྲིད་ཞི་ཐམས་ཅད་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོར་གྲོལ་ནས་དེ་ཉིད་ཡོན་ཏན་འཕེལ་རྒྱས་མཐར་ཐུག་པར་བྱས་པ་ལས། རྣལ་འབྱོར་བླ་མེད་ཀྱི་སྔགས་སྡོམ་ཡོངས་སུ་རྫོགས་པར་སྐྱེ་ཞིང་ཐོབ་པ་ཡིན་ནོ། །དེས་ན་རྒྱུད་སྡེ་འོག་མ་རྣམས་སུ་མ་རྫོགས་པའི་སྔགས་སྡོམ་དང་། བླ་མེད་དུ་ཡོངས་སུ་རྫོགས་པའི་སྔགས་སྡོམ་ཞེས་ཀྱང་འཐོབ་བོ། །གསུམ་པ་དེ་ལ་རྩོད་པ་སྤང་པ་ནི། བླ་མེད་ཀྱི་དབང་དུ་བྱས་པའི་རྡོ་རྗེ་སློབ་དཔོན་དབང་ལ་གཉིས་ལས། བུམ་དབང་གི་ནང་ཚན་གྱི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་བསྐྱེད་ནས་དམ་ཚིག་གསུམ་སྦྱིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཞག་པ་ནི། ཡོ་ག་


CMR020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོ་བསྟུན་པ་ཡིན་ལ། བླ་མེད་རང་ལུགས་རྡོ་རྗེ་སློབ་དཔོན་གྱི་དབང་ཡོངས་སུ་རྫོགས་པ་ལ་ནི། དབང་གོང་མ་གསུམ་ངེས་པར་ཐོབ་དགོས་ཏེ། བུམ་དབང་ཙམ་ཐོབ་པའི་གང་ཟག་གིས་དབང་གོང་མ་གསུམ་བསྐུར་བ་དང་། བླ་མེད་ཀྱི་རྫོགས་པའི་རིམ་པ་རྣམས་རང་གིས་ཉམས་སུ་ལེན་པ་དེ་གཞན་ལ་བཤད་དུ་མི་རུང་བའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་སྙིང་འགྲེལ་ལས། སློབ་དཔོན་གྱི་དབང་ནི་དྲང་བའི་དོན་དུ་བུམ་དབང་ཡང་ཡིན་ལ། ངེས་པའི་དོན་དུ་ནི་བཞི་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ཁོ་ན་སློབ་དཔོན་ཞེས་བརྗོད་ཀྱི་བུམ་དབང་ཙམ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་ངེས་ཚིག་དང་མི་ལྡན་པའི་ཕྱིར་རོ། །ཞེས་དང་། བདེ་མཆོག་སྟོད་འགྲེལ་ལས། སློབ་དཔོན་ཉིད་ནི་རྡོ་རྗེ་འཆང་གི་མིང་སྟེ། དེ་ཇི་ལྟར་དང་པོ་བུམ་པའི་དབང་བསྐུར་བས་ཞེས་བྱ། དེའི་ཕྱིར་འདི་ནི་གང་ཞིག་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཁྲུལ་པ་སྟེ། རིགས་པས་མི་འཐད་པའི་ཕྱིར་རོ་།ཞེས་དང་། དུས་འཁོར་ལས་ཀྱང་དབང་བཞི་རྫོགས་པའི་མཐར་རྡོ་རྗེ་སློབ་དཔོན་བདག་ཆེན་གྱི་དབང་བསྐུར་བར་གསུངས་པ་ལྟར། རྡོ་རྗེ་སློབ་དཔོན་གྱི་དབང་ལ་དངོས་


CMR020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་དབྱེ་དགོས། བདག་འཇུག་རྐྱང་པ་ལ་བསྒྲིག་བཟུང་གཉིས་ཀ་དགོས་སམ་མི་དགོས་སྙམ་ན། བསྒྲིག་ཚིག་རྣམས་ཀྱང་བླ་མས་གསུངས་པ་ལྟར་བསམ་སྟེ་བརྗོད་ན་ལེགས་མོད།་ཕྱག་ལེན་ཕལ་ཆེར་བཟུང་བ་རྐྱང་པ་བྱེད་པ་མང་བས་སྐྱོན་མེད་དོ། །གསུམ་པ་བྱིན་རླབས་ཆོས་གསུམ། བཞི་པ་འདོད་དྲི་ལན་གདབ། ལྔ་པ་སེམས་བསྐྱེད་གསང་གདམས། དྲུག་པ་དཀྱིལ་འཁོར་ཁང་འཇུག་རྣམས་ནི་དཀྱིལ་ཆོག་སོ་སོ་ནས་གསལ་བས་འདིར་མ་སྤྲོས་སོ། །གཉིས་པ་ནང་ནས་དཀྱིལ་འཁོར་དུ་འཇུག་པའི་སྐོར་དང་། གཉིས་པ་དཀྱིལ་འཁོར་མཐོང་བའི་བདག་ཉིད་དུ་འཇུག་པ་རྣམས་ནི་འདིར་མ་སྤྲོས་ལ། གསུམ་པ་དེ་དག་གི་སྐབས་སུ་སྡོམ་པ་གང་ཐོབ་པ་ནི། ཕྱི་འཇུག་དུས་རྒྱུན་བཤགས་དང་། སྡོམ་བཟུང་ལས་ཙམ་ཐོབ་གོང་དུ་བཤད་ཟིན་ལ། སྡོམ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ནི་ཟླ་བ་རྡོ་རྗེའི་སེམས་བསྐྱེད་སྐབས་བདེན་གཉིས་ཀྱི་བདག་ཉིད་ཅན་གྱི་བྱང་སེམས་གཟུགས་ཀྱི་རྣམ་པས་བསྐྱེད་པ་ཙམ་ཞིག་ཐོབ་སྟེ། བྱང་སེམས་གཉིས་གཟུགས་ཀྱི་རྣམ་པར་བསྒོམས་པས་ཕར་ཕྱིན་ཐེག་པ་དང་ཐུན་མོང་མིན་པར་གྲུབ་ལ། ཆོ་གས་


CMR020_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་སྐབས་བབ་ཀྱི་སྡོམ་པ་ཞིག་ཀྱང་འཐོབ་པའི་ཕྱིར་རོ། །ནང་འཇུག་གི་སྐབས་དམ་བཞག་གི་ཚེ། ཡིད་ཀྱི་ཁས་བླངས་པ་ཙམ་ཐོབ་རྒྱུ་ཡོད་ཀྱང་གཙོ་བོར་ཡེ་ཤེས་དབབ་དུས་ཀྱི་མྱོང་བ་ཁྱད་པར་ཅན་ནོ། །དཀྱིལ་འཁོར་མཐོང་བ་ལས་ཙམ་ཐོབ་ཀྱི་སྡོམ་པ་ཉིད་ཡིན་ནོ། །དེས་ན་འཇུག་པའི་སྐབས་སུ་སོ་ཐར་དང་བྱང་སྡོམ་རྒྱུན་བཤགས་དུས་ཐོབ་པ་ཉིད་ཡིན་ལ། སྔགས་སྡོམ་འདོད་དྲི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་བའི་བར་དུ་འཐོབ་པ་རྣམས་ལ་ལྷ་དང་སྐལ་པ་མཉམ་པའི་སྔགས་སྡོམ་ཞེས་པའི་ཐ་སྙད་ཐོབ་ཅིང་སངས་རྒྱས་རིགས་སུ་སྐྱེ། ཞེས་དང་། རྣལ་འབྱོར་མ་རིགས་སྐྱེ་ཞེས་པ་ལྟར་ན། རིགས་སུ་སྐྱེས་པའི་སྔགས་སྡོམ་ཀྱི་ཐ་སྙད་ཀྱང་སྦྱར་རུང་ངོ་། །བཞི་པ་གོ་རིམ་སྤྱི་འགྲོ་ཙམ་བཤད་པ་དཀྱིལ་འཁོར་དུ་འཇུག་པའི་སྐོར་གྱི་ཆོ་གའི་གོ་རིམ་ལ་མཁས་གྲུབ་རྣམས་ཀྱི་གཞུང་ལས་སྣ་ཚོགས་སུ་བཤད་པས་མཐའ་གཅིག་ཏུ་མ་ངེས་ཀྱང་། ཕྲེང་བར་རྒྱུད་དང་དཀྱིལ་ཆོག་མང་པོའི་དོན་བསྡུས་ནས་བཤད་ན། དཀྱིལ་འཁོར་དུ་འཇུག་པ་ནི་སྐབས་འདིའི་དངོས་གཞི་ཡིན་པས་ན་གསོལ་གདབ་ནས་གསང་བར་གདམས་པའི་བར་སྔོན་འགྲོའོ། །


CMR020_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་ཞུགས་པ་ནི་ལྷ་དང་སྐལ་པ་མཉམ་པར་བྱས་པ་ཡིན་ལ། དེ་ལ་གཉིས་ལས། དཀྱིལ་འཁོར་གྱི་ནང་དུ་ཕྱིན་པས་དེ་དག་དང་སྐལ་པ་མཉམ་པར་སོང་བ་ནི། ཨོཾ་ཨཱཿཡ་མནྟ་ཀྲྀ་ཏ་སོགས་ཀྱིས་དཀྱིལ་འཁོར་དུ་བཅུག་པའི་སྐབས། ནང་དུ་ཞུགས་པ་ན་ལྷ་རྣམས་ལ་མོས་པ་སྐྱེས་ཏེ་ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་འདེབས་སོ། །དེ་ནས་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་ཡིན་པས་བླ་མས་དམ་ཚིག་བསྲུང་བའི་ཕྱིར་དམ་ལ་བཞག་སྟེ་ཡེ་ཤེས་ཕབ་པས་ཀྱང་ལྷ་དང་སྐལ་པ་མཉམ་པར་བྱེད་དོ། །འདི་ལ་ནང་གི་སྐལ་མཉམ་དང་། སྔ་མ་ལ་ཕྱིའི་སྐལ་མཉམ་ཡང་ཐོབ་བོ། །དེ་ལྟར་ལྷ་རྣམས་དང་སྐལ་མཉམ་བྱས་ཀྱང་། ད་དུང་དབང་བསྐུར་དུ་རུང་མི་རུང་བརྟག་དགོས་པས་སྣང་བ་དྲིས་ནས་མེ་ཏོག་འདོར་བའི་སྐོར་རྣམས་བྱེད་དེ། འདི་ནི་དབང་བསྐུར་དུ་རུང་མི་རུང་དང་། རུང་ཡང་ལྷ་གང་གི་རིགས་ཡིན་པ་དང་། དེའི་རིགས་ཀྱི་ཡང་དངོས་གྲུབ་རབ་འབྲིང་ཐ་གསུམ་གང་འགྲུབ་དང་། དེ་ཡང་ཡུན་རིང་ཐུང་ཅི་ཙམ་གྱིས་འགྲུབ་པ་ཤེས་པར་བྱེད་དོ། །དེས་ན་རྣལ་འབྱོར་གྱི་སེམས་བསྐྱེད་པ་དང་། སྐལ་པ་མཉམ་པ་གཉིས་དང་། དམ་


CMR020_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་དང་། ཕྲེང་བའི་དབང་རྣམས་ནི་གཞུག་པའི་སྐབས་ཀྱི་གཙོ་བོ་ཡིན་ལ། གཞན་རྣམས་ནི་ཡན་ལག་གོ །འོ་ན་སྔར་སློབ་མ་སྟ་གོན་གྱི་སྔོན་དུ། མཚན་ཉིད་བརྟགས་ཤིང་རྨི་ལམ་གྱིས་ཀྱང་བརྟགས་པས། འདིར་མེ་ཏོག་དོར་བའི་དབང་བསྐུར་དུ་རུང་མི་རུང་དང་། སོ་ཤིང་གི་དངོས་གྲུབ་གང་འདུག་བརྟག་ཟིན་པས་ན་བར་སྣང་གི་ཁ་དོག་དྲིས་པས་བརྟག་ཅི་དགོས་སྙམ་ན། སྤྱིར་དབང་བསྐུར་བ་པོ་དང་ཞུ་བ་པོར་རུང་མི་རུང་བརྟགས་པས་གཙོ་བོ་ནི་སློབ་དཔོན་དང་སློབ་མའི་མཚན་ཉིད་གསུངས་པ་རྣམས་ཡིན་ལ། དེ་ལྟར་ནའང་རྨི་ལམ་ན་བར་ཆད་འབྱུང་མི་འབྱུང་བརྟགས་པས་ན་དབང་བསྐུར་རུང་གི་སློབ་དཔོན་མཚན་ཉིད་དང་ལྡན་ཡང་། དབང་བསྐུར་བ་ལ་བར་ཆད་འབྱུང་སྲིད་པས་དེ་བརྟག་༈ དགོས་ཤིང་། དཔོན་སློབ་མཚན་ཉིད་ཚང་ཞིང་དབང་ལ་བར་ཆད་མེད་ཀྱང་ད་ལྟ་དབང་བསྐུར་རིན་གྱི་ངེས་པ་མེད་པས་མེ་ཏོག་དོར་བས་ནི་ད་ལྟ་རུང་མི་རུང་བརྟག་པ་ཡིན་གྱི། སྤྱི་ནི་མ་ཡིན་ཏེ། མེ་ཏོག་དོར་བ་ན་མི་རུང་བ་དེ་ཡང་སྡིག་པ་སྦྱངས་ནས་སྐབས་གཞན་དུ་གཞུག་པར་གསུངས་པའི་ཕྱིར་རོ། །སོ་ཤིང་གི་ལྟས་ཀྱིས་དངོས་གྲུབ་གང་འགྲུབ་བརྟག་ཟིན་


CMR020_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁ་དོག་གིས་བརྟག་པ་མི་འགལ་ཏེ་རེ་རེས་མི་ཆོག་པ་གཉིས་ཀ་ངེས་པར་བྱེད་པ་ནི་མི་འགལ་བས་སོ། །འཇུག་པའི་སྐབས་འདི་ཐམས་ཅད་དུ་ཡེ་ཤེས་འབེབས་པ་ལྟ་བུ་དམིགས་གསལ་ཅན་མ་གཏོགས་པ་སློབ་མ་རྣམ་སྣང་ངམ་གཙོ་བོ་གང་རུང་དང་། སློབ་དཔོན་གཙོ་བོའི་རྣལ་འབྱོར་ལ་གནས་པས་ཆོག་གོ །གཉིས་པ་ཞུགས་པ་ལ་དབང་བསྐུར་བའི་ཆོ་ག་ལ་གསུམ་སྟེ། ཡོན་འབུལ་གསོལ་བ་གདབ་པ། སྦྱང་ཞིང་ཤིས་བརྗོད་བྱ་བ། ཇི་ལྟར་དབང་བསྐུར་དངོས་སོ། །དང་པོ་ནི། དཀྱིལ་འཁོར་བསྟན་པའི་རྗེས་སུ་ཆུ་དབང་གི་དོན་དུ་སློབ་མ་རྣམས་ཀྱིས་བླ་མ་ལ་ཇི་ཙམ་འབྱོར་བའི་ཡོན་དང་མཎྜལ་ཕུལ། ཡན་ལག་ལྔས་ཕྱག་བྱས་ཏེ་པུས་མོ་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ནས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་གདབ་པར་བྱའོ། །གཉིས་པ་སྦྱང་ཞིང་ཤིས་བརྗོད་བྱ་བ་ནི། བཟང་པོ་ཡོངས་བཟུང་ལས། དེ་ནས་ལྷག་པར་ཁང་པ་ལས་། །ཤིན་ཏུ་རིང་བ་མ་ཡིན་པར། །གྲུ་བཞི་ཁྲུ་བཞིའི་ཚད་ཙམ་ལ། །དཔངས་སུ་ཁྲུ་དོའི་ཚད་དུ་བྱ། །ས་རྡོའམ་སོ་ཕག་ལས་གྲུབ་པ། །བཀྲ་ཤིས་ཡན་ལག་ཉེ་བར་


CMR020_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་། །ཤིན་ཏུ་འཐས་པར་བརྡུངས་པ་ཡིས། །སྟེགས་བུ་བཟང་པོ་མཁས་པས་བྱ། །ཞེས་གསུངས་པ་ལྟར་བྱའོ། །གསུམ་པ་ཇི་ལྟར་དབང་བསྐུར་བ་དངོས་ལ་གཉིས། །བུམ་དབང་སྤྱིའི་རྣམ་བཞག་དང་། སོ་སོའི་ཆོ་ག་ལ་འཇུག་པའོ། །དང་པོ་ལ་གཉིས་ཏེ། རྒྱུད་སྡེ་སྤྱི་པའི་ལུགས་བཤད་པ་དང་། དུས་འཁོར་བའི་ལུགས་བཤད་པའོ། །དང་པོ་ནི། དེ་ཡང་དབང་སྐུར་བའི་བྱེད་པ་པོ་ནི་གཉིས་ཡིན་ཏེ། སློབ་མས་སློབ་དཔོན་ལ་དབང་གི་དོན་དུ་གསོལ་བ་འདེབས་པ་དང་། སློབ་དཔོན་གྱིས་དབང་ལྷ་ལ་གསོལ་བ་བཏབ་ནས་བསྐུར་དགོས་སོ། །དབང་ལྷ་ལ་ཡང་ཀུན་རྫོབ་ཀྱི་དཀྱིལ་འཁོར་ན་བཞུགས་པ་དང་། སློབ་དཔོན་གྱིས་གསར་དུ་སྤྱན་དྲངས་པ་གཉིས་ཡོད་ལ། སྔ་མ་ནི་སློབ་དཔོན་གྱིས་སྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ཤིང་གཙོ་བོ་ལ་དབང་བླངས་ནས་གནང་བ་ནོད་པ་དང་། དམ་ཚིག་གསུམ་གྱི་གླུས་བསྟོད་ནས། དངོས་གྲུབ་ཞུས་ཡོད་པས་རང་གི་སློབ་མ་ལ་དབང་བསྐུར་བའི་དཔང་པོ་མཛད་ནས་རྒྱུད་བྱིན་གྱིས་རླབས་པའི་དོན་སྔ་ནས་བཞུགས་ཟིན་ཏོ།་།གཉིས་པ་དུས་འཁོར་བའི་ལུགས་ལ་ནི། ལུང་རིགས་ཀྱི་སྤྲོས་པ་དང་བཅས་ཏེ་


CMR020_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གུད་དུ་འཆད་པར་འདོད་དོ། །གཉིས་པ་སོ་སོའི་ཆོ་ག་ལ་འཇུག་པ་ལ་གཉིས་ཏེ། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ལ་གསུམ་སྟེ། རང་གི་ལྷག་པའི་ལྷའི་རྟེན་ལ་རིགས་ལྔའི་རང་བཞིན་རིགས་དབང་ལྔ་བསྐུར་བ། རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་རླབས་ཀྱི་དབང་བསྐུར་བ་དང་། དེས་སྡོམ་པ་གང་ཐོབ་ཅིང་དོན་གང་ལ་དབང་བའོ། །དང་པོ་ལ་བཞི་སྟེ། གང་ལ་དབང་བསྐུར་བའི་རྟེན་རང་གི་ལྷག་པའི་ལྷ་ངོས་བཟུང་བ། གང་ཞིག་བསྐུར་བའི་རིགས་དབང་ངོས་བཟུང་བ། ཇི་ལྟར་བསྐུར་བའི་ཆོ་གའི་རྣམ་བཞག །དེ་ལྟར་བསྐུར་བའི་དབང་དོན་ངོ་སྤྲད་པའོ། །དང་པོ་ནི། གཞི་སེམས་ཅན་གྱི་རྒྱུད་ཀྱི་ཕུང་པོ་ལྔ་ཉོན་མོངས་པ་ལྔ་འབྱུང་བ་ལྔ་བདེ་གཤེགས་རིགས་ལྔའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་ནི་རང་བཞིན་རྣམ་དག་གི་ལྷག་པའི་ལྷ་ཡིན་ལ། དེ་ཉིད་སྐབས་འདིར་དཔོན་སློབ་གཉིས་ཀས་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི་རང་གི་ལྷག་པའི་ལྷ་ཞེས་བྱ་སྟེ། སྦྱང་གཞི་རང་ལ་ཡོད་པའི་ལྷར་དངོས་སུ་བསྐྱེད་པ་ཡིན་པའི་ཕྱིར་


CMR020_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཉིས་པ་གང་ཞིག་བསྐུར་བའི་རིགས་དབང་ངོས་བཟུང་བ་ནི། དབང་རྫས་རྣམ་རྒྱལ་བུམ་ཆུ་སོགས་རིགས་ལྔའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་སློབ་དཔོན་གྱི་རིགས་ལྔ་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་དེ་དག་ཞུ་བ་ལས་ངོ་བོ་རིགས་ལྔ་ཡིན་པ་ལ། རྣམ་པ་ཆུ་ལ་སོགས་པའི་རྣམ་པར་གནས་པ་ནི། གང་བསྐུར་བྱའི་དབང་རྫས་ཡིན་ལ། དེ་དག་སྤྱི་བོར་བླུགས་པ་དང་ལག་ཏུ་གཏད་པ་སོགས་བྱས་པས་སྦྱང་གཞི་སྔར་བཤད་པ་རྣམས་སྦྱོང་བྱེད་རིགས་ལྔར་སློབ་མའི་ངོ་བོར་གྲུབ་པ་ནི་རིགས་དབང་གི་དོན་ནོ། མིང་དབང་ལ་དབང་རྫས་ལྷར་བསྐྱེད་པ་མེད་པས་རིགས་དབང་ལྔ་མ་ཚང་ངོ་སྙམ་ན། མིང་དབང་ལ་དབང་རྫས་བྱེད་ན་མེ་ཏོག་ཕྲེང་བའམ་རྡོར་དྲིལ་ལྷར་བསྐྱེད་པ་སོགས་བྱས་ནས། མིང་འདོགས་དུས་དེ་དག་སྤྱི་བོར་བཞག་ནས་འདོགས་པ་ནི་དབང་རྫས་མི་འདུག་གམ་སྙམ་པའི་དོགས་པ་སྐྱེ་ན་དེ་ཟློག་པའི་ཆེད་ཡིན་པས་རུང་ལ། ཕལ་ཆེ་བ་ལ་དབང་རྫས་བསྐྱེད་ཆོག་མེད་པ་ནི་མིང་དེ་ཉིད་སློབ་དཔོན་གྱི་ཐུགས་ནས་བཏོན་པའི་རྣམ་སྣང་གི་ངོ་བོར་གྲུབ་པ་ལ་དགོངས་ནས་མཛད་དོ། །སྐབས་འདིར་རིགས་དབང་བཞི་ལ། དབང་


CMR020_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་འབྱུང་ཞིང་མིང་དབང་ལ་མི་འབྱུང་བ་ཅི་ཞེ་ན། འདི་ལ་འཕགས་པ་རིན་པོ་ཆེ་རིགས་བཞིའི་དབང་གི་སྦྱང་གཞི་རྣམ་པར་ཤེས་པ་སོགས་བཞི་ནི་མིང་ཙམ་ཡིན་ལ། དམ་ཆུ་ལ་སོགས་པ་རྫས་སུ་གྲུབ་པའི། དབང་བསྐུར་བས་ཟུང་འཇུག་ཏུ་འགྱུར། རྣམ་སྣང་གི་དབང་གི་སྦྱང་གཞི་གཟུགས་ཕུང་རྫས་སུ་གྲུབ་པ་དེ་ལ་མིང་དབང་བསྐུར་ཚོ་བས་ཟུང་འཇུག་ཏུ་འགྱུར་ཞེས་སོ་ཟེར་མོད། དེ་ནི་ལེགས་ལེགས་འདྲ་ཡང་མི་འཐད་རྣམ་ཤེས་སོགས་བཞི་ནི་རྗོད་བྱེད་ཀྱི་སྒྲ་མིང་སྟེ་མིང་མ་ཡིན་པའི་ཕྱིར་དང་། རྣམ་ཤེས་དང་གཟུགས་ལ་རྫས་སུ་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡང་མི་རིགས་པའི་ཕྱིར་དང་། གསང་འདུས་འཕགས་ལུགས་པས་ཆུ་དབང་རྣམས་དབང་དུ་བཞེད་པ་དེ་ཉིད་མི་རིགས་པའི་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། བུམ་ཆུ་ལ་སོགས་པ་ནི་ལག་ཏུ་བཟུང་བྱ་ཡིན་ལ། མིང་ནི་དེ་མ་ཡིན་པའི་ལག་པས་སྟེར་བྱའི་དབང་རྫས་མེད་པ་སྟེ་དཔེར་ན་དབང་བློབཞི་པ་བཞིན་ནོ། །གསུམ་པ་ཇི་ལྟར་བསྐུར་བའི་ཆོ་གའི་རྣམ་བཞག་ནི། རྣམ་རྒྱལ་དུ་བུམ་པ་ཀུན་གྱི་ཆུ་བསྡུས་པ་དང་། དབུ་རྒྱན་རྡོར་དྲིལ་སློབ་མའི་གྲངས་མཉམ་མམ་ཅི་


CMR020_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་མདུན་དུ་བསྒྲིགས། སློབ་མའི་མཆོད་པ་ལྔ་ཚན་ལྔ་བཤམ། མེ་ཏོག་དང་དྲི་ཆབ་ཁ་གསོས་ཀྱང་རུང་ལ། དེ་ནས་བུམ་ཆུ་ལ་སོགས་པ་རེ་རེ་ལའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་དབང་བསྐུར་ཏེ། དེ་ཡང་བདག་དང་སློབ་མ་དང་དབང་རྫས་ལས་བུམ་མ་གཏོགས་པའི་བུམ་ཆུ་དང་དབུ་རྒྱན་རྡོ་རྗེ་དྲིལ་བུ་སོགས་དབང་བསྐུར་སོ་སོའི་ཆོ་ག་བཞིན་དབང་བསྐུར་བར་བྱས་ལ། མིང་དབང་གི་སྐབས་སུ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་མིང་ལ་ཨོཾ་མཛད་རྡོ་རྗེ་དང་། སྣང་མཛད་རྡོ་རྗེ་དང་། སྐུའི་རྡོ་རྗེ་དང་། གཏི་མུག་རྡོ་རྗེ་སོགས་དང་། མི་བསྐྱོད་པའི་རིགས་ཀྱི་མིང་ལ་ཧཱུྃ་མཛད་རྡོ་རྗེ་དང་། ཀྱེའི་རྡོ་རྗེ་དང། སྙིང་པོའི་རྡོ་རྗེ་སོགས་དང་། རིན་འབྱུང་གི་རིགས་ཀྱི་མིང་ལ། ང་རྒྱལ་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། རྡོ་རྗེ་ཉི་མ་ལ་སོགས་ཏེ། སྣང་མཐའི་རིགས་ཀྱི་མིང་ལ་འདོད་ཆགས་རྡོ་རྗེ་དང་། གསུང་གི་རྡོ་རྗེ་དང་། པདྨ་གར་དབང་དང་། པདྨ་མཐར་བྱེད་སོགས་དང་དོན་གྲུབ་ཀྱི་རིགས་ཀྱི་མིང་ལ། དོན་ཡོད་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་སོགས་དང་། རྡོ་རྗེ་སེམས་དཔའི་རིགས་ཀྱི་མིང་ལ། དཔལ་མཆོག་དང་པོའི་སྐྱེས་བུ་དང་།


CMR020_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དང་། རྡོ་རྗེ་སེམས་དཔའ་དང་། དང་པོའི་རྡོ་རྗེ་སོགས་དང་། བཞི་པ་དེ་ལྟར་དབང་བསྐུར་བའི་དབང་དོན་ངོ་སྤྱོད་པ་ནི། དཱ་རི་ཀ་པས། མཆོད་དེ་དག་པ་སྦྱིན་པར་བྱ། །ཞེས་དག་པ་སྦྱིན་པར་གསུངས་པས། དེ་ལ་ལྭ་བ་པས། དབང་ལྔ་པོ་དེ་དག་བསྐུར་ཚེ་རང་བཞིན་རྣམ་དག་གི་ཆོས་ཉིད་དང་། ཉོན་ཡིད་དང་། སྒོ་ལྔའི་རྣམ་ཤེས་དང་། ཀུན་གཞིའི་རྣམ་ཤེས་རྣམས་རིམ་པ་བཞིན་གནས་འགྱུར་བའི་ཆོས་དབྱིངས་དང་། མཉམ་ཉིད་དང་། སོར་རྟོག་དང་། བྱ་བ་ནན་ཏན་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བཤད་ཅིང་ཕྲེང་བ་ལས། དབང་ལྔའི་ཡེ་ཤེས་དེ་དག་གི་དོན་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་དག་གི་བདག་ཉིད་དུ་མོས་པར་བྱའོ། །ཞེས་གསུངས་པས་དེ་ལྟར་ངེས་པར་བྱའོ། །གཉིས་པ་རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་རླབས་ཀྱི་དབང་བསྐུར་བ་ནི། སྤྱིར་བརྟུལ་ཞུགས་ཀྱི་དབང་སྐབས་འདིར་བྱེད་པའི་ལུགས་དང་། དབང་གི་མཐའ་རྟེན་གང་རུང་དུ་སྦྱོར་བའི་ལུགས་དང་། རྡོ་རྗེའི་བརྟུལ་ཞུགས་མེད་པའི་ལུགས་དང་གསུམ་ལས། དང་པོ་ལ་བརྟུལ་ཞུགས་


CMR020_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་གཉིས་སུ་བྱེད་པ་དང་། རྡོ་རྗེའི་གཅིག་པོ་བྱེད་པའི་ལུགས་གཉིས། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་གཉིས་སུ་བྱེད་པ་དང་། ཡབ་ཡུམ་གྱི་བརྟུལ་ཞུགས་གཉིས་སུ་བྱེད་པའི་ལུགས་ཡོད་དོ། །གསུམ་པ་དེས་སྡོམ་པ་གང་ཐོབ་ཅིང་དོན་གང་ལ་དབང་བ་ནི། འཇུག་པའི་ཕྱི་ནང་གི་སྐབས་ལྷ་དང་སྐལ་མཉམ་ཐོབ་པའི་དོན་སློབ་མ་རྡུལ་ཚོན་མཐོང་ནས་སློབ་དཔོན་གྱིས་ལྷ་ངོ་སྤྲད་པའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་རིགས་འདྲ་བ་དང་། དེའི་བྱ་བ་ལ་ཞུགས་པ་ཡིན་པས་དེའི་ཆ་ནས་སྐལ་པ་མཉམ་པ་ཞེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་གྲྭ་ས་ལྟ་བུར་འཇུག་འདོད་པ་དེ་གཞན་ཞིག་གིས་དེར་བཅུག་སྟེ། སྟོན་མོ་སོགས་དེ་ལ་དགོས་པའི་བྱ་བ་བྱས་པས་དེ་དག་སྐལ་བ་མཉམ་ཞེས་ཟེར་བ་ལྟར། འདི་ཡང་རིགས་ལྔའི་སྡོམ་པ་བཟུང་བ་ཁས་བླངས་པ་དང་། ཡེ་ཤེས་དབབ་མེ་ཏོག་དོར་བཅིངས་རྣམས་སྔོན་དུ་སོང་ནས་ལྷ་ངོ་བསྟན་པས་དེ་དང་མཐུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་བཞི་སྟེ། བུམ་དབང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། དབང་བཞི་པའོ། །དེ་རྣམས་ཀྱི་རྣམ་


CMR020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པ་ནི་རྒྱས་པར་ཡི་གེས་འཇིགས་པས་འདིར་མ་སྤྲོས་ལ། མདོར་བསྡུས་བརྗོད་པ་ལ་གཉིས་ཏེ། བུམ་དབང་མཐའ་རྟེན་དང་བཅས་པའི་དོན་བཤད་པ་དང་། གོང་མ་གསུམ་མཐའ་རྟེན་དང་བཅས་པའི་དོན་བཤད་པའོ། །དང་པོ་ནི། དབང་བཞི་ལས་བུམ་དབང་གི་སྐབས་ཀྱི་ཕྲེང་བའི་དབང་ནི་མེ་ཏོག་གང་ཕོག་གི་ངེས་པས་སློབ་མ་དེ་བཞིན་གཤེགས་པ་གང་གི་རིགས་སུ་ངེས་པ་ཤེས་པར་བྱ་བའི་ཆེད་དུའོ། །མ་རིག་པའི་དྲི་མ་འཁྲུད་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཆུའི་དབང་ངོ་། །དེ་བཞིན་གཤེགས་པས་རིགས་བདག་མཛད་པའི་སྒོ་ནས་རྒྱས་འདེབས་ཀྱི་འདུ་བྱ་བ་བསྐྱེད་པ་དང་གཙུག་ཏོར་བསྐྱེད་པར་ནུས་པ་ཉིད་ཀྱི་ཆེད་དུ་ཅོད་པན་གྱི་དབང་ངོ་། །ཉོན་མོངས་པ་ལ་སོགས་པའི་དགྲ་རྩད་ནས་གཞོམ་པའི་ཕྱིར་དཔའ་བོའི་དར་དཔྱངས་བཅིང་བ་སྟེ་ཅོད་པན་གྱི་དབང་གི་ཡན་ལག་གོ །འདིར་དུས་འཁོར་སོགས་སུ་ཅོད་པན་ལས་ཐ་དད་པའི་དབང་དུ་མཛད་དོ། །ཡེ་ཤེས་ཐིག་ལེ་སོགས་སུ་འདིའི་དབང་མ་གསུངས་པ་ནི་བསམ་པའི་ཁྱད་པར་ལས་ཅོད་པན་གྱིས་ཀྱང་སྒྲུབ་པའི་དོན་ནོ། །དེ་བཞིན་གཤེགས་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་སྐྱེ་


CMR020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནུས་ལྡན་དུ་བསྒྲུབས་པས་རྡོ་རྗེའི་དབང་ངོ་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཆོས་འབྱུང་མཚོན་པར་བྱེད་པའི་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར་ནས་དེའི་དབང་དང་། ཡེ་ཤེས་དེ་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་ཡེ་ཤེས་བླ་ན་མེད་པ་ཐམས་ཅད་འབྱུང་བའི་བདག་པོ་ཡིན་པས་ན་མིང་གཞན་བདག་པོའི་དབང་ཞེས་ཀྱང་བྱའོ། །མ་འོངས་པ་ན་དེ་བཞིན་གཤེགས་པའི་གོ་འཕང་གི་མིང་དུ་འོས་པའི་ས་བོན་དགོད་པའི་དོན་དུ་མིང་གི་དབང་ངོ་། །བུམ་དབང་གི་མཐའ་རྟེན་རྗེས་གནང་ནི། གོང་དུ་བཤད་པ་དེ་ལྟ་བུའི་དོན་མངོན་དུ་གྱུར་ནས་གཞན་གྱི་དོན་བྱ་བར་རྗེས་སུ་གདམས་པའོ། །གཉིས་པ་གོང་མ་གསུམ་མཐའ་རྟེན་དང་བཅས་པའི་དོན་བཤད་པ་ལ། གསང་བའི་དབང་གི་དོན་ནི། བླ་མ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་སྲུབ་པའི་སྦྱོར་བའི་མཚམས་ནས་བྱང་སེམས་དཀར་དམར་བབ་པ་བླ་མས་ཤེས་རབ་མའི་མཐེབ་སྲིན་གྱིས་སློབ་མའི་ལྕེ་ཐོག་ཏུ་བཞག་པ་དང་། བྷ་ག་ལ་བལྟས་པ་ལས་སྐྱེས་པའི་བདེ་བའི་ཡེ་ཤེས་དེ་ཉིད་གསང་བའི་དབང་གི་དོན་དུ་ངོ་སྤྲད་ནས་སློབ་མའི་རྒྱུད་ལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་


CMR020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འཇོགས་པའི་ཐབས་ཁྱད་པར་བའོ། །མཐའ་རྟེན་དབུགས་དབྱུང་གི་དོན་ནི། དེ་ལྟར་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་དབུགས་དབྱུང་བའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ནི། བླ་མས་དངོས་སུ་རིག་མ་མཚན་ཉིད་དང་ལྡན་པ་གནང་བའམ། ཡང་ན་སློབ་དཔོན་འཁོར་ལོའི་དབང་ཕྱུག་ཡབ་ཡུམ་གང་ཡིན་དུ་བསྐྱེད་ནས་རིག་མ་ལོ་བཅུ་དྲུག་མའམ་བཅུ་གཉིས་ལོན་པའི་ན་ཚོད་ཅན་སློབ་མ་ལ་གཏད་པར་མོས་པ་དེ་ཉིད་དང་སྙོམས་པར་ཞུགས་པས་དཀར་ཆ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཆགས་པའི་མེས་ཞུ་ནས། སྤྱི་བོ་ནས་མགྲིན་པའི་བར་དུ་བབས་པས་དགའ་བའི་ཡེ་ཤེས་དང་། དེ་བཞིན་དུ་སྙིང་གར་བབས་པས་མཆོག་དགའ། ལྟེ་བར་བབས་པས་ཁྱད་དགའ་འོ། །གསང་བར་བབས་པས་ལྷན་སྐྱེས་ཀྱི་དགའ་བའི་མྱུ་གུའི་རྒྱུ་སྟེ་ལྷན་སྐྱེས་དངོས་ནི་མ་ཡིན་ནོ། །དབང་བཞི་པའི་དོན་ནི་ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པའི་ངོ་བོ་ཁ་སྦྱོར་ཡན་ལག་བདུན་དང་


CMR020_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་རང་བཞིན་ནི་དབང་བཞི་པ་སྟེ། སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད་པ་དང་། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགག་པ་མེད་པ་སྟེ། །ཡན་ལག་བདུན་དང་ལྡན་པ་འདི་ནི་བདག་གིས་བསྒྲུབ་པར་འདོད། །ཚད་མར་བློ་སྦྱོང་པ་ཡིས་འདི་དག་རབ་ཏུ་བསྔགས་པ་ཡིན། །ཞེས་གསུངས་པ་ལྟར་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་སངས་རྒྱས་དེ་ཉིད་མཚོན་བྱ་དོན་གྱི་དབང་བཞི་པར་བྱས་ནས། མཚོན་བྱེད་དཔེའི་ཡེ་ཤེས་དབང་གསུམ་པའི་དུས་ཀྱི་ཉམས་མྱོང་དེས་མཚོན་བྱ་དོན་གྱི་དབང་བཞི་པ་དེ་མཚོན་པའི་སྒོ་ནས་རྟོགས་པར་བྱ་བ་སྟེ། མདོར་ན་དབང་གསུམ་པའི་ཡེ་ཤེས་དེ་ཉིད་རྒྱུར་བྱས་ནས་འབྲས་བུ་གནས་ལུགས་ཀྱི་ངོ་སྤྲད་པས་སྔ་མ་ལས་མཆོག་ཏུ་གྱུར་པའི་ཡེ་ཤེས་སྐྱེས་པ་ནི་དབང་བཞི་པ་ཆོ་གས་སྐུར་བའི་དོན་དུ་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེར་དགོངས་པ་གཅིག་ཏུ་སྣང་ངོ་། །དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་ཀྱི་དོན་ནི། དེ་ལྟར་ཡན་ལག་བདུན་དང་ལྡན་པའི་སྐུ་མངོན་དུ་གྱུར་པ་དེ་ནི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཏོ་ཞེས་གཟེངས་བསྟོད་པའོ། །གསུམ་


CMR020_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་ཀྱི་ཆོ་ག་ལ་གསུམ་སྟེ། དཀྱིལ་འཁོར་བསྡུ་བ། རྡུལ་ཚོན་གཤེགས་པ། དགའ་སྟོན་བྱ་བ་གསུམ་གྱི་དང་པོ་གཉིས་ནི་སོ་སོའི་གཞུང་བཞིན་ཤེས་པར་བྱ་་ལ། གསུམ་པ་དགའ་སྟོན་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཆོ་ག་བཞིན་དུ་བྱས་ལ་གཏོར་མ་འབུལ་ཏེ། སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་དང་། ལས་ཀྱི་རྡོ་རྗེ་ཅན་དང་། རྣལ་འབྱོར་མ་རྣམས་ཇི་ལྟར་འོས་པའི་ནུས་པ་ཇི་ལྟ་བས་སོ་སོར་རྩི་ལ་སོགས་པས་མཉེས་པར་བྱ་ཞིང་སྐྱེ་བོ་དམ་པའི་འདུས་པ་དང་དགེ་འདུན་གྱི་སྟོན་མོ་བྱས་ལ། ཕོངས་པ་དང་མགོན་མེད་པ་རྣམས་ཀྱང་ཚིམ་པར་བྱའོ། །ལྭ་བ་པ་སོགས་ཀྱིས་དཀྱིལ་འཁོར་གཤེགས་གསོལ་མ་བྱས་པའི་གོང་དུ་ཚོགས་འཁོར་བྱ་བར་གསུངས་ཏེ་སྐབས་གང་རུང་བྱས་པས་ཆོག་གོ་།དཀྱིལ་འཁོར་མཆོད་པའི་ཡོ་བྱད་གཞན་རྣམས་ནི་སློབ་དཔོན་འབའ་ཞིག་དབང་བ་ཡིན་ཏེ། སྤྱི་རྒྱུད་ལས། དེ་ནས་སློབ་དཔོན་གྱི་ནི་ནོར། །མཁོ་དགུའི་ཡོ་བྱད་ཀུན་བསྡུས་ནས། །རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་སོགས་ཀྱིས་ཅུང་ཟད་མིན། །རྨང་འཇུག་པ་དང་རབ་གནས་དང་། །སྦྱིན་སྲེག་འཁོར་ལོའི་ནོར་གང་


CMR020_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་། །དེ་ཀུན་སློབ་དཔོན་ཁོ་ནའི་ཞེས། །རྡོ་རྗེ་འཛིན་པ་མཆོག་ཉིད་གསུངས། །ཞེས་གསུངས་པ་ལྟར་རོ། །དེའི་རྨང་འཇུག་པ་ཞེས་པ་བཞི་བརྒྱ་ལྔ་བཅུ་པར། ཁུང་བུ་དག་དང་ཞེས་པར་བསྒྱུར་ཏེ་དབང་གི་ཆོ་གའི་ཕྱོགས་གཅིག་གི་མིང་དུ་མངོན་པ་དབང་བསྐུར་བའི་ཡོ་བྱད་དོ། །ཡང་སྤྱི་རྒྱུད་ལས། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལས། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་ནི་ཐམས་ཅད་དག །སློབ་དཔོན་གྱིས་ནི་ཡོངས་བསྡུས་ནས། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །གལ་ཏེ་སློབ་མས་སྤྱད་ན་ནི། དམ་ཚིག་ལས་ནི་ཉམས་པར་བཤད། །འགའ་ཞིག་སྤྱད་པར་མི་འདོད་ན། །དེ་ཡི་ཆོ་ག་གོ་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དང་། །དེ་དག་ཆོ་ག་བཞིན་དུ་དབུལ། །དུང་དང་རྔ་ཡབ་དྲིལ་བུ་སོགས། །སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་


CMR020_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དགེ་བ་ལ་ནི་སློབ་མ་ཡི། །ཅུང་ཟད་ཙམ་ཡང་མི་བསྐུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །ཞེས་གསུངས་པས་ཡོ་བྱད་དག་སློབ་དཔོན་མི་འདོད་ན་ཡུལ་དེ་རྣམས་ལ་དབུལ་ཞིང་སྦྱིན་ལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དབང་བསྐུར་བའི་མཐར་ཐུག་གི་དགོས་པ་ནི་དངོས་གྲུབ་ཐོབ་པ་ཡིན་ལ། དེ་ཡང་དམ་ཚིག་གི་རྗེས་སུ་འགྲོ་བས་དེའི་ཕྱིར་དབང་བསྐུར་ནས་སློབ་མ་བག་ཡངས་སུ་མི་གཏོང་བར་དམ་ཚིག་གི་བསླབ་བྱ་སློབ་དཔོན་ལས་བླངས་ནས་བླང་དོར་བྱས་པ་ལས་འདོད་པའི་འབྲས་བུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ན། ཚུལ་དེ་ལ་ནན་ཏན་བྱེད་པའང་ཤིན་ཏུ་གཅེས་སོ། །དེ་ལྟར་རྗེས་ཀྱི་བྱ་བ་རྣམས་ཡོངས་སུ་རྫོགས་པའི་མཐར་བསྔོ་བ་དང་བཀྲ་ཤིས་བརྗོད་པར་བྱའོ། །དེ་ལྟར་ལམ་མཆོག་རྡོ་རྗེ་ཐེག་པ་ཡི། །ཐོག་མའི་འཇུག་སྒོ་སྨིན་པར་བྱེད་པ་ཡི། །དབང་གི་རྣམ་བཞག་མདོར་བསྡུས་ཅུང་ཟད་འདི། །བླ་མ་དམ་པའི་དྲིན་ལས་བརྗོད་


CMR020_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཏོ། །དེ་ལྟར་བརྗོད་ལས་དགེ་བའི་དངོས་པོ་ནི། །རྣམ་པར་དཀར་བ་གང་ཞིག་མཆིས་གྱུར་ན། །སྡུག་བསྔལ་གསུམ་གྱིས་ཉམས་ཐག་འགྲོ་བ་རྣམས། །ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ་འགྲུབ་ཤོག །ཅེས་པ་འདི་ནི་རིག་པའི་གནས་ལྔ་ལ་ཤེས་རབ་གསུམ་གྱི་སྣང་བ་རྒྱས་པ། ཐོས་པ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་བླ་མ་དམ་པ་རྣམས་ཀྱི་ལེགས་བཤད་ཀྱི་བདུད་རྩིས་བློ་གྲོས་ཀྱི་དབང་པོ་བརྟས་པར་བྱས་པ། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་ཀརྨ་ཤྲཱི་བྷ་དྲས་མཆེད་པོས་བསྐུལ་བའི་ངོར་བགྱིས་པའོ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། 


no previousསྨིན་བྱེད་དབང་གི་རྣམ་པར་བཞག་པ་འཇིགས་མེད་སེང་གེའི་སྒྲ་ཆེན།next