Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
རྡོ་རྗེ་ཕྲེང་བའི་ངག་ཁྲིད་ཀྱི་ཞལ་ཤེས་ཟིན་བྲིས་སློབ་དཔོན་ཁྲོ་མེད།
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕྲེང་བའི་ངག་ཁྲིད་ཀྱི་ཞལ་ཤེས་ཟིན་བྲིས་སློབ་དཔོན་ཁྲོ་མེད།next

རྡོ་རྗེ་ཕྲེང་བའི་ངག་ཁྲིད་ཀྱི་ཞལ་ཤེས་ཟིན་བྲིས་སློབ་དཔོན་ཁྲོ་མེད།


CMR020_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་ངག་ཁྲིད་ཀྱི་ཞལ་ཤེས་ཟིན་བྲིས་སློབ་དཔོན་ཁྲོ་མེད་བཞུགས་སོ།།


CMR020_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ར་ཡེ། རྡོ་རྗེ་འཆང་དངོས་བླ་མའི་ཞབས་ལ་འདུད། དེ་ཡང་ཆོས་ཀྱི་བྱུང་ཁུངས་སྐུ་གསུམ་སྟོན་པའི་རྣམ་ཐར་དང་། དེས་གསུངས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་དང་། ཐེག་དམན་ཡང་ཐེག་ཆེན་གྱི་ལམ་སྟེགས་ཡིན་པ་དང་། ཐེག་ཆེན་ལ་མདོ་སྔགས་གཉིས་ལས། མདོ་ལས་སྔགས་ཟབ་པ་དང་། སྔགས་ལ་ཡང་རྒྱུད་སྡེ་བཞི་ཡོད་པ་དང་།་རྒྱུད་སྡེ་དེ་དག་སོ་སོར་གསུང་ཚུལ་དང་། །རྒྱུད་ཀྱི་དབྱེ་བ་དང་། ལྷའི་རིགས་དང་ངོས་འཛིན་རྒྱས་པ་ནི་རྒྱུད་སྡེ་ཆེན་པོའི་རྣམ་བཞག་རྣམས་སུ་


CMR020_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་ཞིང་། དེ་དག་མདོར་བསྡུས་པ་ནི། རྒྱུད་སྡེའི་དབང་བཤད་ལོགས་སུ་ཡོད་པ་དེར་གསལ། རྒྱུད་སྡེ་སོ་སོ་དང་ལྷ་སོ་སོའི་བརྒྱུད་ཚུལ་མང་དུ་ཡོད་པར་འདུག་ཅིང་། རྒྱུད་སྡེ་བཞིའི་དབང་ཕྱོགས་གཅིག་ཏུ་བསྒྲིགས་པ་ནི་སྔོན་ཆད་མེད་པ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་ནས། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་མི་ཏྲ་བརྒྱ་རྩ་དང་། རྡོ་རྗེ་གདན་པས་མཛད་པའི་རྡོར་ཕྲེང་གཉིས་མ་གཏོགས་མེད། མི་ཏྲ་བརྒྱ་རྩ་ནི་ཧ་ཅང་དར་སྲོལ་ཆེ་བ་ཡང་མ་བྱུང་། རྡོ་རྗེ་གདན་པ་ཆེ་ཆུང་གསུམ་ལས། ཆེ་བ་རཏྣ་ཨ་ཀ་


CMR020_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སོ་རི་པ་ར་གུཔ་ནི་འབྲིང་བའི་བླ་མ་ཡིན། ཆུང་བ་བུདྡྷ་ཀཱིརྟི་ཞེས་ཀྱང་བྱ། ཙ་མི་འཆི་མེད་ཅེས་ཀྱང་བྱ། དེ་འབྲིང་བའི་སློབ་མ་ཡིན། འབྲིང་བ་ཨ་བྱཱ་ཀ་ར་གུསྟ་ནི་འདི་མཛད་མཁན་ཡིན་ཏེ། བི་ཀྲ་མ་ལུ་རིང་པ། དུས་འཁོར་བ་འཇིགས་མེད་འབྱུང་གནས་སྦས་པ་ཡང་ཟེར། ཁོང་གིས་རྒྱ་གར་ཤར་ནུབ་ཀྱི་པཎ་གྲུབ་མང་པོ་ལ། སོ་སོར་དབང་ལུང་།དཔག་ཏུ་མེད་པ་གསན། དེ་དག་གི་བརྒྱུད་རིམ་རིང་བརྒྱུད་སོ་སོར་ཡོད་མོད་ཀྱང་། ཧ་ཅང་མང་ཆེས་པས་ཡི་གེར་འཁོད་མི་འདུག་།རྡོ་རྗེ་ཕག་མོས་ལུང་བསྟན་ཅིང་བྱིན་གྱིས་བརླབས་ནས། ལྷ་ཡན་གར་བ་ཡི་སྒྲུབ་ཐབས་དང་རྗེས་གནང་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲུབ་ཐབས་རྒྱ་མཚོ་དང་། དཀྱིལ་འཁོར་ཀྱི་དབང་རྒྱས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ལ། ཤོ་ལོ་ཀ་གཉིས་སྟོང་དང་བདུན་བརྒྱ། སྒྲུབ་ཐབས་རྣལ་འབྱོར་རྫོགས་ཕྲེང་ལ་ཤོ་ལོ་ཀ་སྟོང་དང་སུམ་བརྒྱ། སྦྱིན་སྲེག་འོད་ཀྱི་སྙེ་མ་ལ་ཤོ་ལོ་ཀ་ཉིས་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་ཅིང་། འདི་གསུམ་ལ་ཕྲེང་བ་སྐོར་གསུམ་ཞེས་གྲགས་ཏེ། བརྒྱུད་རིམ་ཡང་ཉེ་བརྒྱུད་ཕག་མོ་ནས་ཨ་བྱཱ་ཀ་ར་ལ་བརྒྱུད་


CMR020_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ཉིད་རྒྱ་གར་དང་བལ་པོ་དང་བོད་ཡུལ་དུ་དར་སྲོལ་ཤིན་ཏུ་ཆེ་བ་བྱུང་ན་ཡང་། དགེ་བའི་བཤེས་གཉེན་ཁ་ཅིག་གིས། རྒྱུད་སྡེ་བཞིའི་མཆོག་དམན་གྱི་ཁྱད་པར་མི་འབྱེད་པར། རྣལ་འབྱོར་རྫོགས་ཕྲེང་གི་དངོས་བསྟན་གྱི་གོ་རིམ་བཞིན་ཉམས་སུ་ལེན་ཞིང་། ཕྱི་དྲུག་གི་དཀྱིལ་འཁོར་ལ་ཡང་དབང་བཞི་རྫོགས་པར་བྱེད་པ་ཡོད་མོད། དེ་དག་ནི་མགྲོན་པོ་ཕྱོགས་བསླད་པ་ལྟར་རྣམ་པར་འཁྱམས་པ་ཡིན་ཏེ། རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་མ་ཡིན་ཞིང་། བླ་མ་དམ་པའི་གདམས་ངག་དང་བྲལ་བའི་ཕྱིར་རོ། །དེས་ན་རྣལ་འབྱོར་རྫོགས་ཕྲེང་དང་། དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་ཐིག་དང་ཚོན་འགྱེད་པའི་སྐབས་སུ་བཤད་པའི་གོ་རིམ་ནི། སློབ་དཔོན་མེད་པར་རང་གར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་ཏེ་གསུངས་པ་ཡིན་ནོ། །ཞེས་མཁས་པ་རྣམས་ཀྱིས་བཀག་པ་མཛད། དེ་ལ་གྲུབ་ཆེན་ཨ་བྷའི་རྗེས་འབྲང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་གནས་ལྔ་རིག་པའི་པཎྜི་ཏ་དར་པཎ་ཨ་ཙཱརྱས། རྡོ་རྗེ་ཕྲེང་བའི་གཞུང་གི་དོན་དང་མཐུན་པར། དེའི་འགྲེལ་བའི་ཚུལ་དུ་ཀྲི་ཡ་ས་མུཉྩའི་རྒྱ་གཞུང་ཆེན་པོ་མཛད། དེའི་


CMR020_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྲང་བལ་པོའི་པཎྜི་ཏ་མཁས་པ་ཆེན་པོ་མ་ཧཱ་བོ་དྷི་བཞུགས་པ་ཐོས་ནས། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་དཀའ་བ་ཆེན་པོ་སྤྱད་ནས་དེར་བྱོན། བཀུར་སྟི་དང་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ནས། དབང་སྒྲུབ་ཐབས་བཤད་པ་ལུང་དང་བཅས་པ་ཞུས་ནས་དེའི་དགོངས་འགྲེལ་བསྟན་ཆོས་གཞུང་ཆེན་པོ་ཡང་མཛད་དེ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་སོགས། བོད་དུ་སྔགས་ལ་མཁས་པའི་དགེ་བཤེས་ཕལ་ཆེར་གྱིས་ཀྱང་དེའི་ལུགས་གཙོ་བོར་བཟུང་། འདི་ཡང་དེའི་ལུགས་ཡིན་པས། ཕྱག་ལེན་ཞིབ་ཅིང་འཁྲུལ་པ་དང་བྲལ་བ་ཡིན་ནོ། །པཎ་ཆེན་ལུང་རིགས་ཉི་མའི་ཞལ་ནས། རྡུལ་ཚོན་དང་འབྲེལ་ན་ཀུ་ཤ་དཔུང་སྐུད་སོགས་སློབ་མ་སྟ་གོན་དགོས་ཀྱི། རས་བྲིས་ལ་དེ་མི་འབྱར་བས་བྱས་ན་མ་ཤེས་པ་ཡིན་གསུངས་ཀྱང་། འདིའི་གཞུང་ལས། རས་བྲིས་ལ་ཡང་བུམ་པ་དང་སློབ་མ་སྟ་གོན་དགོས་པར་བཤད་ཅིང་། རྡོར་ཕྲེང་ཚང་མ་བསྐུར་ན། ཐོག་མར་སྤྱི་ཁྱབ་ཏུ་གཅིག་གིས་ཆོག །དབང་ཞུ་བསྡོ་སློབ་མ་གཞན་དུ་འགྲོ་དགོས་བྱུང་ནས་དབང་འགའ་ཟུང་ཆགས་ནས་དེ་འཕྲོ་ཞུ་བ་བྱུང་ན། སློབ་མ་རྗེས་འཛིན་སྐྱར་མི་དགོས་ཏེ།


CMR020_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྟ་གོན་སྐྱར་དགོས་གསུངས་པས། དབང་གི་མགོར་མ་སླེབས་པར་སྐེད་པ་ནས་ཞུ་བ་བྱུང་ན། སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་གཉིས་ཀ་སྐྱར་དགོས་སོ། །རྡོར་ཕྲེང་ནང་གི་དབང་ཐོར་བུ་རེ་ཟུང་མགྱོགས་དབང་དུ་བསྐུར་ན། སློབ་མ་རྗེས་འཛིན་སྟ་གོན་གཉིས་ཀ་མི་དགོས་ཏེ། ཀུན་རིག་སོགས་དཀྱིལ་ཆོག་ཕལ་ཆེར་ནས། སློབ་མ་སྟ་གོན་བྱེད་མི་བྱེད་ཅེས་གཉིས་ཀ་གསལ་བར་གསུངས་ཏེ། ལུང་རིགས་ཉི་མས། ཀུན་རིག་ལ་ཡང་ཀུ་ཤ་དང་དཔུང་སྐྱེད་མེད་པ་ཕྱག་ལེན་དེ་ལྟར་ཡིན་གསུངས། རྒྱུད་སྡེ་ཐམས་ཅད་ནས། འབྱོར་པ་རབ་དང་དབང་པོ་ཐ་མ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གསུངས་ཀྱང་། དེང་སང་ཕལ་ཆེར་འབྱོར་པ་ཆུང་བ་དང་། ས་ཐིག་ཆོག་སོགས་དཀའ་ཚེགས་ཆེ་ཞིང་ཡུན་འགོར་བ་དང་ཐིག་རྩ་ཡང་ཤེས་དཀའ་ཞིང་། ཚོན་གྱི་རི་མོ་ཕྲ་སྦོམ་དང་ཡ་ཡོ་ཀྱག་ཀྱོག་ལ་སྐྱོན་ཆེན་པོ་བཤད་པ་དང་། ཚད་དང་མི་ལྡན་དཀྱིལ་འཁོར་བྲི། །མཚམས་མེད་ལྔ་ལས་སྡིག་ཆེའོ། །ཞེས་གསུངས་པས། ཁེ་བས་ཉེན་ཆེ་ཕྱིར་འདིར་མ་བཤད་དོ། །རྒྱུད་སྡེ་རྣམས་ནས་དབང་པོ་རབ་དང་འབྱོར་པ་ཐ་མ་ 


CMR020_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཚོམ་བུའི་དཀྱིལ་འཁོར་གསུངས་ཤིང་། རྗེ་རང་བྱུང་རྡོ་རྗེ་དང་། །བདུད་མོ་བཀྲ་ཤིས་འོད་ཟེར་དང་། དཔའ་བོ་གཙུག་ལག་ཕྲེང་བ་དང་། ཤར་དྭགས་པོའི་པཎྜི་ཏ་ཆོས་རྒྱལ་བསྟན་པ་སོགས་ཀྱིས། ཚོམ་བུ་ལ་བརྟེན་ནས་དཀྱིལ་འཁོར་དུ་དབང་བསྐུར་རུང་བར་བཤད་འདུག་ཀྱང་། གྲུབ་མཐའ་གཞན་གྱི་དགེ་བའི་བཤེས་གཉེན་ཁ་ཅིག་གི་ཞལ་ནས་། བསྐྱེད་རིམ་ལ་བརྟེན་པ་ཐོབ་པའི་གང་ཟག་གིས་དེ་རུང་གི །གཞན་གྱིས་མི་རུང་གསུངས་པས། རང་གི་ཉམས་ཚོད་དང་བསྟུན་པར་བྱའོ། །རྒྱུད་སྡེ་རྣམས་ནས་འབྱོར་པ་འབྲིང་དང་རྟོགས་པ་འབྲིང་ལ། རས་བྲིས་ཀྱི་དཀྱིལ་འཁོར་གསུངས་པ་ལྟར། བླ་མའི་ཕྱག་ལེན་ཡང་དེ་ཡིན། དགེ་བའི་བཤེས་གཉེན་ཕལ་ཆེར་གྱིས་ཀྱང་དེ་ཡིན། དེ་ལ་ཡང་དཀྱིལ་འཁོར་ཡོངས་རྫོགས་དང་འགྲིམ་དཀྱིལ་གཉིས་ཏེ། ཡོངས་རྫོགས་ནི་དཀྱིལ་ཐང་བཞི་བཅུ་ཞེ་ལྔ་དགོས་པས་ཕལ་ཆེར་གྱིས་འཛོམ་དཀའ། སྔར་གྱི་རྙིང་པ་རྣམས་ལ་ཡང་ཐིག་རྩ་ཚང་བ་དཀོན་པར་སྣང་། དེ་བས་དུར་ཁྲོད་ཡོད་མེད་ཀྱི་དཀྱིལ་འཁོར་སྟོང་པ་གཉིས་བྲིས་ལ། དབུས་ཀྱི་ལྷ་རྣམས་ཐིག་ལེའམ་ཕྱག་མཚན་ཤོག་བུ་ལ་བྲི། གྲུ་བཞི་


CMR020_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མདོག་དང་བཅས་པ་མ་འཆུགས་པར་བྱས་ནས། རིམ་བཞིན་བརྗེ་ཞིང་བཤམ་པ་ནི། འགྲིམ་དཀྱིལ་ཞེས་བྱ་སྟེ། སྐྱེས་ཆེན་གཙུག་ལག་ཕྲེང་བས་ཀྱང་དེ་གསུངས་སོ། །དབང་སྒྲུབ་ལུགས་ལ། སྤྱིའི་ལུགས་ལ་བདག་མདུན་བུམ་གསུམ་སོ་སོར་སྒྲུབ་པ་དང་། བདག་བསྐྱེད་བྱས་རྗེས་མདུན་བུམ་དུས་གཅིག་སྒྲུབ་པ་དང་། །བདག་བསྐྱེད་བྱས་རྗེས་བདག་བསྐྱེད་བསྡུས་ཏེ། བདག་གཙོ་བོ་ཕྱག་གཉིས་པའི་ང་རྒྱལ་གྱིས། མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ནས། བདག་དང་དབྱེར་མེད་ཀྱི་དཀྱིལ་འཁོར་བསྒོམ། སྦྱོར་མཚམས་ནས་འཁོར་རྣམས་སྤྲོ། ཡབ་ཡུམ་སྙོམས་འཇུག་གི་སྒྲས་ཡེ་ཤེས་པ་སྤྱན་དྲངས། ཞལ་དུ་ཞུགས་བྱང་སེམས་དུ་ཞུ་བ་ཡུམ་གྱི་པདྨར་སྤྲོས། །སྦྱོར་མཚམས་ནས་དཀྱིལ་འཁོར་སྤྲོས་ཏེ་དམ་ཚིག་པ་ལ་བསྟིམ། སྟ་གོན་གྱི་ལྷ་ཡང་མཆོད་དེ་བསྟིམ། དེ་ནས་གཙོ་བོའི་ཐུགས་ཀ་ནས་བདག་ཉིད་གཙོ་བོ་རྐྱང་པར་བྱ་སྟེ། ཤར་སྒོའི་སྒོ་ཁང་དུ་འདུག་ནས། མཆོད་བསྟོད་དང་དབང་བསྐུར་སོགས་བྱེད་པ། གསར་མའི་བླ་མེད་ལུགས་ཀྱི་དཀྱིལ་ཆོག་སྤྱིའི་ལུགས་ཡིན་པས། དེ་ལྟར་བྱེད་ན་ཡང་ཆོ་ག་འདི་ལ་


CMR020_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཚིག་བསྒྱུར་འོས་བསྒྱུར་ཤེས་པར་བྱའོ། །སྒྱུ་འཕྲུལ་དྲྭ་བ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་བའི་བྱེད་པ་པོ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་དང་། སྡོམ་འབྱུང་ལས། རྣོན་པོ་སྐད་ཅིག་རྣམ་པ་ཡིས། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་དང་། །གྲུབ་ཆེན་དྲིལ་བུ་པས།་བརྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་པའི་དགོངས་པ་ལྟར། སྐད་ཅིག་གིས་བསྐྱེད་པར་བཞེད་དོ། །བསྐྱེད་ཚུལ་འདི་ལ་ནི། ཟབ་མོའི་བསྐྱེད་རིམ་དང་། བརྟག་པའི་རྫོགས་རིམ་ཡང་ཟེར་ཏེ། །སྒྱུ་དྲ་དང་སྡོམ་འབྱུང་གི་ལུང་དྲང་མ་ཐག་པ་ལྟར་དང་། སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས་ཀྱང་། སྐྱེ་གནས་བརྫུས་ཏེ་སྐྱེས་པ་ཁོ་ན་ལ་ཟབ་མོའི་བསྐྱེད་རིམ་དང་། །བརྟག་པའི་རྫོགས་རིམ་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །བསྐྱེད་ཚུལ་འདི་དག་ལས་དང་པོ་པས་ཀྱང་རུང་སྟེ། མངོན་བརྗོད་ལེའུ་དྲུག་པ་ལས། ལས་དང་པོ་པ་ཡི་


CMR020_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་རིམ་སྟེ། །སྐད་ཅིག་གཅིག་གིས་སྐུ་རྫོགས་པ། ཞེས་གསུངས། སྒྲུབ་ཐབས་འདི་ནི་རྟེན་བརྟེན་པ་དང་བཅས་པའི་དཀྱིལ་འཁོར་རྣམས་ས་བོན་ལས་མི་བསྐྱེད་པར་ཆུ་ལ་ཉ་ལྡང་བ་ལྟར་སྐད་ཅིག་ལ་བསྐྱེད་ཅིང་། དེ་ཡང་རྫོགས་ཕྲེང་གི་འཇམ་རྡོར་སྐབས་སུ། འདིར་རྫོགས་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་རླབས་པ་དང་ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་ནི་མ་བཤད་དོ། །ཞེས་པ་ལྟར་དྲན་རྫོགས་སུ་བསྐྱེད་ནས། མངོན་རྟོགས་ཀྱང་འདོན་མི་དགོས་པར། བསྙེན་པ་ཅི་འགྲུབ་བྱ་ཞིང་། མཆོད་བསྟོད་ཤོ་ལོ་ཀ་ཙམ་བྱས་པས་རྒྱུན་ཁྱེར་གྱི་ཉམས་ལེན་འཐུས་ཏེ། བསྐྱེད་རིམ་ལ་བརྟན་པ་མ་ཐོབ་པས། མངོན་རྟོགས་མི་འདོན་པར་དབང་བསྐུར་བ་སོགས་ནི་མི་བྱའོ། །མངོན་རྟོགས་ཚར་གཅིག་གིས་བདག་མདུན་བུམ་གསུམ་དུས་གཅིག་ལ་བསྐྱེད་ནས། མཆོད་བསྟོད་ཀྱང་ཚར་གཅིག་གིས་ཆོག་པ་ནི། རྙིང་མའི་ལུགས་ཡོངས་གྲགས་ཡིན་ཀྱང་། གསར་མའི་ལུགས་ལ་དེ་འདྲ་བྱེད་མཁན་མཐོང་ཐོས་མེད་པས་འདིར་མི་བྱའོ། །དེ་ལ་རྗེ་དཀོན་མཆོག་ཡན་ལག་གིས་རྡོར་ཕྲེང་གི་དབང་ཆོག་ལས། དེང་སང་འདི་


CMR020_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ན་གསང་སྔགས་སྤྱོད་པ་མང་མོད་ཀྱང་། །བསྐྱེད་རྫོགས་གང་ལ་ཡང་ཚུལ་བཞིན་སྤྱོད་པ་ཉིན་སྐར་ཙམ། །འོན་ཀྱང་མོས་པ་ཙམ་ཞིག་ལམ་དུ་བྱ་བའི་ཕྱིར། །བདག་གིས་འདིར་ཡང་མདོར་བསྡུས་ཆོ་ག་བརྗོད་པར་བྱ། །ཞེས་གསུངས་པ་ལྟར། ཆོ་ག་བསྡུས་པ་བདག་མདུན་ཐ་མི་དད་པ་འདི་ནི། མཁས་པ་ཆེན་པོ་བུ་སྟོན་གྱི་རྗེས་འབྲང་། ཛྙཱ་ན་ཤྲཱིས་བསྒྲིགས་པའི་རྡོར་ཕྲེང་གི་ཆོ་ག་ལས། ཁ་ཅིག་རྡུལ་ཚོན་བསྐྱེད་ཟིན་ནས་བདག་བསྐྱེད་ཀྱང་དེ་ལ་སྤྲོ་བར་བྱེད། དབང་བསྐུར་རིགས་བདག་གིས་རྒྱས་གདབ་པ་སྟེ་ཚུལ་གཉིས་བཞེད་དོ། །དེ་ལ་སྡོམ་འབྱུང་གི་འགྲེལ་པ་དང་། ཕྲེང་བ་དང་བྷི་བྷུ་ཏའི་དཀྱིལ་ཆོག་དང་། གསང་འདུས་ཀྱི་དཀྱིལ་ཆོག་ནག་པོ་པས་མཛད་པ་དང་། ཀླུ་སྒྲུབ་ཀྱིས་མཛད་པ་ལ་སོགས་པར་ཚུལ་འདི་གཉིས་ཀར་འབྲུ་མནན་ཐུབ་པའི་ཚིག་རྣམ་པ་མཐའ་དག་གཅིག་ཏུ་གསལ་བ་མ་ཡིན་པར་གསུངས། ཞེས་དང་། བདག་བསྐྱེད་རྡུལ་ཚོན་གཅིག་ཏུ་བྱེད་པ། གཙོ་བོའི་ཐུགས་ཀ་ནས་བདག་ཉིད་ཕྱག་གཉིས་པའི་རྣམ་པར་ཐོན་ནས། མཆོད་པ་ནས་སྦྱིན་སྲེག་གི་བར་དུ་བྱའོ། །ཞེས་དང་། རྗེ་མི་བསྐྱོད་ཞབས་ཀྱིས། གསང་སྔགས་བླ་


CMR020_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དཀྱིལ་འཁོར་དུ་བདག་མདུན་ཐ་མི་དད་དང་ཐ་དད་དུ་བསྒྲུབ་ཚུལ་གཉིས་ཀ་གསུངས་པ་ཡོད་ཅིང་། བུམ་བསྐྱེད་ཀྱང་ལོངས་སྐབས་དང་སྦྱར་བའི་བདག་མདུན་དང་དཀྱུས་གཅིག་ཏུ་སྦྲེལ་མི་སྦྲུལ་གྱི་ལག་ལེན་གཉིས་ཀ་ཡོད་པ་དང་། ཁྱད་པར་རྡོ་རྗེ་ཕྲེང་བའི་ཕྱག་ལེན་ཁ་ཅིག་ཏུ་བདག་མདུན་བུམ་གསུམ་ཀ་དུས་གཅིག་ལ་བྱེད་པའི་ལུགས་སྣང་། ཞེས་ལུགས་དེ་ཡང་མི་འཐད་པར་མ་གསུངས་འཐད་པར་གསུངས་པ་དང་། རྗེ་དཀོན་མཆོག་ཡན་ལག་གིས་བཀའ་གནང་ནས་སྤུས་གང་ལོ་ཙཱ་བས་བསྒྲིགས་པའི་རྡོར་ཕྲེང་གི་ཆོ་ག །དེང་སང་ཀར་ལུགས་ལ་གྲགས་ཆེ་བ་དེ་ཉིད་ལས། དཀྱིལ་འཁོར་བསྒྲུབ་ན་ཡང་བདག་མདུན་དབྱེར་མེད་དུ་བསྐྱེད་ནས་མཆོད་བསྟོད་བསྡུས་པ་ཙམ་དང་། བདག་འཇུག་བླང་བ་དང་། སློབ་མ་གཞུག་པ་སོགས་ཀྱི་སྐབས་སུ་རང་གཙོ་བོ་ལས་མར་མེ་གཉིས་ཆད་ལྟར་བྱེ་ནས་བྱ་བ་དང་། བུམ་བསྐྱེད་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་སམ་གཙོ་བོ་རྐྱང་པ་བསྐྱེད་པའང་རུང་ཞིང་། བཟླས་དུས་ཀྱི་དམིགས་པའང་ལྷའི་རྣལ་འབྱོར་ཤིན་ཏུ་གསལ་བའི་ངང་ནས་བཟླས་པ་མ་གཏོགས། དམིགས་པ་ཟུར་པ་མི་དགོས་པ་


CMR020_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སློབ་དཔོན་འདིའི་དགོངས་པ་མཐར་ཐུག་ཡིན་པས། སྤྲོས་པ་ལ་མི་དགའ་ན་འདི་ཁོ་ནས་གདོན་མི་ཟ་བར་འགྲུབ་ཅིང་། སྤྲོས་པ་ལ་དགའ་ན་རྡོ་རྗེ་ཕྲེང་བའི་ཕྱག་ལེན་གསལ་བྱེད་དུ་ཡེ་ཤེས་གཞུག་པ་དང་དབང་བསྐུར་བ་སོགས་བཤད་པ་ལྟར་ཉམས་སུ་བླང་ངོ་། །ཞེས་གསུངས་པ་དང་། ཡང་འགའ་ཞིག་གིས། ཕ་རྒྱུད་ལ་གསང་འདུས་འཇམ་རྡོར་དང་། ཀྱེ་རྡོར་གྱི་རིགས་ཐམས་ཅད་ལ་ཐོད་པ་ཅན་ལྷ་དགུ་དང་། བདེ་མཆོག་རིགས་ལ་ཞལ་བཞི་ཕྱག་བཅུ་གཉིས་པ་སོགས། རྩ་བའི་དཀྱིལ་འཁོར་གཅིག་གིས་བདག་བསྐྱེད་བསྒོམས་ནས། གཞན་དཀྱིལ་འཁོར་རྣམས་ལ་མདུན་བུམ་གཉིས་ཁོ་ན་བསྒྲུབས་པས་ཆོག་པའི་སྲོལ་ཡང་ཡོད་འདུག་སྟེ། མཁས་པ་རྣམས་ཀྱིས་དེ་ལ་བདག་བསྐྱེད་ཆད་པའི་སྐྱོན་ཡོད་གསུངས་ནས་བཀག །འདི་ལ་ནི་དེའི་སྐྱོན་ཡང་མེད། སྟག་ལུང་ངག་དབང་གྲགས་པས་ཀྱང་བདག་མདུན་ཐ་མི་དད་པའི་དཀྱིལ་འཁོར་འདི་ལྟར་མཛད་པ་འགའ་རེ་མཐོང་ཞིང་། མི་ཕམ་པདྨ་དཀར་པོས་ཀྱང་རྡོར་ཕྲེང་ལ་འདི་ལྟར་མཛད་པ་ཡིན་ཟེར་བ་ཐོས་པས། འདི་ལ་ཐེ་ཚོམ་མི་བྱའོ། །དེང་སང་དཀར་ལུགས་ཀྱི་རྡོར་ཕྲེང་གཞུང་ལ།


CMR020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པར་ལྷའི་འཁོར་ལོ་སྐད་ཅིག་ལ་བསྐྱེད་ཡེ་ཤེས་བསྟིམ་སྟེ། མཆོད་བསྟོད་བསྙེན་པས་ཆོག་པར་གསུངས་པ་དང་། སྟག་ལུང་ངག་དབང་གྲགས་པས་འོད་ཟེར་འཕྲོ་འདུས་སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས་ཏེ་བུམ་ཆུ་ལ་ཐིམ་པར་བསྒོམས་པས་ཆོག་པར་གསུངས་པ་དང་། མི་བསྐྱོད་རྡོ་རྗེས་རྣམ་གྲོལ་སྒོ་ཆེན་ལས་བུམ་པར་རྡོ་རྗེས་རེག་ནས་སྔགས་རྣམས་བརྗོད་པས་ཆོག་པར་གསུངས་པའི་ཕྱིར། བུམ་བསྐྱེད་བསྡུས་པ་འདི་ལ་ཡང་ཐེ་ཚོམ་མི་དགོས་སོ། །པཎ་ཆེན་ཨ་ཧྥུ་ཀ་ར་ཉིད་ཀྱི་ཞལ་ནས། ལྷ་ཐམས་ཅད་ངོ་བོ་གཅིག་པས་རང་གི་ལྷག་པའི་ལྷའི་བསྙེན་པ་ཚད་ལྡན་སྔོན་དུ་སོང་བས་འགྲུབ། ཅེས་གསུངས་པའི་ཕྱིར། རང་གི་ཡི་དམ་གང་ཡིན་གཅིག་གིས་བསྙེན་པ་ཚད་ལྡན་སྔོན་དུ་སོང་ཞིང་། འདིའི་དབང་ལུང་གི་རྒྱུན་ཐོབ་ནས། དབང་འདི་རྣམས་གཞན་ལའང་བསྐུར་རུང་ངོ་། །ཀརྨ་ཕྲིན་ལས་གསུམ་པས་མཛད་པའི་ཀཾ་ཚང་ལུགས་ཀྱི་རྡོར་ཕྲེང་ལས། བླ་མ་ལ་གསང་བསྒྲགས་ཀྱི་ཉེས་པ་དང་། སློབ་མ་ལ་དམ་ཚིག་མི་བསྲུང་བའི་ཉེས་པ་བཀག་པའི་ཕྱིར། ཟང་ཟིང་འབུལ་སྡུད་ཀྱི་ཆེད་དུ་ཁྲོམ་ཚོགས་བསྡུས་ཏེ་རྡོར་ཕྲེང་བཙུགས་པ་


CMR020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མཚམས་མེད་དང་འདྲ་བའི་སྡིག་པ་རྔམ་པོ་ཆེ་ཡིན་གསུངས་ནས་བཀག །འོན་ཀྱང་དགོངས་གཅིག་ལས། ཉམས་ལས་མ་ཐོབ་ཉེས་པ་ཆེ་བས་དམ་པའི་ཆོས་ལ་འབྲེལ་པ་ཐོགས་། ཞེས་དང་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ལ་དབང་བསྐུར་བར་བྱའོ། །འདིར་སྣོད་དང་ལྡན་པ་དང་མི་ལྡན་པ་ཡོངས་སུ་བརྟག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་། དཀྱིལ་འཁོར་འདི་མཐོང་བ་ཙམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཁྲོམ་ལ་དབང་བསྐུར་ན་སྡིག་པར་འགྱུར་རམ་དགེ་བར་འགྱུར། སློབ་དཔོན་རང་གི་སེམས་བསྐྱེད་ལ་རག་ལས་སོ། །དེ་ལྟར་རྡོར་ཕྲེང་ཚང་མ་ཁྲོམ་མང་ལ་བསྐུར་དགོས་བྱུང་ན། མཆོག་དབང་སྐོར་གསུམ་གཏན་ནས་མི་བསྐུར་བའི་སྲོལ་ཡང་ཡོད་པར་སྣང་སྟེ། བུ་སྟོན་ལུགས་ཀྱི་རྡོར་ཕྲེང་གི་དབང་མཆོག་བཤད་པ་དང་བཅས་པ་ཤིན་ཏུ་རྒྱས་པ་ཡེ་ཤེས་དཔལ་གྱིས་མཛད་པ་ལ། མཆོག་དབང་སྐོར་གསུམ་གྱི་རྫི་ཡང་མ་བསྒྲིགས་པར་སྣང་། ཁྲོམ་དབང་བསྐུར་སྲོལ་ནི་སྔར་ནས་ཡོད་པར་འདུག་སྟེ། ཞབས་དྲུང་རིན་ཆེན་ཕུན་ཚོགས་ཀྱི་རྣམ་ཐར་ལས། རྡོར་ཕྲེང་གི་ཆོས་སྐོར་སྐལ་


CMR020_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འབུམ་ཕྲག་བཅུ་གསུངས་པས། སྐྱེས་བུ་དམ་པ་དེ་ལ་རྡོར་ཕྲེང་ཐོབ་པ་ནི་སྐལ་པ་དང་ལྡན་པ་ཡིན་མོད་ཀྱི། སྣོད་ལྡན་དམ་ཚིག་ཅན་འབུམ་ཕྲག་ག་ལ་ཡོད། དེས་ན་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་ལེན་ལ། ཁྲོམ་ཉོབ་ཐམས་ཅད་རྡོར་ཕྲེང་ལ་མི་ཚུད། གཙོ་ཆེར་རབ་བྱུང་རྣམས་ལ་བསྐུར། མི་ནག་པ་ངོ་ཆེན་རྣམས་ལའང་། འབྱོར་པ་ཅན་ལ་འབུམ་བརྒྱ་བསྐལ་བརྒྱ་མདོ་བརྒྱ། ཆོས་བྲི་བ་ཞལ་ཐང་འགའ་ཟུང་བཞེངས་པ་སོགས་འབྱོར་པ་དང་བསྟུན། དར་ལྕོག་ཚེ་ཐར་མར་མེ་སོགས་གྲངས་ཀ་གང་མང་། འབྱོར་པ་མེད་ན་ཡིག་དྲུག་དུང་། དུང་གི་ཁ་བཀང་། ཐ་ན་ཡང་བྱེ་བ་བཅུ་ལས་མི་ཉུང་བ། བཙུན་པ་གྱ་མ་ཐོ་དང་། བཙུན་མ་རྣམས་ལ་བཛྲ་གུ་རུ། ཧཱུྃ་བཛྲ་ཕཊ༔ བདེ་མཆོག་ཡིག་བདུན་སོགས་སོ་སོའི་མོས་པ་དང་བསྟུན་ནས། གང་མོས་གཅིག་ལ་བྱེ་བ་བཅུ་འདོན་དགོས། དེ་མི་འདོན་ན་མི་ཚུད་ཅེས་དང་པོ་ནས་དམ་བགགས་སྲོལ་ཡོད་འདུག་པས་དེ་ལྟར་བྱས་ན་ལེགས། དེ་ལྟར་བྱས་ཚེ། བླ་མ་དང་དབོན་རིགས་དགེ་བཤེས་སོགས་ཡོན་ཏན་ཅན་ཡང་མང་ཞིག་ཡོད་པས། མཆོག་དབང་སྐོར་གསུམ་མ་བསྐུར་ན་


CMR020_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མ་ཚང་བར་ཤེས་ནས་མི་མགུ། གཞན་ལ་དབང་རྒྱུན་འཕེལ་ན་ཡང་དབང་ཕྱེད་པོ་རེད་པས་བསྟན་པ་ལ་གནོད། ཉུང་དབང་དུ་བསྐུར་ན་མང་མ་ཡིད་མི་ཚིམ་ཞིང་ལོང་སྐབས་ཀྱང་མེད། དེའི་ཚེ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་གནས། །འདི་ན་སྣོད་མིན་འགྲོ་བ་སུ་ཡང་མེད། །ཅེས་གསུངས་པ་ལྟར་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད། རྣལ་འབྱོར་པ་རང་གི་སེམས་ཉིད་དང་། སེམས་ཅན་ཀུན་གྱི་སེམས་ཉིད་དབྱེར་མེད་ཡེ་ནས་ཆོས་སྐུ་ཡིན་པར་ལྟ་བའི་གདེང་བསྐྱེད་དེ། རང་ལ་གསང་བསྒྲགས་ཀྱི་ཉེས་པ་མི་འབྱུང་། དབང་ཚིག་རྣམས་བཤད་པ་མི་བྱ་བར་ཧྲུག་ཧྲུག་བཏོན་པས། ཐ་མལ་པ་རྣམས་ལ་མ་གསང་རང་གསང་ཡིན་དོན་ཅི་ཡང་མི་གོ །ཡོན་ཏན་ཅན་རྣམས་ཀྱིས་དབང་བཞི་ཚང་བར་ཤེས་ནས་མགུ། ཐམས་ཅད་ཀྱིས་དབང་བཞི་ཡོངས་རྫོགས་ཐོབ་པས་། ཕན་ཡོན་ཆེ་ཞིང་སྐལ་པ་ཡང་བཟང་བ་ཡིན། འདིའི་རྡོར་ཕྲེང་གི་གཞུང་ལས་འདི་སྐད་དུ། རྒྱ་གཞུང་ལས། བུམ་པའི་གྲངས་མང་དུ་གསུངས་ཀྱང་། ཕྱག་ལེན་ལ་


CMR020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་རེ་ལ་དཀྱིལ་འཁོར་གཅིག་གིས་དབང་བསྐུར་བ་ལས་མི་མཛད་ན། རྣམ་རྒྱལ་བུམ་པ་གཅིག་དང་། ལས་བུམ་གཅིག་མཛད་ཅིང་། ཉིན་གཅིག་ལ་དཀྱིལ་འཁོར་བཞི་ལ་སོགས་པའི་དབང་སྐུར་བྱེད་ན། དཀྱིལ་འཁོར་རེ་རེ་ལ་རྣམ་རྒྱལ་བུམ་པ་རེ་རེ་དང་། ཐུན་མོང་དུ་ལས་བུམ་གཅིག་བཤམས་པ་ཡིན་པས། ཞེས་དང་། རེས་བྲིས་དང་རྡུལ་ཚོན་གང་ལ་བརྟེན་ཀྱང་རུང་སྟེ། སང་ཉིན་དཀྱིལ་འཁོར་མང་ཉུང་གང་བྱེད་ཀྱི། ལྷ་སྟ་གོན་བུམ་པ་སྟ་གོན་སྔོན་མའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་པའི་རྗེས་སུ་སང་ནངས་པར་དབང་སྐུར་བྱེད་འགྱུར་གྱི་ལྷ་སྟ་གོན་བུམ་པ་སྟ་གོན་བྱེད་དགོས་པས། ཞེས་དང་། དེ་ནས་བརྟག་གཉིས་ཀྱི་ཧེ་རུ་ཀ་བཞི་ལ་དངོས་གཞི་གཅིག་མཛད་པ་སོགས་འོག་ནས་རིམ་བཞིན་ཤེས་པར་བྱའོ། །ཞེས་དང་། དབང་རྫས་ལྷར་བསྐྱེད་པ་ནི། ཉི་མ་གཅིག་ལ་དཀྱིལ་འཁོར་གཅིག་གམ་གཉིས་སམ་གསུམ་བཞི་ལ་སོགས་པ་དབང་བསྐུར་གང་སྤྲུལ་བྱེད་ཀྱི་རྣམ་རྒྱལ་བུམ་ཆུ་ལ་དམིགས་ལ། རང་རང་གི་ལས་སྔགས་ཀྱིས་བསང་ཞེས་སོགས་དང་། དེ་ནས་དཀྱིལ་འཁོར་གསུམ་བཞི་ལ་སོགས་པའི་དབང་བསྐུར་དུས་གཅིག་ལ་


CMR020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན། རྣལ་རྒྱལ་བུམ་པ་གཞན་གྱི་ཆུ། གཙོ་བོའི་བུམ་པར་བསྡུས་ཏེ། ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ལ། སློབ་མའི་ཕྱོགས་སུ་བཟུང་ཞིང་སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན། ཞེས་གསུངས་པའི་དོན། དཀྱིལ་འཁོར་གསུམ་བཞི་ལ་སོགས་པའི་དཀྱིལ་འཁོར་སྟ་གོན་དང་བུམ་པ་སྟ་གོན་སྔར་ནུབ་ལྟར་བྱས་ནས། ཕྱིར་ནངས་དང་པོ་རྩ་བའི་དཀྱིལ་འཁོར་གཅིག་བསྒྲུབ། གཙོ་བོའི་ཐུགས་ཀ་ནས་གཙོ་བོ་རྐྱང་པ་རང་བྱེ་ནས་དཀྱིལ་འཁོར་རྗེས་མ་བསྒྲུབས། དེ་མུས་ཀྱིས་དཀྱིལ་འཁོར་གསུམ་བཞི་ཙམ་ལེགས་པར་བསྒྲུབས་ནས་སླར་ཡང་དང་པོ་སྒྲུབ་པའི་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་གྱིས། བདག་འཇུག་ལེན་པ་དང་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། བདག་འཇུག་གཅིག་གིས་དཀྱིལ་འཁོར་བཞི་ཀའི་བདག་འཇུག་དུས་གཅིག་ལེན། སློབ་མ་ལ་ཡང་དབང་གཅིག་གིས་དཀྱིལ་འཁོར་བཞི་ཀའི་དབང་དུས་གཅིག་ལ་བསྐུར་ཏེ། མེ་ཏོག་དོར་དུས་དཀྱིལ་འཁོར་བཞི་ཀཾ་ལ་དོར་ལྷ་ངོ་སྟོན་དུས་ཡང་སོ་སོར་དཀྱིལ་འཁོར་བཞི་ཀའི་ལྷ་ངོ་སྟོན། བུམ་དབང་དུས་བུམ་ཆུ་རྣམས་རྩ་བའི་དཀྱིལ་འཁོར་གྱི་བུམ་པར་བསྡུས་ཏེ་བསྐུར། བཟླས་ལུང་དུས་དཀྱིལ་འཁོར་བཞི་


CMR020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་བཟླས་ལུང་སྦྱིན། དེ་ལྟར་དབང་བསྡོམས་ཏེ་ཐོབ་པའི་སློབ་མ་དེས། གཞན་ལ་དབང་སྐུར་ཚེ་ཕྲལ་ནས་ཀྱང་བསྐུར་ཆོག་སྟེ། དེའི་དོན་རྡོར་ཕྲེང་རྩ་བའི་དཀྱིལ་འཁོར་ཉེར་བརྒྱད་པ་ཐོབ་ནས། དེ་ལས་ཕྱེ་བའི་བཞི་བཅུ་ཞེ་གཉིས་པ་དང་། ཞེ་ལྔ་པ་དང་། ལྔ་བཅུ་ང་བརྒྱད་པ་དང་། དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན་རྣམས་ཀྱི་ཡང་དབང་བསྐུར་བའི་ཆོ་ག་དང་ལམ་སྒོམ་པ་སོགས་ལ་དབང་བ་ཡིན་ནོ། །ཞེས་པཎ་ཆེན་ཉིད་ཀྱིས་གསུངས་ཤིང་། དེ་ལ་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཞལ་མཐུན་པས་ཐེ་ཚོམ་མེད་དོ། །དེ་ལ་གོ་རིམ་ནི་རྡོར་ཕྲེང་གི་དབང་ཆོག་རྣམས་སུ། དང་པོ་འཇམ་རྡོར་གྱིས་དབུ་བྱས་ཏེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཞི། ཀྱེ་རྡོར་གྱི་ཕྱོགས་གཏོགས་དཀྱིལ་འཁོར་བཅུ་གསུམ། བདེ་མཆོག་གི་ཕྱོགས་གཏོགས་དཀྱིལ་འཁོར་བཅོ་བརྒྱད། དེ་ནས་དུས་ཀྱི་འཁོར་ལོ་སྟེ། བླ་མེད་ཀྱི་དཀྱིལ་འཁོར་སུམ་ཅུ་རྩ་དྲུག །དེ་ནས་རྣལ་འབྱོར་རྒྱུད་གསུམ། སྤྱོད་རྒྱུད་གཅིག །བྱ་རྒྱུད་གཉིས་ཏེ། དེ་ལྟར་ཞེ་གཉིས་ནི་རྡོར་ཕྲེང་དངོས་ཡིན་ལ། དེ་ལ་དེ་དག་ལོགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པས་ཞེ་ལྔ། 


CMR020_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་བཞུགས་པའི་གོ་རིམ་དང་དབང་བསྐུར་བའི་ཕྱག་ལེན་ཡང་དེ་ལྟར་མཛད་པར་སྣང་སྟེ། རྒྱུད་བརྟག་གཉིས་ལས། སོ་ཐར་དང་བྱང་སྡོམ་དང་། བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་ལ། རིམ་གྱིས་ཡར་འཇུག་དགོས་པར་གསུངས་པས། དང་པོ་ཚེ་བསྲིང་ཕྱིར་རྣམ་རྒྱལ་མ། འཕྲལ་ཕུག་ཏུ་ལོངས་སྤྱོད་འདུ་བའི་ཕྱིར་ནོར་རྒྱུན་མ། བར་ཆད་གློ་བུར་བ་མི་འོང་ཕྱིར་གཟའ་ཡུམ། སྡིག་ཅན་དང་དམ་ཚིག་ཉམས་པ་དབང་གྲལ་དུ་མང་དུ་ཡོད་པས་དེའི་གྲིབ་རང་གཞན་ལ་མི་འགོ་ཞིང་སྣོད་མིན་གྱི་སྣོད་སྦྱང་ཕྱིར། རྡོར་སེམས་སྒོམ་བཟླས་ཀྱི་དམིགས་པ་སྤྱོད་ལ། བཛྲ་སཏཱ་འབུམ་ཐེར་གཅིག་ལས་མི་ཉུང་བ་དབང་ཞུ་རིང་ལ་བསྙེན་འཇུག །དེ་ནས་བྱ་རྒྱུད་དང་། སྤྱོད་རྒྱུད་དང་། རྣལ་འབྱོར་རྒྱུད་དང་། ཕ་རྒྱུད་དང་། ཀྱེའི་རྡོ་རྗེའི་སྐོར་དང་། དེ་ནས་བདེ་མཆོག་སྐོར་རྣམས་བསྐུར་ཏེ། མཱ་ཡཱའི་རྗེས་ནས་དུས་འཁོར་བསྐུར་ལ་གདན་བཞི་ཡབ་ཡུམ་གཉིས་རྗེས་སུ་བཞག་སྟེ། རྗེ་མར་པའི་མགུར་ལས་རྒྱུད་གཉན་པར་གྲགས་པའི་གདན་བཞི་ཞུས་གསུངས་པ་ལྟར། འདི་རྒྱ་བོད་ཀུན་ཏུ་ཤིན་ཏུ་གཉན་པར་གྲགས། སྤྲུལ་པའི་སྐུ་དཀོན་མཆོག་ཕྲིན་


CMR020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་རྒྱལ་ཡང་འདི་གནང་བའི་སྐབས་བསྙུངས། འདི་གཞན་ལ་དབང་རྒྱུན་སྤེལ་རེ་ཡོད་པ་རྣམས་ལ་ཉུང་དབང་བྱ། དེའི་ཚབ་ཏུ་མང་མ་ལ། གསང་་འདུས་འཇམ་པའི་རྡོ་རྗེ་གཙོ་བོ་འཕོ་བའི་རིགས་པས། གསང་འདུས་འཇིག་རྟེན་དབང་ཕྱུག་དང་། དུས་འཁོར་ཐུགས་དཀྱིལ་ལྟ་བུ་ཞིག་བསྐུར།་ཉུང་དབང་བྱེད་ཁ་ཡང་། དུད་སོལ་མ་དང་ཞལ་བཞི་པ་ལ་གཏོར་མ་འབུལ། དེ་ལྟར་བྱེད་པས་བར་ཆད་མི་འབྱུང་ཞིང་འཇམ་པར་འོང་། དབང་ཚར་རྗེས་སྔོན་དགེ་བ་ཁས་ལེན་བྱས་པ་རྣམས་ལ་ཡང་དོ་དམ་བྱ། དེ་ལྟར་ཉིན་རེ་སྔ་དྲོ་ཕྱི་དྲོ་དབང་གཉིས་རེ་བསྐུར་ན། དང་པོ་ཉིན་པར་སྟ་གོན་ཞག་གཅིག །རྗེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཞག་གཅིག་སྟེ། རྔོག་དཀྱིལ་སོགས་མཐུད་ན་ཟླ་གཅིག་ཙམ་འགོར་ལ། དབང་ཞུ་མི་ཉུང་ཞིང་། དབང་བཞི་རེ་ཙམ་སྤོམ་ནས་བསྐུར་ན། ཞག་བདུན་ཙམ་གྱིས་ཀྱང་རྫོགས་པར་འགྱུར་བས་དལ་ཁོམ་དང་བསྟུན། ཁྲོམ་སོགས་དབང་ཞུ་མང་ན། རྡོ་རྗེ་གནས་གསུམ་དུ་གཏུགས་པ་སོགས་ཀྱང་སྟོན་པ་ཙམ་དང་། དམ་ཆུ་ཡང་གཏོར་བ་ཙམ། དབང་རྫས་རྣམས་ཀྱང་སྟོན་པ་ཙམ་བྱ་སྟེ། རིག་པའི་


CMR020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྔའི་མཇུག་ཏུ། བུམ་པ་དབུ་རྒྱན་ནང་དུ་བཅུག །རྡོ་རྗེ་དང་བཅས་པའི་ཕྱག་གིས་མགོར་བཞག་ཅིང་། གཡོན་དྲིལ་བུ་དང་བཅས་པས་རྡོར་དྲིལ་དར་ལ་བཏགས་པ་ལག་པས་རེག་ཙམ་བྱེད་འཇུག་རྗེས་རྗེས་ནས་མཆོད་གཡོག་པས་བུམ་ཆུ་བཀྱེ་ཞིང་འོང་། སློབ་དཔོན་དབང་གི་རྗེས་སུ་ཡང་དེ་ལྟར་བུམ་པ་དང་རྡོར་དྲིལ་ལན་གཅིག་འགྲིམ། མདའ་གཞུ་མིག་ཐུར་མེ་ལོང་སོགས་ཀྱང་། བུམ་པ་དང་མཉམ་དུ་ཙཀ་ལི་བཟུང་བའམ་མཆོད་གཡོག་པས་མཉམ་དུ་རྗེས་རྗེས་ནས་འགྲིམ། གསང་དབང་བྷནྡ་བསྟན་ཙམ་བྱས་ལ་བདུད་ཚེརྩི་མཆོད་གཡོག་པས་བཀྱེ། མཐའ་བསྟན་ཙཀ་ལི་རྣམས་དུས་གཅིག་འགྲིམ་པས་འཐུས། དེ་ལྟར་བསྡུ་འཚམས་མ་ཤེས་ན་ཁྲོམ་ལ་དཀྱིལ་འཁོར་གྱི་དབང་རྫོགས་པའི་མཐའ་མེད། དེ་ལྟར་ཆོག་པ་ཡང་བཀའ་དགོངས་ཞི་ཁྲོ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་དབང་སོགས་ཀྱི་ཕྱག་ལེན་གྱིས་གསལ། དབང་ཞུ་བ་བདུན་ལས་མི་མང་བ་ཡིན་ན། རྡོ་རྗེ་གནས་སོ་སོར་གཏུགས་པ་དང་དམ་ཆུ་བླུད་པ་དང་དབང་རྫས་སོ་སོར་འགྲིམ་པ་གཞུང་ལྟར་བྱ་སྟེ། བླ་མས་གནང་དུས་ཀྱང་དེ་ལྟར་མཛད་དེ། རྡོར་ཕྲེང་འདིའི་གཞུང་གི་རྩ་ཚིག་


CMR020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཉིས་པ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཆོ་ག་འདིར་བཤད་པར་བྱ་བ་ལ། དཀྱིལ་འཁོར་བསྒྲུབ་པའི་ཐོག་མ་རུ། །སྔོན་འགྲོ་གཏོར་མ་གནས་ཡོ་བྱད། །བྱིན་གྱིས་བརླབ་ཅིང་ཞུ་འབུལ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་བཟླ། །ཚོགས་གཉིས་བསགས་ནས་སྲུང་འཁོར་སོགས། །མངོན་རྟོགས་བསྒོམས་ནས་བཟླས་པ་བསྡུ། །མདུན་བསྐྱེད་བདག་བསྐྱེད་ཆ་འདྲ་བསྒོམ། །རང་ཉིད་མདུན་བསྐྱེད་གཙོ་བོ་དང་། །དབྱེར་མེད་བསྒོམ་པའི་མཁའ་ནང་ནས། །དཀྱིལ་འཁོར་སྤྲོས་ཏེ་མདུན་ལ་བསྟིམ། །སྟ་གོན་དཀྱིལ་འཁོར་དགུག་གཞུག་བྱ། །དེ་རྗེས་གནས་གསུམ་བྱིན་བརླབས་ནས། །དབང་གི་ལྷ་རྣམས་སྤྱན་དྲངས་མཆོད། །དབང་བསྐུར་རིགས་བདག་རྒྱས་གདབ་བོ། །ཡུམ་རྐྱང་རྣམས་དང་ཕྱི་དྲུག་གི །དཀྱིལ་འཁོར་བསྒྲུབ་ཚུལ་འོག་ནས་ཤེས། །མཆོད་པ་ཕྱི་མཆོད་བསྟོད་པ་དང་། །ནང་མཆོད་ཕུལ་ནས་གཏོར་མ་གཏོང་། །ནང་དུ་འདས་པའི་ལྷ་མཆོད་པའོ། །དེ་རྗེས་ཕྱི་རོལ་གཏོར་མ་བྱ། །ནང་དུ་ལོག་ནས་ཉེ་རེག་དང་། །བསྐོར་བ་སྒོ་དབྱེ་ཕྱག་བྱའོ། །ཞེས་པ་ལྟར་རོ། །ཞེས་


CMR020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་ཐ་མི་དད་བྱས་པ་མ་གཏོགས། འདིའི་དབང་སྒྲུབ་རྣམས་རྩ་ཚིག་དེ་ཇི་ལྟ་བ་ཡིན་པས། ཆོ་ག་རྣམ་པར་དག་པ་སྟེ།་འདི་ལ་བརྟེན་ནས་འདིའི་བསྙེན་སྒྲུབ་བྱ་བར་། འདོད་ན་ཡང་། ཆོ་ག་ཉུང་ངུ་འདི་ལ་བརྟེན་ནས་བྱས་པས་ཆོག་།དེ་ཡང་རིག་པ་མཆོག་གི་རྒྱུད་ལས། རིག་སྔགས་སྒྲུབ་ལ་བགེགས་མང་པོ་ཡོད་པར་གསུངས་པས། རང་གིས་གུང་ཚིགས་དུས་ཕུད་མཆོད་ཀྱི་གྲ་ལ་ཕུད་གཅིག་བཞག་ལ། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་འབུལ། ཉི་མ་ཤར་དུས་ཉི་མ་ལ་ཁ་བལྟས་ལ། ཆུ་འཁྱོར་གང་ལ་བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་བཟླས་ལ།་བདག་མིང་འདི་ཞེས་པས། རིག་སྔགས་རྗེ་བསྒྲུབ་ཀྱིས།་ཁྱེད་ཡིད་དགའ་བར་གྱིས་ཤིག །ཅེས་བརྗོད་ལ་གཏོར། དེ་རྒྱུན་དུ་བྱས་ན་བར་ཆད་མི་བྱེད་པར་བགེགས་རྣམས་དགའ་ཞིང་དངོས་གྲུབ་སྟེར་རོ། །ཡང་སྒྲུབ་པ་བྱེད་ཀ་ནངས་པར་ཉི་མའི་ངོས་ལ་ཁ་བལྟས་ཐལ་མོ་སྦྱར་ནས་སྔགས་བརྗོད་ལ། བདག་མིང་། འདི་ཞེས་བྱ་བས། རིག་སྔགས་རྗེ་ཞིག་བསྒྲུབ་ཀྱིས། ཁྱེད་ཡིད་དགའ་བར་གྱིས་ཤིག །ཅེས་བརྗོད་པས་བགེགས་ཐམས་ཅད་འདིར་འདུའོ། །དེ་ནས་ཁྲོ་བར་བྱས་ལ། 


CMR020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མ་འགུལ་ཅིག །ཅེས་བརྗོད་པས་བགེགས་དེ་དག་ཐམས་ཅད་ཀྱང་བཅིངས་ཤིང་གཟིར་བར་འགྱུར་རོ། །སྒྲུབ་པ་ཚར་ནས་ཡིད་ཀྱིས་དཀྲོལ་ལོ། །མེ་། ཏོག་འབུལ་དུས་སྔགས་བརྗོད་ཅིང་མེ་ཏོག་བླངས། སྤོས་འབུལ་ཁ་ལག་པ་གཡོན་པས་མར་ཅུང་ཟད་བླངས་ལ། ཁམ་ཕོར་ནང་དུ་མེར་བསྲེགས་དེ་ལ་སྔགས་བཟླ་ཞིང་སྤོས་མ་བདུག །མར་མེ་འབུལ་ཁ་མར་མེ་ཆུང་ངུ་གཅིག་དང་གཉིས་སྦར་ལ། ཆུང་ངུ་མགོ་ཐུར་བསྒྱུར་ཏེ་བཟུང་ནས་སྔགས་བརྒྱ་རྩ་བརྒྱད་བཟླ། དེས་མཆོད་པའི་བགེགས་གསུམ་གྱིས་ཕྱིན་ཆད་མི་གནོད་ཅིང་དངོས་གྲུབ་ཐོབ། སྒྲུབ་པ་ཐམས་ཅད་ཀྱི་ཐོག་མར་དེ་དག་བྱའོ་གསུངས་སོ། །དེ་ལ་བདག་བསྐྱེད་ཐུན་བཞི་དང་། ཐུན་མཚམས་སུ་གཏོར་མ་བསྔོ་བ། །སྤྱིའི་ལུགས་ལྟར་འདོད་ན་ཡང་ཚིག་ཟུར་བསྒྱུར་ཤེས་པར་བྱ་ཞིང་། ཆོ་ག་འདིའི་རང་ལུགས་ཀྱི་བསྙེན་སྒྲུབ་གཅིག་ཆོག་ཡིན་ཏེ། དབང་བསྐུར་དུས་ལྟར་དཀྱིལ་འཁོར་བུམ་པ་མཆོད་གཏོར་བཤམས། རྗེས་ཆོག་མ་གཏོགས་པའི་ཆོ་ག་ཐུན་བཞིར་གཏོང་། འདིའི་གཞུང་ལས། དེ་ནས་བཟླས་པ་ནི་མན་ངག་ལྡན་པས་སྤྲོ་བསྡུའི་ཚུལ་གྱིས། ཞེས་


CMR020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན། བདག་མདུན་ཐ་མི་དད་གཙོ་བོའི་ཐུགས་ཀར། ཞི་བ་ལ་ཟླ་བ་དང་ཁྲོ་བོ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་སེམས་དཔའ་རང་འདྲ་བ། དེའི་ཐུགས་ཀར་ཟླ་བའམ་ཉི་མའི་དབུས་སུ། ཏིང་འཛིན་སེམས་དཔའ་ཕྱག་མཚན་ས་བོན་གྱིས་མཚན་པ། དེའི་མཐར་སྔགས་ཕྲེང་། བདེ་མཆོག་དང་ལྷ་མོའི་རིགས་རྣམས་ལ་གཡོན་བསྐོར། ཕོ་རིགས་རྣམས་ལ་གཡས་བསྐོར་ཏེ། དང་པོ་བཀོད། དེ་ནས་འོད་ཟེར་འཁོར། དེ་ནས་ཡིག་འབྲུ་དལ་བུས་འཁོར། དེ་ནས་ཇེ་མགྱོགས་སུ་འཁོར། དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པའི་སྤྲིན་དཔག་ཏུ་མེད་པར་གྱུར་ནས་མཆོད། དེ་ཐམས་ཅད་ལྷ་གང་ཡིན་དེའི་སྐུ་དང་སྔགས་ཕྲེང་དང་ཕྱག་མཚན་དུ་གྱུར་ནས་ཆར་ལྟར་བབས་ནས་རང་ལ་སིབ་སིབ་ཐིམ་པར་བསྒོམ། ཡང་ཆོ་གའི་གཞུང་ནས་བཤད་པ་ལྟར་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་མེད་སྤྲོས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་པ་སོགས་ནས། བདག་ཉིད་ལ་ཐིམ་པའི་བར་གཞུང་ལྟར་བསྒོམ། དམིགས་པ་དེ་གཉིས་ནི་རྒྱུད་སྡེ་བཞི་ཀ་ལ་


CMR020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རུང་བ་ཡིན་ལ། ཁྱད་པར་བློ་མེད་ལ་ནི་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་སྐུར་གྱུར་ནས། སྔགས་བཟླ་གྲོགས་བྱེད་པར་བསྒོམ་པ་དང་། ཡབ་ཡུམ་ཞལ་སྦྱོར་ཅན་ལ། རང་གི་ཐུགས་ཀའི་ས་བོན་གྱི་རྩེ་ནས། སྔགས་མང་པོ་འབྲེལ་བའི་ཕྲེང་བ་སྤྲོས་ཏེ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་བྷ་ག་ནས་ཐོན། རྡོ་རྗེའི་སྒྲུབ་ནས་ཐུགས་ཀར་ཐིམ། དེ་ལྟར་སྔགས་ཕྲེང་རྒྱུན་དུ་འཁོར་བར་བསྒོམ་སྟེ། སྔགས་ཕྲེང་ལྷའི་ཁ་དོག་ལ། ཁ་དོག་སྣ་ལྔའི་འོད་ཟེར་འཕྲོ་བ་དང་པོ་བསྒོམ། དེ་ནས་ནད་གདོན་སྡིག་སྒྲིབ་ཞི་བར་འདོད་ན་དཀར་པོ་དང་། ཚེ་བསོད་ནམས་ཉམས་རྟོགས་རྒྱས་པ་ལ་སེར་པོ་དང་། རླུང་སེམས་སྣང་བ་དབང་དུ་སྡུད་པ་ལ་དམར་པོ་དང་། དགྲ་བགེགས་ཚར་གཅོད་པ་ལ་མཐིང་ནག་དང་།་ལས་སྣ་ཚོགས་འགྲུབ་པར་འདོད་ན་ལྗང་ཁུར་བསྒོམ། །འཁོར་ལུགས་དེ་བྱས་པས་རླུང་སེམས་ལ་བརྟན་པ་ཐོབ་པ་དང་། ཡང་རང་གི་གསང་སྦྱབ་ནས་ཡུམ་གྱི་བྷ་གར་ཞུགས། ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཚུར་འཁོར་བར་བསྒོམ་


CMR020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན། བདེ་སྟོང་གི་ཉམས་སྐྱེ། ཡབ་ཡུམ་ཞལ་གྱི་བར་དུ་འཁོར་ཚེ། འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་དེས་། མཆོད་ནས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། སྐུ་དང་སྔགས་ཕྲེང་དང་ཕྱག་མཚན་གྱི་རྣམ་པར་ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསྒོམ་མོ། །དེ་དག་ཀྱང་རབ་སྟོང་ཉིད་ཉམས་ལེན་གྱི་གཤིས་དང་མ་བྲལ་བར་བྱ། ཐ་ན་ཡང་མཇུག་ཏུ་ཉམས་ལེན་ལ་ཐུན་རེ་བཞག །ཐུན་མཚམས་སུ་འཇིག་རྟེན་འདས་གཏོར་གཞུང་ལྟར་བསྔོ། །དེ་ནས་རང་གི་ཆོས་སྐྱོང་གཙོ་བོ་གང་ཡིན་ནམ། དཀྱིལ་འཁོར་དེ་དང་འབྲེལ་གང་ཆེའི་ཆོས་སྐྱོང་གི་གཏོར་བསྔོས་བསྡུས་པའམ། ཐ་ན་སྔགས་བསྔོས་ཙམ་བྱ་སྟེ་ཕ་རྒྱུད་ལ་ཞལ་བཞི་པ། ཀྱེ་རྡོར་སྐོར་ལ་གུར་དང་དུད་སོལ་མ། བདེ་མཆོག་སྐོར་ལ་ཕྱག་བཞི་པ། གདན་བཞི་ལ་ཞལ་བཞི་པ་དང་དུད་སོལ་མ། ཡང་ན་རྒྱུད་སྡེ་བཞི་ཀའི་སྲུང་མ་ཡིན་པར་གསུངས་པས། བེར་ཡབ་ཡུམ་དང་རྣམ་སྲས་ལ་བསྔོ། དེ་ནས་མཁའ་འགྲོ་སྤྱི་གཏོར་བསྔོ་སྟེ། ཐུན་མཚམས་སུ་ངག་གཏོང་དགོས་བྱུང་ན་གཏོང་། སླར་ཡང་ཐུན་གཅིག་བཟུང་


CMR020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྔོན་འགྲོ་གཏོར་མ་ནི་མི་དགོས་སོ། །གཞན་སྔར་ལྟར་རོ། །དེ་ལྟར་ཞོགས་པ་དང་ཉིན་གུང་དང་དགོང་མོ་སྟེ་ཐུན་གསུམ། དགོང་མོའི་ཐུན་ལ་ཕྱི་རོལ་གཏོར་མ་འབུལ། བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་ཆ་གསུམ་ཕུལ། ཐུན་མཚམས་རྣམས་སུ་ཆག་མེད་ཀྱི་རིགས་ཐུགས་དམ་གང་དགོས་བྱ། མཚན་ལ་ཡང་ཐུན་གཅིག་བཟུང་། ཐུན་མཇུག་གཏོར་བསྔོས་ཚར་ནས།་བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་རྗེས་ཆོག་བྱ། བླ་མེད་ལུགས་ལ་རྗེས་ཆོག་མ་བྱས་ན་རྟགས་གསལ། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་སེམས་གཏད་ནས་ཉལ་བས་འོད་གསལ་ཟིན། དེ་ལྟར་དུས་ཀྱི་བསྙེན་པ་ལ་རབ་ཟླ་བ་དྲུག །འབྲིང་གསུམ། ཐ་མ་ཞག་ཉེར་གཅིག །ཡང་མཐའ་ཞག་བདུན་ཡན་ཆད། དེ་ལ་དབང་པོའི་གོ་རིམ་གྱིས་གོ་བཟློག་སྟེ། རབ་ལ་བདུན་ནམ་ཉེར་གཅིག །འབྲིང་ཟླ་གསུམ། ཐ་མ་ཟླ་དྲུག་གོ །གྲངས་ཀྱི་བསྙེན་པ་ནི། གསར་མ་སྤྱིའི་ལུགས། གཙོ་བོ་འབུམ་འཁོར་ཁྲི། དེ་དུས་ཀྱི་དབང་གིས་བཞི་འགྱུར་བཟླས་པས་བསྙེན་པ་རྫོགས་པར་བཤད་དོ། །གཞུང་འདིར་འཁོར་ལྷའི་སྔགས་མེད་པས། འཁོར་གྱི་སྔགས་བཟླ་འདོད་


CMR020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ན། དཀྱིལ་ཆོག་རྡོར་ཕྲེང་ལ་སོགས་པ་རང་རང་གི་གཞུང་རྣམས་ལས་ཤེས་པར་བྱའོ། །མདོར་བསྡུ་ན། དཀྱིལ་འཁོར་རང་གི་གཙོ་བོའི་སྔགས་མང་དུ་བཟླས་པས་སྐབས་དོན་འགྲུབ་སྟེ། རྒྱུད་ལས་འདི་ཀུན་གཙོ་བོའི་ཡན་ལག་བྱར། །གཙོ་བོའི་བསྙེན་པ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང་། རྣལ་འབྱོར་རྫོགས་ཕྲེང་གི་སམ་བྷུ་ཊིའི་རྡོར་སེམས་ཀྱི་སྐབས་ནས། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ནི། འཁོར་ལོའི་གཙོ་བོའི་སྙིང་པོ་སྔགས་ཀྱིས་ལྷ་གཞན་རྣམས་ཀྱི་སྙིང་པོའི་སྔགས་ཀྱི་བསྒྲུབ་བྱ་ཡང་འགྲུབ་པར་འགྱུར་བས། དེ་རྣམས་ནི་མ་བྲིས་ཏེ་གཞུང་མང་བས་འཇིགས་པས་སོ། །ཞེས་གསུངས་པས། གཙོ་བོའི་སྔགས་ཁོ་ནས་ཆོག་གོ །སངས་རྒྱས་ཐོད་པའི་རྒྱུད་ལས། བསོད་ནམས་ལྡན་པ་ཁྲི་ཡིས་འགྲུབ། །ཅེས་དང་། སློབ་དཔོན་པདྨའི་ཞལ་ནས། སྒྲུབ་པ་ཞག་གཅིག་ལ་འགྲུབ་པའི་རྟགས་རྣམས་བྱུང་ན་ཡང་། བསྙེན་པ་རྫོགས་པ་ཡིན་པས་ལས་སྦྱོར་རུང་གསུངས། ཡུན་རིང་ཡང་རྟགས་མེད་པ་ནི་ཡེངས་བའི་སྐྱོན་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། བཟླས་བརྗོད་དག་ནི་དཀའ་ཐུབ་དག །ཡུན་རིང་དུས་སུ་


CMR020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་བྱས་ཀྱང་། །སེམས་གཞན་ཡེངས་བས་བྱས་པ་ཡིས། །དེ་དག་འབྲས་བུ་དོན་མེད་ཡིན། །ཞེས་གསུངས་སོ། །གྲངས་ནི་བསྙེན་པ་ཐེམ་ནས་ལས་སྦྱོར་རུང་བ་ཙམ་ཡིན་གྱིས། རྟགས་གཙོ་ཆེ། རབ་མངོན་སུམ་མམ་ཉམས་སྣང་དུ། དཀྱིལ་འཁོར་གྱི་གཙོ་བོའམ་འཁོར་གྱི་ལྷ་མཐོང་བ་དང་། སྔགས་ཀྱི་ཡིག་འབྲུ་ནམ་མཁའ་ལའམ་བར་སྣང་ལ་འཆར་བ་དང་། སེམས་ལ་ཉམས་རྟོགས་བཟང་པོ་སྐྱེ་བ་སོགས། ཐ་མ་རྨི་ལམ་དུ་འབྱུང་སྟེ། ལས་འཕྲོ་ཅན་ཡིན་ན། དབང་ཞུ་ཁ་སྟ་གོན་རྨི་ལམ་བརྟག་ནུབ་འབྱུང་། སྒྲིབ་པ་སྲབ་པའི་རིགས་ལ་དབང་ཞུ་ཚེའམ་དབང་རྫོགས་ནུབ་འབྱུང་། ཤིན་ཏུ་བློ་དམན་ཅིང་སྒྲིབ་པ་ཆེ་བའི་རིགས་ཡིན་ཀྱང་། མཚམས་བསྡམས་ནས་བསྙེན་སྒྲུབ་བྱེད་སྐབས། རྨི་ལམ་གྱི་དག་སྣང་འགའ་རེ་ཙམ་མི་འབྱུང་མི་སྲིད། འདི་ལ་སློབ་མ་སྟ་གོན་རྨི་ལམ་བརྟག་ནུབ་ཀྱི་བཤད་པ་ཡིན་པས། འདི་ཡིད་ལ་བཟུང་ནས་སློབ་མ་ལ་ཡང་བཟང་ངན་ལུང་བསྟན། བསྙེན་པའི་དུས་ཀྱི་རྟགས་བཟང་ངན་དང་ཡང་དོན་གཅིག་པ་ཡིན་པས། དེ་འང་གསང་བ་སྤྱི་རྒྱུད་ལས། དེ་ནས་ནངས་པར་ནམ་ལངས་ནས། །


CMR020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ཅི་མཐོང་དྲི་བར་བྱ། །ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་བརྩམ་པ་དང་། །དགེ་སློང་དག་ལ་ཆོས་ཉན་ནམ། །ཡང་ན་གཞན་ལ་ཉན་ཡང་རུང་། །ཆོས་ནི་རྣམ་པར་ང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །ཟླ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དག་གིས་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་ར་བོ་སྣ་ཚོགས་པ། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་དང་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་དང་རྟ་དང་ངང་པ་དང་། །སེང་གེ་དང་ནི་རི་དྭགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་དག་དང་། །


CMR020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་ནི་འབྲུ་རྣམས་དང་། །འབྲས་བུ་རྣམས་ནི་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །བྱིས་པ་དང་ནི་གཞོན་ནུ་དང་། །བུད་མེད་གཟུགས་ནི་བཟང་པོ་དག་རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོས་ཤིང་རེག་སྨྲ་དང་། །རྨི་ལམ་ན་ནི་དབང་བསྐུར་དང་། །རྒྱལ་པོར་འགྱུར་ཞིང་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་།གཡུལ་ལས་རྒྱལ་ཞིང་དགྲ་གསོད་དང་། །གཉེན་དང་ལྷན་ཅིག་འགྲོགས་པ་དང་་། །ལྷ་རྣམས་ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་ཕྱིར་རི་དང་ཁང་ཐོག་འཛེགས། །ངོ་མཚར་རྣམ་པ་སྣ་ཚོགས་དག །རྨི་ལམ་དུ་ནི་མཐོང་ན་དགེ །ཡམ་ཤིང་མེ་ལ་སྦྱིན་སྲེག་བྱེད། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་བསྒྲལ་ཞིང་རེམ་ལས་བསྒྲལ། །རྐུན་པ་དག་ནི་ཚར་གཅོད་དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟོབས་བཟློག་ཅིང་འགྱིལ་བ་དང་། །རྩེད་མོ་སྣ་ཚོགས་སྨིན་པ་


CMR020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་ནི་རྩལ་དང་དཔུང་བསྐྱེད་དང་། །བཀྲ་ཤིས་དག་ནི་ཐམས་ཅད་དག །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་འགྱེད་པ་མཐོང་བ་དང་། །སྒྲུབ་པ་ཟབ་མོ་བརྩམ་པ་དང་། །དེ་ལ་སོགས་པའི་ལྟས་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡི་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་ཟློག་པ་སྤང་བར་བྱ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་བ་དག་མི་འགྲུབ་བོ། །མི་དགེ་བ་དང་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་པོ། །རབ་དང་འབྲིང་དང་ཐ་མ་འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་ག་བཞིན་དུ་ཞི་བ་བྱ། །ཞེས་དང་། མི་དགེ་བའི་ལྟས་ཀྱང་རྒྱ་སྐྱེག་གིས་རི་ལ་འཛེགས་པ་དང་། ཀ་ར་བི་རའི་མེ་ཏོག་རྒྱས་པ་དང་། མཆོད་སྡོང་ངམ་བྱེ་མའམ་ཐལ་བའི་རི་ལ་འཛེགས་པ་དང་། བོང་བུ་ཞོན་ནས་ལྷོ་ཕྱོགས་སུ་སོང་ནས་མ་ལོག་པ་དང་། སྤྲེའུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་


CMR020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། བུད་མེད་ནག་མོ་རབ་ཏུ་ཁྲོས་པའམ། བུད་མེད་ནག་མོ་གོས་ཅན་དག་ལ་འདོད་པ་སྤྱོད་ཅིང་། ཀ་ར་བི་རའི་ཕྲེང་བ་བཅིང་བ་དང་། གཡང་ས་དང་གཅོང་རོང་དུ་འཇུག་པ་དང་། ཤིང་ལས་ལྟུང་བ་དང་། ཤིང་ལྗོན་པ་འབྲས་བུ་མེད་པའི་སྐམ་པོ་མཐོང་བ་དང་། ཁྱི་དང་ཁྲ་དང་སྲིན་པོ་ལ་སོགས་པས་ཟོས་པ་དང་། ཕག་དང་རྨང་དང་མ་ཧེ་ལ་ཞོན་པ་དང་། མི་ནག་པོ་ལྕགས་ཀྱི་དབྱུག་པ་ཐོགས་པས་བསྡིག་པ་དང་། ལུས་ཏིལ་མར་གྱིས་བྱུགས་ནས་ཕྲེང་བ་དམར་པོ་བཅིང་བ་དང་།་སྐྲ་བྲེག་ནས་ཕྲེང་བ་དམར་པོ་བཅིང་བ་ལ་སོགས་པ་རྣམས་ནི་མི་དགེ་བའི་ལྟས་སོ། །དེ་ལྟར་དབང་དུས་ངན་པ་རྨིས་མཁན་མང་བར་འདུག་ན། ཞི་བའི་སྦྱིན་སྲེག་བྱ། མ་གྲུབ་ན་དབང་ལ་འཚོགས་ཞོར་བདུད་རྩི་འཁྱིལ་པའི་སྔགས་འུར་འདོན་རེ་བྱ། རེ་ཟུང་གི་རྨི་ལམ་ངན་ན། སོ་སོར་བདུད་རྩི་འཁྱིལ་པའི་དམིགས་པ་སྤྱོད་ལ་བསྙེན་པ་བྱེད་འཇུག །ནང་མཆོད་ལ་བདུད་རྩི་རིལ་བུ་སྦྱར་བར་བླུད། སྒྲུབ་པ་དུས་རྨི་ལམ་ངན་ན། རྡོར་སེམས་སྒོམ་བཟླས་སྐབས་སུ་ཡིག་བརྒྱ་མང་བར་བཟླ། ཐུན་སྐབས་སུ་བསྐང་ཐུང་བརྒྱ་རྩ་བསོགས། རང་


CMR020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོས་སྐྱོང་གང་ཡིན་ལ་གཏོར་མ་ཕུལ་ནས་བར་ཆད་སོལ་ཞེས་བཀའ་བསྒོ། དགོང་མོ་མདོ་སྒྲུབ་དང་སེང་གདོང་མའི་ཟློག་པ་ཐུན་རེ་བྱ། ཉལ་ཁ་ཐུན་བསྡུས་ལ་ཀུ་སུ་ལིའི་ཚོགས་གསོགས་རེ་བྱ། རྨི་ལམ་བཟང་བ་ལ་ཧ་ཅང་དགའ་བྲོད་མི་བྱ་བར། གཞན་ལ་གསང་ཞིང་ལྷ་དང་བླ་མ་དང་ཆོས་ལ་ངེས་ཤེས་བསྐྱེད། དེ་ནས་དུས་གྲངས་རྟགས་གསུམ་གང་རུང་གི་བསྙེན་པ་ཚར་རྗེས། བདག་འཇུག་ལེགས་པར་བླངས། ལས་བཞི་ཀའམ་སྒྲིབ་སྦྱོང་ཞི་བའི་སྦྱིན་སྲེག་བླུག །སྦྱིན་སྲེག་མི་ཤེས་ན། རྒྱུན་དུ་ཟས་ཟ་དུས། ཁ་ཐབ་ཁུང་དང་ལག་པ་དགང་གཟར་བླུགས། ལྟོ་བའི་མེ་དྲོད་ཡེ་ཤེས་ཀྱི་མེ་ཡིན་པ་དྲན་པར་བྱ། ཟས་ཁམ་བུ་རེ་རེ་ཞིང་སྙིང་ཁའི་ཡེ་ཤེས་སེམས་དཔའ་ལ་སྦྱིན་སྲེག་འབུལ་བར་དམིགས། སྔགས་ཡིད་འདོན་བྱས་པས་ནང་གི་སྦྱིན་སྲེག་སྟེ། སྦྱིན་སྲེག་གི་གོ་ཆོད་གསུངས། བླ་མེད་ཡིན་ན་དགའ་སྟོན་གྱི་ཚོགས་འཁོར་བྱ་སྟེ། བདེ་མཆོག་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས། རང་གི་རྩ་བའི་ཡི་དམ་གང་ཡིན་གྱི་ཚོགས་བྱ་སྟེ། ཚོགས་ཕུད་ཀྱིས་འདས་གཏོར་གསོས་ལ། ཆོ་གའི་གཞུང་གི་འདས་གཏོར་དེས་བསྔོ། དེ་ནས་ལྷག་མ་


CMR020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། རྗེས་ཆོག་བསྔོ་སྨོན་བཀྲ་ཤིས་སོགས་དབང་ཆོག་གཞུང་ལྟར་རོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་བསྙེན་པ་མ་གྲུབ་ཀྱང་། གསང་འདུས་རིགས་གཉིས་གང་འདོད་གཅིག །ཀྱེ་རྡོར་རིགས་གཉིས་ལྷ་དགུ་གང་འདོད་གཅིག །བདེ་མཆོག་དྲུག་ཅུ་པ་ཞལ་ཕྱག་ཡོངས་རྫོགས། ཐོད་པ་རིགས་གཉིས་གང་འདོད་གཅིག །གདན་བཞི་རྣལ་འབྱོར་ནམ་མཁའ་མ་ཧཱ་མཱ་ཡ། དུས་འཁོར་ཡོངས་རྫོགས་སམ་ཐུགས་ཀྱི་དཀྱིལ་འཁོར་གང་འདོད་གཅིག །དེ་ལྟར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་དེ་བདུན་ཙམ་གྱི་བསྙེན་པ་འགྲུབ་ན་ཤི་ཡང་འགྱོད་མེད་ཀྱི་བྱ་བ་ཁམས་ཆེན་འགྲུབ་པ་ཡིན་ནོ། །ཡང་གོ་བ་ཤེས་རབ་ལེགས་པར་ཡོད་ཀྱང་མཚམས་སྒྲུབ་མི་ཁོམ་པའི་རིགས་ཡིན་ན། དཀྱིལ་འཁོར་དྲན་རྫོགས་སུ་བསྒོམས་ནས། ནུབ་མོ་གཏོར་བསྔོས་ཀྱི་གྲལ་སྔགས་བསྔོས་ཁཱ་ཧི་སྦྱར། ངག་བཅད་པ་དང་མ་བཅད་པ་སུམ་ལོག་རྩི་བ་ཡིན་པས། འབུམ་ཕྲག་བཅུ་དྲུག་ལས་མི་ཉུང་བ་རྒྱུན་བསྙེན་བསོགས་ནས། རྟགས་རྣམས་ཀྱང་རིམ་གྱིས་འོང་ཞིང་བསྙེན་པའི་གོ་ཆོད་དེ། དུས་བསྙེན་ཟླ་གྲངས་ཡང་རྩི་རུང་། སྐྱེ་འགྲོ་ཐམས་ཅད་ཡི་དམ་གྱི་ལྷ་དང་སྒྲ་སྐད་


CMR020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྔགས་ཀྱི་སྒྲ་དང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམས་པས། བསྐྱེད་རིམ་གསལ་ན་མཚམས་ཀྱི་གོ་ཡང་ཆོད། ཡང་ཚེ་བསྲིང་བར་འདོད་པས་རྣལ་རྒྱལ་མ། ལོངས་སྤྱོད་འདོད་པས་ནོར་རྒྱུན་མ། དགྲ་ཁ་མཆུའི་འཇིགས་སྐྲག་ལ་འོད་ཟེར་ཅན། གཟའ་ནད་ཡོད་ན་གཟའ་ཡུམ། བགེགས་དང་བར་ཆད་མང་ན་བདུད་རྩི་འཁྱིལ་པ། དེ་དག་རེ་རེའི་བསྙེན་པ་ཐེམས་ན་ཡང་། བར་ཆད་དེ་དག་སེལ་བའི་མཆོག་དམ་པ་ཡིན། ཡང་ནམ་འཆི་ཆ་མེད་པས། འཕྲལ་གྱི་རྐྱེན་ཟློག་པ་དང་། ཕྱི་མའི་བརྒྱགས་ཕྱེ་ཞིག་བསམ་ན། རང་གིས་རང་ལ་རྡོར་ཕྲེང་གི་དབང་བཙུགས་པའི་ཚུལ་གྱིས་དང་པོ་ཉིན་པར་སློབ་མ་རྗེས་འཛིན་དང་སྟ་གོན་རྣམས་བྱ། དེ་ནས་ཉིན་རེ་བཞིན་དུ་དབང་རེ་རེའི་དབང་སྒྲུབ་བྱས་ལ། དེ་ཉིན་བསྙེན་པ་ཅི་འགྲུབ་བྱ། དགོང་མོ་བདག་འཇུག་རྒྱས་པ་རེ་བླང་། རྗེས་ཆོག་རྫོགས་པར་བྱ། མུན་རུབ་ནས་རྒྱུན་གྱི་ཐུགས་དམ་ཚིག་མེད་གང་དགོས་བྱ་དེ་ལྟར་ཞག་བཞི་བཅུ་ཞེ་དྲུག །དེ་ནས་ཞག་གཉིས་ལ་སྔ་དྲོ་དགོང་མོ་སྦྱིན་སྲེག་གཉིས་རེ་བླུག་པ་ལས་བཞིའི་སྦྱིན་སྲེག་བྱ། དེ་ནས་ཞེ་དགུ་ཉིན་པར་ཚོགས་འཁོར་དང་། 


CMR020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བསྐང་རྡོ་རྗེའི་ཕྲེང་བ་དང་། བཀའ་བརྒྱུད་སྤྱི་བསྐང་བདེ་མཆོག་རིན་ཆེན་ཕྲེང་བ། ཕག་མོའི་བསྐང་བ་སོགས་འདོན། དེ་དག་མེད་ན་བསྐང་ཐུང་བརྒྱ་ཚར་བསོག །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་རྒྱས་པར་བྱ་སྟེ། དེ་ལྟར་ཞག་ཞེ་དགུར་རང་གི་གསོན་དགོངས་བཟུང་བའི་ཚུལ་བྱས་ན། ད་གང་གི་རྐྱེན་ཟློག་དང་ཕྱི་མའི་ལམ་སེལ་ལ་དེ་བས་ལྷག་བྱ་ཐབས་མེད་དོ། །ཡང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འདོད་པ་དག་གིས། གསང་འདུས་འོད་དཔག་མེད་དང་། བདེ་མཆོག་པདྨ་མཁའ་འགྲོ་དང་། ཀྱེ་རྡོར་སྣང་བ་མཐའ་ཡས་དང་། དུས་འཁོར་འོད་དཔག་མེད་དང་། རྣམ་རྒྱལ་མ་ལ་སོགས་གཙོ་རྐྱང་དྲན་རྫོགས་སུ་བསྒོམས་ནས་བསྙེན་པའམ་རྒྱུན་བསྙེན་བྱས་ན། །འདིར་ཚེ་རིང་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ངེས་ཏེ། དེ་དག་བྱ་ཚུལ་ལོགས་སུ་བཀོད་པ་ཡང་ཡོད་དོ། །རྡོར་ཕྲེང་གི་དབང་ཆོག་གྲུབ་མཐའ་སོ་སོའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མང་དུ་བསྒྲིགས་པ་སྣང་ཡང་། སློབ་དཔོན་ངག་ཁྲིད་ཞུ་ཞིང་བློ་ལ་བཟུང་བའི་དབང་དུ་མཛད་ནས། འགྲེས་དང་འཁྲུགས་མང་དྲགས་པས། །རང་གི་ཆོ་ག་སྒྲུབ་པ་


CMR020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་ལ་དབང་བསྐུར་ན་ཡང་དཔེ་ཐོག་ནས་གབ་འཕྲོད་ཤིན་ཏུ་དཀའ་བར་སྣང་ཡང་། འདིར་གབ་འཁྲུགས་རྣམས་བསྒྲིགས་འགྲེས་རྣམས་བཤང་ནས་དཔེ་ཁྱེར་ཆོག་པར་བྱས་པའོ། །འོ་ན་ཆོ་ག་དང་དབང་དཔེ་ཆོག་བྱེད་པ་རྙིང་མ་པའི་ལུགས་ཡིན་གྱིས། གསར་མ་ལ་དེ་ལྟར་བྱེད་པའི་མཐོང་ཐོས་ཡོད་དམ་རུང་ངམ་ཞེ་ན། རྗེ་བཙུན་ཏ་ར་གུ་རུ་དང་། ངོར་མཁན་པོ་དང་། ཆོས་རྗེ་བཅོ་བརྒྱད་པ་རྣམས་ཀྱིས། འབུལ་སྐྱེལ་བ་རྣམས་ལ་ལོ་རེ་ཡང་རྡོར་ཕྲེང་ཚར་འགའ་ཟུང་བཙུགས་དགོས་པས། ཐུགས་ལ་བཟུང་ནས་ཡོད་སྐད། རྗེ་ཆོས་ཀྱི་དབང་ཕྱུག་གིས་གདན་ས་མཐིལ་དུ་ལན་གཅིག་གནང་བ། ནངས་པར་གནང་རྒྱུ་དེ་དོ་དགོང་མོ་མར་མེའི་འོད་ལ་ཐུགས་ལ་ཟིན་པ་ཡིན་སྐད། པཎ་ཆེན་ལུང་རིགས་ཉི་མ་དང་འབྲུག་པ་བསོད་ནམས་རྒྱ་མཚོས་ནི། དབང་སྒྲུབ་དཔེ་ཐོག་ནས་མཛད། དབང་གི་གཞུང་ཐུགས་ཐོག་ནས་གསུངས། བར་བར་དཀྱིལ་འཁོར་མི་འདྲ་བའི་ཁྱད་པར་རྣམས་དཔེ་ལ་གཟིགས་པ་ཡིན་སྐད། འབྲི་ཁུང་ཞབས་དྲུང་གིས་ཀྱང་དཔེ་ཐོག་ནས་གནང་བ་ཡིན་འདུག །སྟག་ལུང་ཞབས་དྲུང་དང་ལྷོ་རིན་པོ་ཆེ་རྣམས་ཀྱིས་ནི། རྡོར་ཕྲེང་སྨོས་ཅི་


CMR020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། དཀྱིལ་འཁོར་ཐོར་བུ་རྣམས་ཀྱང་ཕྱག་དཔེ་ཐོག་ནས་བསྒྲུབ་ཅིང་གནང་བ་མཐོང་། དེ་ཡང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཞལ་ནས། དེང་སང་ཁ་ཅིག་གིས་དབང་བསྐུར་བའི་ཚེ་དཔེ་ཁྱེར་ལ་བརྟེན་ནས་བསྐུར་བས་དབང་བསྐུར་མི་ཐོབ་བོ་ཞེས་སྨྲ་བའང་མི་འགྲུབ་སྟེ་ཚིག་དང་དོན་གྱི་གཟུངས་ཐོབ་པ་དག་གིས་འཆད་རྩོད་རྩོམ་པ་སོགས་འདོན་སྒོམ་ཅི་བྱེད་རུང་བ་གླེགས་བམ་ལ་མ་ལྟོས་པར་འཆད་ནུས་ཀྱང་། གདུལ་བྱ་དབང་རྟུལ་ཤེས་རབ་དམན་པ་རྗེས་སུ་བཟུང་བའི་སླད་ཀྱིས་བསྟན་པ་ཡུན་དུ་གནས་པར་བྱ་བའི་ཕྱིར། རྒྱུད་དང་བསྐྱེད་རྫོགས་ཀྱི་སྒྲུབ་དཀྱིལ་ཐམས་ཅད་གླེགས་བམ་དུ་འཁོད་པར་མཛད་ཅིང་། གཞན་སྨིན་གྲོལ་དུ་འགོད་པ་ན་ཡང་གླེགས་བམ་དེའི་ནང་ནས་ཇི་ལྟར་འབྱུང་བ་ལྟར། གླེགས་བམ་དེ་ཉིད་ཀྱི་སྟེང་ནས་རྒྱུད་འཆད་པ་སོགས་རུང་བ་ཉིད་ཀྱི་ཕྱིར་ན་གླེགས་བམ་དེ་ཉིད་ཀྱི་སྟེང་ནས་བསྒྲུབ། དལ་སོགས་ཀྱི་འདོན་བསྒོམ་བྱར་རུང་བའི་རྒྱུ་མཐུན་སྦྱར་བ་ལས། རྒྱུད་འགྲེལ་ཚད་ལྡན་གང་ནས་ཀྱང་གླེགས་བམ་གྱི་སྟེང་ནས་སྒྲུབ་དཀྱིལ་འདོན་བསྒོམ་བྱར་མི་རུང་ཞེས་དམིགས་བསལ་དུ་གསུངས་པའི་ཡི་གེ་ན་གཅིག་ཀྱང་མེད་


CMR020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་དང་། གསང་སྔགས་ཀྱི་རྒྱུད་རབ་འབྱམས་ལ་སྒྲུབ་དཀྱིལ་མཐའ་ཡས་པས་དེ་ལས་དང་པོ་པས་གང་ཐོབ་བློ་ལ་འཛིན་མི་ནུས་པའི་ཕྱིར། གསང་སྔགས་ཀྱི་ཆོས་གང་ཐོབ་རྣམས་བློ་ལ་འཛིན་མ་ནུས་པའི་སྒྲུབ་དཀྱིལ་རྣམས་དཔེ་ལ་བརྟེན་ནས་འདོན་བསྒོམ་བྱ་བ་ནི་རྒྱ་བོད་ཀྱི་བརྒྱུད་པ་བར་མ་ཆད་པའི་སྲོལ་ཡིན་པས། ཕྱིས་ཀྱི་གང་ཟག་ཁ་ཅིག་གིས་དབང་བློ་ཐོག་ལུང་དཔེ་ཐོག་ནས་མ་བྱས་ན་དབང་ལུང་རྣམ་དག་ཏུ་རྒྱུ་མི་འགྱུར་རོ། །ཞེས་ཟེར་བ་ནི་བརྗོད་པ་ཙམ་ལས་སྒྲུབ་བྱེད་ཅི་ཡང་མི་སྣང་ངོ་། །ཞེས་གསུངས་པའི་ནང་དུ་ཐམས་ཅད་འདུས་པར་སྣང་། ཡང་མང་དབང་གི་སྐབས་སུ་བུམ་ཆུ་དང་། དབང་རྫས་འགའ་ཞིག་མཆོད་གཡོག་པས་འགྲིམ་པ་འདི་རུང་ངམ་ཞེ་ན། ཡང་རྒྱལ་བ་མི་བསྐྱོད་རྡོ་རྗེའི་ཞལ་ནས། དཀྱིལ་འཁོར་གྱི་འཁོར་ལོར་སློབ་མ་བཅུག་སྟེ་དབང་བསྐུར་ན་བླ་མེད་དུ་དབང་བསྐུར་བའི་ཚུལ་བཞི་ཙམ་གསུངས་ཏེ། ཕྲེང་བ་མཁན་པོས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་ཏེ་དབང་ལྷས་དབང་བསྐུར་བ་དང་། ཀྱེ་རྡོར་སོགས་ལས་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་


CMR020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་གཉིས་པ་ཞིག་བྱེ་ནས་དེས་དབང་རྫས་ཐོགས་ཏེ་དབང་བསྐུར་བ་དང་། བདེ་མཆོག་སོགས་ལས་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། དངོས་སུ་རྡོ་རྗེ་ཕག་མོ་སོགས་ཡུམ་ལྔས་དབང་བསྐུར་བ་དང་། དུས་འཁོར་ལས་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་ན་དབང་བསྐུར་བ་པོའི་དབང་རྟེན་བུམ་འཛིན་གྱི་གཞོན་ནུ་མ་ཁྱིམ་པ་མ་ལ་གཉིས་། དགེ་བསྙེན་ལ་བཞི། དགེ་ཚུལ་ལ་དྲུག །དགེ་སློང་ལ་བཅུའི་གྲངས་ཀྱིས་དབང་བསྐུར་སྦྱིན་པར་གསུངས་པས། དེ་ལྟར་ན་དབང་བསྐུར་བའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་དབང་རྫས་ཐོགས་ཏེ་དབང་བསྐུར་བ་མེད་མི་རུང་གི་ཡན་ལག་ཏུ་མ་ཡིན་པས་གྲུབ་པ་ལ་དགོངས་ནས། །རྒྱ་བོད་ཀྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་མང་པོས་དཀྱིལ་འཁོར་པ་སྒྲུབ་གྲོགས་ཀྱིས་སྒོའི་སློབ་དཔོན་གྱི་དབང་རྫས་ཐོགས་ནས་དབང་བསྐུར་བ་བརྒྱུད་པའི་ཕྱག་ལེན་ལ་མཐོང་སྟེ། དར་པན་ཨ་ཙརླའི་བྱ་བསྡུས་ལས། སྒོའི་སློབ་དཔོན་བཞི་སོགས་ཀྱིས་བསྐོས་ཏེ་དེ་དག་གིས་དཀྱིལ་འཁོར་སྒྲུབ་པ་དང་བགེགས་ལ་བཀའ་བསྒོ་བ་དང་། དབང་


CMR020_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཐོགས་ནས་ལས་ཀྱི་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེར་བྱས་ཏེ། སློབ་མ་ལ་དབང་བསྐུར་སྦྱིན་པར་གསུངས་པའི་ཕྱིར། དབང་རྫས་ལས་ཀྱི་རྡོ་རྗེས་ཐོགས་པ་ཙམ་གྱིས་ལས་ཀྱི་སློབ་དཔོན་དེའི་རྡོ་རྗེ་སློབ་དཔོན་དུ་ཡང་འགྱུར་མི་དགོས་ཏེ། དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སྲིད་ལ་ཡབ་རྒྱལ་པོས་དབང་བསྐུར་བ་ན། བྲམ་ཟེ་མདུན་ན་འདོན་གྱིས་གསེར་གྱི་རིལ་བའི་ཆུས་སྨེར་འདོན་ཞིང་རྒྱལ་སྲིད་ལ་དབང་བསྐུར་བའི་ཚེ་རྒྱལ་སྲིད་སྦྱིན་པ་པོ་ཡབ་རྒྱལ་པོ་ལས་བྲམ་ཟེར་མི་འཇོག་པ་བཞིན་ཆོས་དང་སྲིད་ཀྱི་རྒྱལ་སར་དབང་བསྐུར་བློབའི་རྫས་དང་ཡོ་བྱད་སུས་ཐོགས་ནས་དབང་བསྐུར་བའི་ཆོ་ག་བྱས་ཀྱང་རུང་། དབང་གང་ལ་ཐོབ་པ་ནི་དབང་སྟེར་བ་པོ་ཉིད་ལས་ཐོབ་པར་འགྱུར་བ་ལ་དབང་རྫས་ཐོགས་པ་པོ་སོགས་ལས་ཐོབ་པ་མ་ཡིན་པར་རླུང་ལྟར་དུ་གྲགས་སོ། །ཞེས་གསུངས་སོ། །དེ་ལྟར་དབང་བསྐུར་ཆོ་ག་ཕྱག་ལེན་དང་བཅས་པ་འདི་ནི་མཁས་པ་ཆེན་པོ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ། གླིང་ཡུལ་རྫ་དགོན་གྱི་པར་མ་འདི། དབུས་གཙང་དུའང་འདི་ཕྱག་ལེན་ཞིབ་ཅིང་རྒྱས་ལ་ལེགས་པ་ཡིན་ཞེས་གྲགས་ཆེ་ལ། རང་གིས་ཀྱང་པར་མ་དེའི་སྟེང་


CMR020_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོབ་པ་ལྟར་ཕྱག་ལེན་མཐོང་བ་བརྒྱུད་པ་དང་། བླ་མ་རྣམས་ཀྱི་ཞལ་ཤེས་གསུང་རྒྱུན་དང་། གཞན་མན་ངག་འགའ་ཞིག་གིས་ཁ་བཀང་སྟེ། རྒྱུད་རིགས་མཐུན་སོ་སོ་དང་། བླ་མེད་རྒྱུད་ཀྱི་དབང་ལ་ཡང་རྒྱས་འབྲིང་བསྡུས་གསུམ་སོ་སོར་ཕྱེས་ཏེ། ཕྱི་རབས་ཀྱི་བླ་མ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་བཀོད་པ་ཡིན་པས། །ཕྱོགས་ངའི་ཁོང་སྲན་དང་། རང་ཆེའི་ཨང་འདིར་མེད་ཅིང་། བློ་གཟུ་བོར་གནས་པ་རྣམས་ཀྱིས། འདི་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་རིགས་སོ། །དེ་ལྟར་རྡོར་ཕྲེང་གི་ཆོ་ག་འདི། བྲི་བསམ་པའང་མེད་ཅིང་། སྔར་བདག་གིས་རྡོར་ཕྲེང་ཚར་གཉིས་བསྐུར་བ་ནི། ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ་དེའི་སྟེང་ནས་བསྐུར་བ་ཡིན། གབ་ཀྱང་འཕྲོད་པར་བྱུང་། ད་ནི་མཚམས་ཡིན་པ་དང་ན་སོ་རྒས་པས་རྡོར་ཕྲེང་འཛུགས་རེ་ཡང་མེད། བསྒྲིགས་ན་སློབ་མ་དང་དབོན་པོ་སོགས་ལ་ཕན་སྲིད་དེ། ཁོ་བོ་བྱ་བྲལ་གཉོམ་ཆུང་ཡིན་པས། བསྟན་པ་སྤྱིའི་གཞུང་ཆེན་པོ་འདི་ལྟ་བུ་ལ། རྩོམ་དང་བསྒྲིགས་ཆོག་སོགས་བྱེད་པ་བབ་ཐོབ་མེད་སྙམ་ནས་སྤྲོས་པ་སྐྱུངས། དེའི་ཚེ་རྡོ་རྗེ་


CMR020_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་བླ་མ་ཀརྨ་ཕྲིན་ལས་ཕེབས་བྱུང་བ་ན་རེ། རྡོ་རྗེ་ཕྲེང་བ་འདི་ཡུ་གུ་ཚང་ལ་བཀའ་བབས་ཡིན་པས། འདིའི་གབ་འཁྲུགས་རྣམས་བསལ་ནས། སྟབས་བདེ་ཞིང་དཔེ་ཁྱེར་ཆོག་པའི་བལྟས་ཆོག་ཞིག །ཅེས་ཀྱང་བསྒྲིགས་དགོས་ཟེར་ནས་ནན་ཏན་ཆེན་པོ་བྱས། དེ་ལ་བདག་གིས་སྨྲས་པ་ཧམ་པ་མ་ཆེ། ཡུ་གུ་ཚང་སྤྲང་པོ་བྱ་བྲལ་བྱ་ཤོ་ཡིན་པ། །རྡོར་ཕྲེང་གི་བཀའ་བབས་ཙམ་ག་ན་ཡིན། རྡོར་ཕྲེང་བཀའ་བབས་པ་ནི། རྒྱ་གར་ན་པཎྜི་ཏ་དར་པན་ཨ་ཙརྱ་དང་། བོད་དུ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་དང་། བུ་སྟོན་པ་རིན་ཆེན་གྲུབ་དང་། ས་སྐྱ་པའི་ནང་ནས་ངོར་པ་རྡོ་རྗེ་འཆང་དང་། ཀར་ལུགས་ལ་སྤྱན་སྔ་ཆོས་ཀྱི་གྲགས་པ་དང་། སྟག་ལུང་པ་ལ་ངག་དབང་གྲགས་པ་དང་། འབྲུག་ལུགས་ལ་པདྨ་དཀར་པོ་དང་། འབྲི་ཁུང་པ་ལ་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་དང་། དགེ་ལུགས་ལ་གཡག་སྡེ་ལོཙྪ་བ་ཙམ་ཡིན་སྐད། ཁོ་བོ་བྱ་བྲལ་ཁུར་ཙམ་ཞིག་བསྟན་པའི་གཞུང་ཆེན་པོ་རྡོར་ཕྲེང་བརྩམས་པའི་བབ་ཐོབ་ག་ན་ཡོད། འཇིག་རྟེན་ཁ་ངག་ལ། མ་བཅོས་བུ་མོའི་ལ་གཅིན་ཟེར་བའི་དཔེ། བྲིས་ཀྱང་སུས་ཚད་མར་


CMR020_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན་འཕྱ་རྟེན་འོང་སྨྲས་པས། ཐམས་ཅད་ཀྱིས་ཚད་མར་མ་འཛིན་ན་ཡང་བཟོད། དགེ་བཤེས་ཆེན་པོས་མཛད་པ་རྣམས་ཀྱང་། ཀུན་གྱི་ཚད་མར་མི་འཛིན་ཀྱང་རང་རང་གི་ཆོས་བརྒྱུད་དེས་ཚད་མར་འཛིན་པ་ཡིན། ཁྱེད་ལ་ཡང་དབང་ལུང་གསན་པའི་བླ་མ་ཆེན་པོ་ཡང་འགའ་ཞིག་ཡོད། སློབ་མར་གྱུར་པའི་ངེད་བླ་བྲན་ཡང་མང་བས། ཅིས་ཀྱང་རྩོམ་དགོས་ཟེར། ད་ང་གཅོང་ནད་ཀྱིས་ཟིན་པས་ལུས་ཀྱང་མི་བདེ། འདི་རྒྱུད་སྡེ་བཞིའི་སྙིང་པོ་ཡིན་པས་བཀའ་ཡང་གཉེན། ང་མཚམས་པ་ཡིན་ཀྱང་རྣམ་གཡེང་ཤིན་ཏུ་ཆེ། ཤོག་བུ་ཡང་མེད་སྨྲས་ནས་ཁས་མ་བླངས། དེ་ནས་ཟླ་བ་འགའ་ཞིག་སོང་ཙམ་ན། བླ་མ་ཕྲིན་ལས་ཀྱིས་གྱིང་ཐང་ནས་ཡི་གེ་བསྐུར་ཏེ། རྡོར་ཕྲེང་བསྒྲིགས་པའི་ཞུ་རྟེན་དང་། བདག་འཁོར་བཅས་ཀྱི་ཚོགས་བརྒྱ། མར་མེ་བརྒྱ་རྩ། མཎྜལ་བརྒྱ་རྩ། ཕྱག་སྟོང་ཕྲག་རྣམས་འབུམ་འགྱུར་ཟླ་བའི་ནང་དུ་ཐོན་པར་བྱེད། དངུལ་ཐིག་དང་ཤོག་བུ་ཁ་ལྔ་བཅུ་ཕུལ། བྲི་སའི་ཤོག་པོད་འཛིན་བརྡུངས་བྱས་པ་དང་། དྲུང་ཡིག་པ་ལ་བྱི་རུ་སྤོས་ཤེལ་སོགས་ལྔ་ཚན་དང་བཅས་ཏེ་ཕུལ་ཟེར་བྱུང་། དེ་རྩོམ་ན་ཅི་འདྲ་


CMR020_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཤིང་ཡོད་ཚེ་རྨི་ལམ་དུ། གྲུབ་མཐའ་གཞན་གྱིས་བརྗེ་འགའ་ཟུང་གིས། ང་ཡིས་རྩོམ་པའི་དཔེ་ཆ་ཞིག་ལ་ལྟ་ཞིང་། ཁོ་བྱ་བྲལ་ཆུང་ཆུང་གིས། བསྟན་པ་སྤྱིའི་སྡོམ་ཆེན་པོ་འདི་འདྲ་རྩོམ་པའི་བབ་ཐོབ་ཨེ་ཡོད་དམ་ཟེར་ནས་འཕྱ་བ་གཅིག་རྨིས་པས། ད་བྲིས་ཀྱང་འཕྱ་རྟེན་ལས་འགྲོ་དོན་མི་འོང་བ་འདྲ་སྙམ། ཞག་གཉིས་གསུམ་ཚོགས་དང་མཎྜལ་ཕུལ་ནས་གནང་བ་ཞུས་ཤིང་། བྲིས་ན་རུང་ངམ་མི་རུང་འགྲོ་དོན་འོང་ངམ་མི་འོང་བརྟགས་པས། གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཟེར་བའི་སྒྲ་ཞིག་ཐོས། ཕྱིར་ཉིན་དབོ་ཟླ་བའི་ཉི་ཤུ། སྐར་མ་བཟང་བ་དང་ཐུག་འདུག་པས་དབུ་བཙུགས། དེ་ནས་སྐབས་སྐབས་སུ་མཎྜལ་བརྒྱ་རྩ། བསྐང་ཐུང་བརྒྱ་རྩ། ཚོགས་འཁོར་ལ་སོགས་པ་ལན་མང་དུ་ཕུལ་ཞིང་གསོལ་བ་བཏབ་ནས་བྲིས་པས། རྣམ་གཡེང་མང་བའི་སྟབས་ཀྱིས་ཡུན་རིང་འགོར། གཞུང་གི་དབང་བསྡུས་པ་དུས་འཁོར་ལ་སྦྱར་རྒྱུ་དེ་བྲི་སྐབས། ཉམས་དང་རྨི་ལམ་འདྲེས་པའི་སྐབས་སུ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དེ་ཡིད་ཡུལ་དུ་ལམ་མེར་གསལ་བས། བདག་འཇུག་ལེན་


CMR020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དུས། བླ་མ་དང་ཐུགས་རྗེ་ཆེན་པོ་མདུན་བསྐྱེད་དབྱེར་མེད་དུ་བསྒོམ། གསུངས་པའི་ལུང་བསྟན་གསལ་པོར་ཐོས་པས། འགྲིགས་ཆོག་འདི་ཡང་བདག་གི་ཤེས་རབ་ཀྱི་སྟོབས་ཀྱིས་གྲུབ་པ་མ་ཡིན་ཏེ། ཡི་དམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ལས་བྱུང་བ་ཡིན་པར་གོ །དེའི་ཕྱིར་དབང་ཆོག་འདི་ལ་བྱིན་རླབས་ཡོད་པར་ངེས་སོ། །ཡང་རྡོར་ཕྲེང་གི་བདེ་མཆོག་གི་ལྷ་གྲངས་དྲུག་ཅུ་རྩ་གཉིས་རྣམས་ཞེ་རྩིས་བྱེད་ཅིང་ཡོད་ཙ། གཉིད་པ་ཡང་མ་ཡིན་མངོན་སུམ་དུ། དེ་འདྲ་རེ་རེའི་འཁོར་དུ་དཔའ་བོ་དང་རྣལ་འབྱོར་མ་ས་ཆེན་པོའི་རྡུལ་གྱི་གྲངས་ཙམ་ཡོད། ཆོས་སྐྱོང་ཡང་ཡོད་ཟེར་བའི་སྒྲ་ཞིག་གྲག་པ་ཐོས་པས། སེམས་ལ་དད་གུས་ཆེན་པོ་རང་དབང་མེད་པར་སྐྱེ་བ་ཞིག་བྱུང་བས། འདི་ལ་ལྷ་དང་སྲུང་མ་ཡང་འཁོར་བར་ཡོད་དོ། །དེ་ནས་སྣོན་ཟླ་བའི་ཚེས་བརྒྱད་ལ། བརྩམ་དོན་ཅུང་ཟད་མ་གཏོགས་འགྲུབ་པས། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། འདི་ཡི་འགྲོ་དོན་དང་འཕེལ་སྒོ་འབྱུང་ངམ་བརྟགས་པས། ཉམས་ཀྱི་སྣང་བར་འདི་ཡི་འགྲོ་དོན་འབྱུང་ཚུལ་རྣམས་ཞིབ་ཅིང་རྒྱས་པ་ཡིད་ཡུལ་དུ་གསལ་བ་ཞིག་བྱུང་


CMR020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། ཕྱིར་ནངས་ནས་ཐམས་ཅད་བརྗོད། མ་བརྗེད་གསལ་བ་ལ། དུས་ཀྱི་མཐའི་བར་དུ་དཔེ་ཆ་འདི་ཚར་ལྔ་བརྒྱ་འཕེལ། འདིའི་དཀྱིལ་འཁོར་མཐོ་ཐོག་གིས་བསྙེན་པ་ཐེམས་པ་ཁྲི་ཕྲག་གཅིག་འབྱུང་བ་ཡིད་ལ་གསལ་པོར་ཤར། དེས་ན་འདི་དག་རང་གར་རྩོམ་པར་མ་དགོངས་པར། སྣོན་ཕྲི་མེད་པར་འདི་ཇི་ལྟ་བར་བྲིས་ཤིག །དབང་སྒྲུབ་བྱེད་ཚེ་རང་གཅིག་པུའམ་སློབ་དཔོན་འགའ་ཟུང་ལས་མེད་པའི་ཕྱིར། དཔེ་ཆོག་བྱ་ཕྱིར་དཔེ་ཆ་ཉིད་བྲི་བ་དང་དབང་བསྐུར་བྱ་ནི་དབང་ཙཀ་དུ་འདི་ལྟར་བྲི་བ་ལེགས་ཏེ། ཁྲོམ་མང་ལ་དཔེ་ཆ་རང་ཁྱེར་བ་མི་མཛེས་ཤིང་། དབང་ཙཀ་དར་རས་ཀྱིས་དཀྲིས་ནས་བླ་ཆེན་ཡིན་ན་བེར་དང་། མེད་ཀྱང་ཆོས་གོས་ཀྱི་ནང་སྐུ་པང་དུ་བཞག་པས། དབང་ཐུགས་ཐོག་ནས་མཛད་པ་འདྲ་བ་ཞིག་འོངས། ཨོ་རྒྱན་གྱི་གསུང་རྣམས་ལ་ཡང་། དབང་ཙཀ་རྒྱབ་ཡིག་བྱོས་ལ་ཀློག །ཅེས་གསུངས་པ་ལྟར། དབུས་གཙང་ཁམས་གསུམ་གྱི་རྙིང་མ་བ་ཐམས་ཅད་ཀྱིས་དབང་ཙཀ་སྟེང་ནས་དབང་བསྐུར་བ་ཕྱག་སྲོལ་ཡིན། ས་ལུགས་ཀྱི་ཀུན་རིག་སོགས་ཀྱི་དབང་ཙཀ་ལ་ནར་མོ་དཔེ་ཆ་འདྲ་བ་ཞིག་རེད་ནའང་། དབང་ཙཀ་གྲུ་བཞི་


CMR020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་འདི་རྙིང་མ་པའི་ཁྱད་ཆོས་ཕྱག་ལེན་ལེགས་པར་རྩི། ཅུང་ཞིག་གཟེབ་ཐབས་སུ་ཐུར་དུ་བྲི་བ་ནི། ཀཿཐོག་པའི་ཕྱག་ལེན་ཁྱད་ཆོས་ཡིན་ཟེར་ཏེ། དབང་ཙཀ་ཡང་དཔེ་ཆ་མི་བྱེད་པར་འདི་ལྟར་མ་འདྲ་གྱིས་ལ་བྲིས་ཤིག །བདེ་མཆོག་རྒྱུད་ཀྱི་བཀའ་སྲུང་ཕྱག་བཞི་པ་དང་། ཀྱེ་རྡོར་རྒྱུད་ཀྱི་བཀའ་སྲུང་གུར་མགོན་དང་། གདན་བཞིའི་བཀའ་སྲུང་དུད་སོལ་མ་དང་། མ་རྒྱུད་སྐོར་བཞིའི་བཀའ་སྲུང་བེར་ཆེན་ཡབ་ཡུམ་དང་། གསང་འདུས་ཀྱི་བཀའ་སྲུང་ཞལ་བཞི་པ་དང་། བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་བཀའ་སྲུང་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས་ཀྱིས།། སྔོན་གྱི་དམ་ཚིག་རྗེས་སུ་དྲན་པར་མཛོད་ལ། འདིའི་དཔེ་རྒྱུན་དབང་རྒྱུན་ལུང་རྒྱུན་རྣམས་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག །ཁྱད་པར་འདི་བརྩམས་ཚར་ལ་ཁད་ཀྱི་སྐབས་སུ། ཁོང་ལྕམ་དྲལ་གཉིས་ཀྱིས་འདིའི་བཀའ་སྲུང་བྱེད་འདོད་ཆེ་བའི་རྨི་ལྟས་མང་དུ་བྱུང་བས་བཙན་རིགས་སུམ་བརྒྱ་དྲུག་ཅུའི་ཕ་རྒན། འཕེན་ཡུལ་སྒོ་མོ་བྲག་དམར་ན་གནས་བཅས་ཤིང་། ཡུལ་གླིང་རེ་ན་ཕོ་བྲང་རེ་ཡོད་པས་གནས་བོད་ཡུལ་ཀུན་ལ་ཁྱབ་པ། །བཙན་རྒྱལ་སྐྱེས་བུ་ལུང་བཙན་


CMR020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེའི་ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན་མ་གཉིས་ཀྱིས་འདིའི་བཀའ་སྲུང་མཛོད་ལ། འདི་ཉིད་འཕེལ་ཞིང་རྒྱས་པ་དང་། ཡི་གེའི་ཐོབ་ཆ་དང་འབྲུ་ཆད་ཙམ་ནི་བཅོས་ཆོག་གཞན་བཅོས་བསླད་སྣོན་ཕྲི་བྱེད་མཁན་བྱུང་ན་ཆད་པ་ཆོད་ཅིག །འདི་ཉིད་བྲི་བ་དང་རང་གཞན་གྱི་དོན་བྱེད་པ་རྣམས་ལ་ཁ་འཛིན་སྡོངས་གྲོགས་མཛོད་ཅིག །ཅེས་ངག་ཁྲིད་བརྩམ་དོན་དང་བཅས་པ། རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེར་བཀོད་པ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། 


previousརྡོ་རྗེ་ཕྲེང་བའི་ངག་ཁྲིད་ཀྱི་ཞལ་ཤེས་ཟིན་བྲིས་སློབ་དཔོན་ཁྲོ་མེད།next