Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
དབང་རྡོ་རྗེ་ཕྲེང་བའི་ལྷ་སྟ་གོན་བུམ་པ་སྟ་གོན་རྒྱུད་སྡེ་བཞི་ཀ་ལ་སྦྱར་རྒྱུ།
   
   
   
   
   
   
   
   
   
   


 
previousདབང་རྡོ་རྗེ་ཕྲེང་བའི་ལྷ་སྟ་གོན་བུམ་པ་སྟ་གོན་རྒྱུད་སྡེ་བཞི་ཀ་ལ་སྦྱར་རྒྱུ།next

དབང་རྡོ་རྗེ་ཕྲེང་བའི་ལྷ་སྟ་གོན་བུམ་པ་སྟ་གོན་རྒྱུད་སྡེ་བཞི་ཀ་ལ་སྦྱར་རྒྱུ།


CMR020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་ཕྲེང་བའི་ལྷ་སྟ་གོན་བུམ་པ་སྟ་གོན་རྒྱུད་སྡེ་བཞི་ཀ་ལ་སྦྱར་རྒྱུ་ཡོད།། 


CMR020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ར་ཡེ། རྡོ་རྗེ་འཆང་དབང་བླ་མའི་ཞབས་ལ་འདུད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འདིར་པཎ་ཆེན་ལུང་རིགས་ཉི་མའི་ཞལ་ནས། ལྷ་སྟ་གོན་བུམ་པ་སྟ་གོན་སློབ་མ་སྟ་གོན་རྣམས། རྡུལ་ཚོན་མ་གཏོགས་རས་བྲིས་ལ་མི་དགོས། དེ་སྦྱར་ན་མ་ཤེས་པ་ཡིན་གསུངས་ཀྱང་། ཀུན་རིག་ལ་སོགས་གཞན་ཆོ་ག་ཐམས་ཅད་ལ། སྟ་གོན་དེ་གསུམ་བྱེད་པའི་ལུགས་དང་མི་བྱེད་པའི་ལུགས་གཉིས་ཀ་གསུངས་ཤིང་། རྡོར་ཕྲེང་འདིའི་ལུགས་ལ་ནི། དང་པོ་དགོས་པ་གཞིར་བཅས་ལ། །དེ་རིང་དབང་ཚར་རྗེས་ཀྱང་། སང་ཉིན་དཀྱིལ་འཁོར་དུ་ཙམ་གྱི་དབང་བྱེད་པ་ཐམས་ཅད་ཀྱི་དཀྱིལ་འཁོར་སྟ་གོན་དང་བུམ་པ་སྟ་གོན་གཉིས་ཀ་དགོས་པར་གསུངས་པས། དེ་ལ་གསང་བ་སྤྱི་ 


CMR020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བ་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླ་བྱ། །དེ་ཡིས་དག་པ་མཆོག་ཏུ་འགྱུར། །ཞེས་གསུངས་པ་ལྟར་ས་རྐོ་བ་མི་བྱ་ཞིང་། ཧཱུྃ་ཡིག་དང་ལས་སྔགས་བརྒྱ་རྩ་བཟླ་ཞིང་ལག་པས་རེག །ཡུངས་ཀར་རམ་སྔགས་ཆུ་གཏོར། སྤྲོན་ས་བདག་ལ་གཏོར་མ་ཡང་འབུལ། དེའི་སྟེང་དུ་མཆོད་གཞི་བཅས་ཏེ། དེའི་སྟེང་དུ་ལྷ་གྲངས་ཀྱི་ཚོམ་བུ་བཀོད། སང་དུས་གཅིག་ལ་དབང་མང་པོ་བསྐུར་ན། དཀྱིལ་འཁོར་དུ་བསྐུར་བའི་གྲངས་ཀྱི་རྣམ་རྒྱལ་བུམ་པ་དང་། ལས་བུམ་གཅིག་བཤམས། མཐར་མཆོད་པ་སྣ་བདུན་དང་གཏོར་མ་ཡང་བཤམས། རྒྱས་པར་སྤྲོ་ན་འཇམ་རྡོར་ལ་སོགས་གང་རུང་གི་བདག་བསྐྱེད་བྱ། བསྡུ་ན། རང་ཉིད་སྐད་ཅིག་གིས་སྒོ་གཙོ་


CMR020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྐྱང་པ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་སྐུར་གྱུར། སྔགས་ཅུང་ཞིག་བརྗོད། ཚོམ་བུ་བསང་སྦྱང་། སྟོང་པའི་ངང་ལས་རྒེའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་གསལ་བ་དང་། བུམ་པ་སོ་སོའི་ནང་དུ་སོ་སོའི་དཀྱིལ་འཁོར་པ་ཐམས་ཅད་དང་། ལས་བུམ་དུ་ལས་ཀྱི་ལྷ་དང་བཅས་པ་མངོན་སུམ་དུ་གསལ་བར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཨགྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར། དེ་རྣམས་ཀྱི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། དབང་ལྷ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ། སོ་སོའི་རིགས་བདག་དང་། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། རྒྱུད་སྡེ་སོ་སོ་དང་མཐུན་པའི་མཆོད་པ་བྱིན་རླབས་དང་། མཆོད་པ་བསྟོད་པ་རྣམས་རྒྱས་པར་དབང་སྒྲུབ་གཞུང་ལྟར། གཏོར་བསྔོས་དང་བཅས་པ་བྱ། བསྡུས་པར་རྗེས་ཆོག་ནས་འབྱུང་བ་ལྟར་མཆོད་པ་བྱིན་རླབས་དང་སྔགས་མཆོད་རྣམས་དང་བསྟོད་པ་ཤོ་ལོ་ཀ་ཙམ་བྱ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི། སང་ནངས་པར་དཀྱིལ་འཁོར་བྱིན་གྱིས་བརླབས་ནས། 


CMR020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སློབ་དཔོན་འཁོར་བཅས་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རླབས་ཏེ། དབང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་གནང་བ་སྦྱིན་པར་གྱུར། དེ་ནས་རྣམ་རྒྱལ་བུམ་པ་ལ་དམིགས་ལ་སྔགས་ཅི་ནུས་བཟླ། ལས་བུམ་གྱི་སྔགས་དང་། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཅི་འགྲུབ་བཟླ། ཧཱུྃ་བདུན་སྔགས་པའི་མེ་ཏོག་བུམ་པ་གཉིས་སུ་བླུག །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། དུང་ཆོས་ཀྱི་ཆུ་བུམ་པ་རྣམས་སུ་བླུགས་ལ། ལྷ་རྣམས་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་གྱི་ཆུ་ཀུ་ཤས་གཏོར་ཞིང་ལས་སྔགས་བརྗོད་དེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། དེ་སྲིད་དུ་བགེགས་ཀྱི་ཚོགས་རྣམས་ཟློག་པའི་ཕྲིན་ལས་མཛོད་ཅིག །འདིའི་མཚམས་ན་སློབ་མ་སྟ་གོན་བྱེད་རྒྱུ་ཡིན་ཅིང་། སྐབས་འདིར་རྒྱས་པར་སྤྲོ་ན་བླ་མ་ཡི་དམ་དང་ཆོས་སྐྱོང་གི་གཏོར་བསྔོས་ཀྱང་བྱ། ཆད་ལྷག་ཡིག་བརྒྱས་བཀང་ནས། ཧཱུཾ་བཛྲ་ཨུ་ཏིཉྫའི་སྔགས་རྒྱས། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ། ཨབྷཾ་སོགས། །བསྟོད་པར་འོས་པ༴ དེ་ལྟར་དཀྱིལ་འཁོར་དང་བུམ་པ་སྟ་གོན་གཉིས་མ་བྱས་ཀྱང་འགལ་བ་མེད་ནའང་། ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་རྡོར་ཕྲེང་གི་གཞུང་འདི་ལ། འདི་དཀྱིལ་འཁོར་ཀུན་ལ་དགོས་པར་གསུངས་འདུག་


CMR020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཤིན་ཏུ་བསྡུས་ཏེ་ས་བཅད་མ་སྟོང་ཙམ་དུ་རཱ་ག་ཨ་སྱས་སྨྲས་པ་ལྟར་དགེ་སློང་བརྩོན་འགྲུས་ཀྱིས་བྲིས་པ་ལ། འཕེལ་ཞིང་རྒྱས་པར་གྱུར་ཅིག། །།མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། 


previousདབང་རྡོ་རྗེ་ཕྲེང་བའི་ལྷ་སྟ་གོན་བུམ་པ་སྟ་གོན་རྒྱུད་སྡེ་བཞི་ཀ་ལ་སྦྱར་རྒྱུ།next