Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
རྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ།
   
   
   
   
   
   
   


 
previousརྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ།next

རྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ།


CMR020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ་བཞུགས་སོ།། 


CMR020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ་རོ་ཙ་ནི་ཡེ། རྩ་བརྒྱུད་བླ་མ་རྣམ་པར་སྣང་མཛད་ལ། །ཕྱག་འཚལ་ཡོ་གའི་དཀྱིལ་འཁོར་རྣམ་གསུམ་གྱི། །དབང་སྒྲུབ་བྲི་ལ་བཀའ་གནོང་བྱིན་གྱིས་རློབས། །དཀྱིལ་འཁོར་བུམ་པ་མཆོད་པ་སྤྱི་ལྟར་བཤམས། །དེ་ནས་འདི་ལྟར་འདོན་སྒོམ་སྦྲགས་པས་འཐུས། ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་


CMR020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧིཔྲ་ཝ་ར་སཏཱ་ར་པཱཏྱཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿསོགས་མགོར་སྦྱར་ལ། པྲཀོ་ཎཱ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨཉྩ་མཱ་ཏྱཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨགྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པདྨེ་ཧཱུྃ། དེ་བཞིན་དུ། ཤབྡའི་བར་གྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། ཨོཾ་བཛྲ་དྷརྨ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་ན་ཏཱ་སཾ་བྷ་ཝེ། བཛྲ་དྷརྨཱ་ཧཱིདྷ་ཡ་སན་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་


CMR020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོར་གྱུར་པ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་རྨེའི་དཀྱིལ་འཁོར་ཉམས་སུ་བླང་བར་བྱའོ། །རང་ཉིད་སྐད་ཅིག་གིས་སྒེར་གསལ་བའི་ཐུགས་ཀར། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧྥེ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། རྗེའི་དཀྱིལ་འཁོར་ལ་བླ་མ་བརྒྱུད་པ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ། པྲ་ན་མེ་ན། བཛྲ་བྷནྡ་ནཾ་ཀ་རོ་མི། ཞེས་པས་བླ་མ་དང་ཡི་དམ་ལ་ཕྱག་


CMR020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲིཔྲ་ཝ་ར་སཏྟ་ར་པཱཏྱཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྨྲ་ར་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཆ་གསུམ་དང་ཤབྟའི་བར་གྱིས་མཆོད་ལ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། རྒྱ་ཆེས་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི།་།བརྟུལ་ཞུགས་དབང་པོའི་ཚོགས་ལ་


CMR020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་སྟོན། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ་།རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཨོཾ་བཛྲ་མུཿ ཚོགས་ཞིང་གཤེགས་སུ་གསོལ༔ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་


CMR020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་ཤུ་ནྱ་ཏ་ཛྷཱ་ན་བཛྲ་སྭ་བྷ་ཝ་ཨཱཿཏྨ་ཀོཉཧཾ། སྟོང་པའི་ངང་ལས་འོག་ཏུ་སྲ་ཞིང་མཁྲེགས་ལ་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་དང་། དེའི་ལོགས་སུ་རྡོ་རྗེའི་རྭ་བ་དང་། སྟེང་དུ་རྡོ་རྗེའི་མདའི་དྲྭ་བ་དང་། དེའི་འོག་ཏུ་རྡོ་རྗེའི་བླ་རེ་དང་། ཕྱི་རོལ་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའོ། །དེ་ལྟ་བུའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འདི་ཡན་དཀྱིལ་འཁོར་གསུམ་ཀ་ལ་འདྲ། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། བཾ་ལས་ཆུའི་དཀྱིལ་འཁོར། །ལཾ་ལས་སའི་དཀྱིལ་འཁོར། རྒྱ་མཚོ་བདུན་ལ་སོགས་པའི་གླིང་བཞི་དང་། ཉེ་བའི་གླིང་ལ་སོགས་པས་ཡོངས་སུ་བསྐོར་བའི། སུཾ་ལས་རི་རབ་རིན་པོ་ཆེའི་སྣ་བཞི་ལས་གྲུབ་པ། ཅོག་བརྒྱད་དང་ལྡན་པའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་


CMR020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་དཀར་ལྗང་དམར་སེར་སྔོན་པོའི་རྩིག་པ་རིམ་པ་ལྔ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་། དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་


CMR020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བབ་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་པོ། ལྷ་རྣམས་ཀྱི་དབུས་ལེའུ་རྩེ་དགུར་གྱུར་པའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲི། ཐམས་ཅད་ལ་ཐུན་མོང་དུ་པདྨ་དང་ཟླ་བའི་གདན་ལ། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ། ཞལ་རེ་རེ་ལ་ཨུཏྤལ་རྒྱས་པ་ལྟ་བུའི་སྤྱན་གསུམ་གསུམ་དང་ལྡན་པ། རྩ་བའི་ཞལ་དཀར་པོ། གཡས་སེར། གཡོན་ལྗང་། རྒྱབ་དམར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་ 


CMR020_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ། གསུམ་པ་གཉིས་ཀྱིས་བགྲང་ཕྲེང་དང་འཁོར་ལོ། བཞི་པ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། དབུ་སྐྲ་རལ་པ་ནག་པོའི་ཐོར་ཅོག་ཏུ་བྱས་པ་ལ་རྣམ་སྣང་ལ་སོགས་པ་སངས་རྒྱས་ལྔས་སྤྲས་པ། རིན་པོ་ཆེའི་རྒྱན་དང་། སྙན་རྒྱན་དང་། མགུལ་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། སྐ་རགས་དང་། ཕྱག་གདུབ་དང་། ཞབས་གདུབ་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་ཤར་དུ་སེམས་མ་རྡོ་རྗེ་མ་སྔོན་མོ། གཡས་པས་རྡོ་རྗེ་རྩེ་ལྔ་པ་འཛིན་ཅིང་། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ལྷོར་རིན་ཆེན་སེམས་མ་སེར་མོ་གཡས་པས་རིན་པོ་ཆེ་འཛིན་ཅིང་། གཡོན་པས་སྡིགས་མཛུབ་མཛད་པ། ནུབ་ཏུ་ཆོས་ཀྱི་སེམས་མ་དམར་མོ་ཕྱག་གཉིས་ཀྱིས་པདྨ་འཛིན་པ། བྱང་དུ་ལས་ཀྱི་སེམས་མ་ལྗང་གུ། གཡས་སྣ་ཚོགས་རྡོ་རྗེ་འཛིན་ཅིང་གཡོན་སྡིགས་མཛུབ་མཛད་པ།་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པར་བྱས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་དང་བཅས་པའི་ས་གནོན་དང་། 


CMR020_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མཉམ་བཞག་མཛད་པ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། གཡས་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན་ཕྱག་རྒྱ་དང་། གཡོན་མཉམ་བཞག་མཛད་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་པདྨ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་དང་གཡོན་མཉམ་བཞག་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དབུ་སྐྲ་ནག་པོའི་ཐོར་ཅོག་དང་། རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །མི་བསྐྱོད་པའི་ཤར་དུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། ནུབ་ཏུ་རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །རིན་ཆེན་འབྱུང་ལྡན་གྱི་ཤར་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་ཆེན་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལྷོར་རྡོ་རྗེ་གཟི་བརྗིད་དམར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ། བྱང་དུ་རྡོ་རྗེ་རྒྱལ་མཚན་


CMR020_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ནུབ་ཏུ་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པའོ། །འོད་དཔག་མེད་ཀྱི་ཤར་དུ་རྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ། གཡོན་པདྨ་དང་གཡས་པས་དེའི་ཁ་འབྱེད་པར་མཛད་པ། ལྷོར་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། བྱང་དུ་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་གྱིས་འཛིན་པ། ནུབ་ཏུ་རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེས་མཚན་པའི་ལྗགས་འཛིན་པའོ། །དོན་ཡོད་གྲུབ་པའི་ཤར་དུ་རྡོ་རྗེ་ལས་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། ལྷོར་རྡོ་རྗེ་བསྲུང་བ་སེར་པོ་རྡོ་རྗེའི་ཁྲབ་འཛིན་པ། བྱང་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་རྡོ་རྗེའི་མཆེ་བ་ཞལ་གྱི་མཐའ་གཉིས་སུ་འཛིན་པ། ནུབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་དམ་ཚིག་གིས་ཁུ་ཚུར་གྱི་བར་དུ་རྡོ་རྗེ་རྩེ་ལྔ་པ་བཙིར་བའོ། །གྲྭ་བཞིར་ཤར་ལྷོར་སྒེག་མོ་དཀར་མོ་ཕྱག་གཉིས་སྙིམ་པའི་ཚུལ་གྱིས་ཁུ་ཚུར་སྐེད་པར་འཇོག་པ། ལྷོ་ནུབ་ཏུ་ཕྲེང་བ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཤར་དུ་གར་


CMR020_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་གཉིས་བཟུང་ནས་གར་བྱེད་པ། དེ་དག་གི་རྒྱབ་ཏུ་ཤར་ལྷོར་བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེའི་ཀོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ་དྲིའི་དུང་ཆོས་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟས་མཛེས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་ཕྱི་རོལ་དུ་ལྷ་སྣམ་གྱི་ཤར་དུ་བྱམས་པ། མཐོང་བ་དོན་ཡོད་། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམ་པའི་བློ་གྲོས་བཞི་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་དང་བཅས་པའི་ས་གནོན། གཡོན་མཉམ་གཞག་མཛད་པ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་རྟོགས་བཞི་སྐུ་མདོག་སེར་པོ། གཡས་པས་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན་དང་། གཡོན་མཉམ་གཞག་མཛད་པ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་བཞི་སྐུ་མདོག་དམར་པོ། ཕྱག་གཉིས་ཀྱིས་ཏིང་ངེ་


CMR020_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་པདྨ་དམར་པོ་འཛིན་པ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོ་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་སྐུ་མདོག་ལྗང་གུ། །གཡས་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་དང་། གཡོན་མཉམ་གཞག་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་རྡོ་རྗེ་འབེབས་པ་ལྗང་གུ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། བཞི་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་རྡོ་རྗེ་སེམས་དཔའ།། སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། ལས་སྔགས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ༈ །།ངན་སོང་སྦྱོང་བའི་དཀྱིལ་འཁོར་གཙུག་དགུ་ནི། གཞུང་གོང་དང་འདྲ་བ་ལས། ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་དབུས་སེར་པོ། རྩིག་པ་ནི་ནང་ནས་སེར་ལྗང་དམར་སྔོ་དཀར་པོའོ། །ལྷ་སྣམ་གྱི་


CMR020_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་དང་བཅས་པས་བསྐོར་བའི་ལྟེ་བར་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། ཕྱག་གཉིས་ཀྱི་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། །རིན་པོ་ཆེའི་དབུ་རྒྱན་དང་། སྙན་རྒྱན་དང་མགུལ་རྒྱན་དང་དོ་ཤལ་དང་སེ་མོ་དོ་དང་། སྐ་རགས་དང་། ཕྱག་གདུབ་དང་། ཞབས་གདུབ་ལ་སོགས་པས་བརྒྱན་པ། དར་ལིའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་གྱི་རྩིབས་ལ་རྡོ་རྗེ་གཙུག་ཏོར་དཀར་པོ་ཕྱག་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ། ལྷོར་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། གཡོན་མཉམ་གཞག་མཛད་པ། ནུབ་ཏུ་པདྨ་གཙུག་ཏོར་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། གཡོན་མཉམ་གཞག་མཛད་པ། བྱང་དུ་སྣ་ཚོགས་གཙུག་ཏོར་ལྗང་གུ། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཡོན་མཉམ་གཞག་མཛད་པ། མེར་གཙུག་ཏོར་གཟི་


CMR020_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་སྐུ་མདོག་དཀར་ལ་ཅུང་ཟད་དམར་བ། ཕྱག་གཡས་ཉི་མའི་དཀྱིལ་འཁོར་འཛིན་ཅིང་། གཡོན་དཀུར་བརྟེན་པ། བདེན་བྲལ་དུ་གཙུག་ཏོར་རྒྱལ་མཚན་དམར་ལ་ཅུང་ཟད་ནག་པ། ཕྱག་གཉིས་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། རླུང་དུ་གཙུག་ཏོར་རྣོན་པོ་སྔོན་པོ་གཡས་རལ་གྲི་དང་། གཡོན་པོ་ཏི་འཛིན་པ། དབང་ལྡན་དུ་གཙུག་ཏོར་གདུགས་དཀར། དཀར་པོ་ཕྱག་གཉིས་གདུགས་དཀར་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཚོགིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་ལྷོར་སྒེག་མོ་དཀར་མོ་སྙིམ་པའི་ཚུལ་གྱིས་ཁུ་ཚུར་སྐེད་པར་འཇོག་པ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། །ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་གཉིས་འཛིན་པས་སྤྱི་བོར་གར་མཛད་པ། དེ་དག་གི་རྒྱབ་ཏུ་ཤར་ལྷོར་བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེའི་ཀོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་


CMR020_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་དྲིའི་དུང་ཕོར་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཕྱི་རོལ་དུ་ལྷ་སྣམ་གྱི་བྱང་ཤར་ནས་རིམ་པ་བཞིན་དུ། བྱམས་པ་སེར་པོ་གཡས་པས་ཀླུ་ཤིང་གི་མེ་ཏོག་དང་གཡོན་པས་སྤྱི་བླུགས་འཛིན་པ། མཐོང་བ་དོན་ཡོད་སེར་པོ་གཡས་སྤྱན་དང་བཅས་པའི་པདྨ་འཛིན་ཅིང་གཡོན་དཀུར་བརྟེན་པ། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དཀར་སེར་གཡས་དབྱུག་པ་འཛིན་ཅིང་གཡོན་པའི་ཁུ་ཚུར་དཀུར་བརྟེན་པ། ལྷོར་སྤོས་ཀྱི་གླང་པོ་དཀར་པོ་གཡས་པས་དྲིའི་དུང་ཕོར་འཛིན་པ། དཔའ་བར་འགྲོ་བ་དཀར་པོ་གཡས་རལ་གྲི་འཛིན་པ། ནམ་མཁའ་མཛོད་དཀར་སེར་གཡས་པས་པདྨ་ལ་གནས་པའི་ཆོས་ཀྱི་མཛོད་འཛིན་པ། ཡེ་ཤེས་ཏོག་སྔོན་པོ་གཡས་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ་ནུབ་ཏུ་བདུད་རྩི་འོད་དཀར་པོ་གཡས་པས་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཟླ་བའི་འོད་དཀར་པོ་གཡས་པས་པདྨ་ལ་གནས་པའི་ཟླ་བ་འཛིན་པ། བཟང་སྐྱོང་


CMR020_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གཡས་པས་རིན་པོ་ཆེ་འབར་བ་འཛིན་པ། དྲ་བ་ཅན་གྱི་འོད་དམར་པོ་གཡས་པས་རྡོ་རྗེ་འཛིན་པ། བྱང་དུ་རྡོ་རྗེ་སྙིང་པོ་སྔོ་སྐྱ་གཡས་པས་ཨུཏྤལ་སྔོན་པོ་འཛིན་པ། དེ་ཐམས་ཅད་ཀྱི་གཡོན་པས་ཁུ་ཚུར་དཀུར་བརྟེན་པ། བློ་གྲོས་མི་ཟད་པ་དཀར་པོ་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྤོབས་པ་རྩེགས་པ་དམར་པོ་གཡས་པས་རིན་པོ་ཆེ་བརྩེགས་པ་བསྣམས་པ། གཡོན་པ་དཀུར་བརྟེན་པ། ཀུན་ཏུ་བཟང་པོ་སེར་པོ་གཡས་པས་རིན་པོ་ཆེའི་སྙེ་མ་འཛིན་ཅིང་གཡོན་པ་དཀུར་བརྟེན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པ། །ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་སྒོར་རྡོ་རྗེ་འབེབས་པ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པར་བྱས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ལྷ་སུམ་ཅུ་


CMR020_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བདུན་པོ་ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པའོ། །གཙོ་འཁོར་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་རྒྱན། སྙིང་པོ་ནི། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན། རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུད་དྷེ་བི་ཤུད་དྷེ་སརྦ་ཀརྨ་ཨཱཿ་ཝ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། ཕྲེང་སྔགས་སོ། །ཨོཾབཛྲ་ཡཀྵ་ཧཱུྃ། ལས་སྔགས་སོ།། ༈ འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ། ནམ་མཁའ་དྲི་མེད། མཚན་བརྗོད་འགྲེལ་ཆེན། སྔགས་དོན་རྣམ་གཟིགས་ཏེ། ཡོ་གར་བཀྲོལ་བའི་འགྲེལ་པ་གསུམ་ཡོད་པའི་ནང་ནས་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་མཚན་བརྗོད་འགྲེལ་ཆེན་གྱི་རྗེས་སུ་འབྲང་བ། ཆོས་དབྱིངས་གསུང་གི་དབང་ཕྱུག་ལྷ་ཉིས་བརྒྱ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི། དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཟླུམ་པོའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ཟླུམ་པོ། སྒོ་བཞི་ལ་རིན་པོ་ཆེའི་རྩིག་པ་ཕྱི་ནས་རིམ་པ་བཞིན། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་


CMR020_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲུ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་། བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྨྲས་པ་སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་


CMR020_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པ་ཕྱིའི་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པ་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བའོ། །དེའི་ཕྱེད་ནང་མ་ལ་ཆོས་ཀྱི་དཀྱིལ་འཁོར། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་ཕྱེད་ནང་མ་ལ་གཟུངས་ཀྱི་དཀྱིལ་འཁོར། ཕྱི་ནས་སྔོ་དཀར་སེར་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། དེའི་ཕྱེད་ནང་མ་ལ་རྩ་བའི་དཀྱིལ་འཁོར། རིན་པོ་ཆེ་དཀར་པོའི་རྩིག་པ་རིམ་པ་གཅིག་དང་ལྡན་པ། དཀྱིལ་འཁོར་ནང་མ་གསུམ་ཀའང་གྲུ་བཞི་པ། སྒོ་བཞི་རྟ་བབས་དང་བྲལ་བ། ཕ་གུ་དྲྭ་བ་དང་དྲ་བ་ཕྱེད་པ་དང་། ཤར་བུ་དང་མདའ་ཡབ་ལ་སོགས་པས་བསྐོར་བ། ནང་གི་ལྷ་སྣམ་ལ་སོགས་པ་ཐམས་ཅད་ཀྱི། ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་པ་རྣམས་ཀྱི་དབུས་ལེའུ་རྩེ་དགུར་གྱུར་པའི་དབུས་སུ་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇམ་པའི་དབྱངས།


CMR020_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་སྐུ་མདོག་སེར་པོ་ཞལ་བཞི་ཕྱུག་བརྒྱད་པ། རྩ་བའི་ཞལ་སེར་གཡས་སྔོ། གཡོན་དཀར། རྒྱབ་དམར་བ། ཞལ་རེ་རེ་ལའང་ཨུཏྤལ་རྒྱས་པ་ལྟ་བུའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་རྣམས་ཀྱིས་རལ་གྲི་དང་། མདའ་དང་རྡོ་རྗེ་བསྣམས་པ། གཡོན་ལྷག་མ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། གཞུ་དང་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། དབུ་སྐྲ་ནག་པོའི་ཐོར་ཅོག་དང་ལྡན་པ། རིན་པོ་ཆེའི་དབུ་རྒྱན་དང་། སྙན་རྒྱན་དང་། མགུལ་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། སྐུ་རིགས་དང་། ཕྱག་གདུབ་དང་ཞབས་གདུབ་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་ཤར་ལ་སོགས་པའི་ཕྱོགས་བཞིར་གཙུག་ཏོར་ཆེན་པོ་དང་། གཙུག་ཏོར་གདུགས་དཀར་པོ་དང་། གཙུག་ཏོར་གཟི་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། དབང་ལྡན་ལ་སོགས་པའི་མཚམས་རྣམས་


CMR020_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སུ། གཙུག་ཏོར་འོད་ཟེར་རྣམ་པར་འཕྲོ་བ་དང་། གཙུག་ཏོར་འཕགས་པ་དང་། གཙུག་ཏོར་ཆེར་འཕགས་པ་དང་། གཙུག་ཏོར་རྒྱལ་བ་རྣམས་སྐུ་མདོག་སེར་པོ་ཕྱག་གཡས་པས་འཁོར་ལོ་ཐུགས་ཀར་བཏོད་པའི་ཚུལ་གྱིས་འཛིན་ཅིང་། གཡོན་པས་གདན་ལ་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་མཛེས་པར་བྱས་པ། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་གྱི་རེའུ་མིག་གི་དབུས་སུ་གླང་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། མི་བསྐྱོད་པ་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་སྔོ། གཡས་དཀར་གཡོན་དམར་བ། རྒྱབ་སེར། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས། རལ་གྲི་དང་། རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་། དྲིལ་བུ་དང་། གཞུ་དང་། ཞགས་པ་འཛིན་པ། ལྷོའི་རེ་མིག་གི་དབུས་སུ་རྟ་མཆོག་གི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་སེར། གཡས་དཀར། གཡོན་དམར་བ། རྒྱབ་ནག་པ། ཕྱག་བརྒྱད་ཀྱིས་


CMR020_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་རྣམས་ན། རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ན། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། རྡོ་རྗེས་མཚན་པའི་དྲིལ་བུ་དང་། ཞགས་པ་དང་གཞུ་འཛིན་པ། ནུབ་ཀྱི་རེ་མིག་གི་དབུས་སུ་རྨ་བྱ་ཁྲི་སྣ་ཚོགས་པདྨ་ཟླ་བའི་གདན་ལ། སྣང་བ་མཐའ་ཡས་སྐུ་མདོག་དམར་པོ།་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་དམར། གཡས་ནག །གཡོན་སེར། རྒྱབ་དཀར་བ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན། རྡོ་རྗེ་དང་མདའ་དང་རལ་གྲི་དང་ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་པདྨ་དང་གཞུ་དང་ཞགས་པ་དང་དྲིལ་བུ་འཛིན་པ། བྱང་གི་རེ་མིག་གི་དབུས་སུ། མཁའ་ལྡིང་གི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ། ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ལྗང་། གཡས་སེར། གཡོན་དཀར། རྒྱབ་དམར་བ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན། །རལ་གྲི་དང་། རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་། དྲིལ་བུ་དང་། གཞུ་དང་། ཞགས་པ་འཛིན་པ། ཐམས་


CMR020_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་རིན་པོ་ཆེའི་བརྒྱན་དང་དར་གྱི་ན་བཟས་མཛེས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པའོ། །མི་བསྐྱོད་པའི་ཤར་དུ་རྡོ་རྗེ་སེམས་དཔའ་དཀར་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། །ནུབ་ཏུ་རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །རིན་ཆེན་འབྱུང་ལྡན་གྱི་ཤར་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ལྷོར་རྡོ་རྗེ་གཟི་བརྗིད་དམར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ། བྱང་དུ་རྡོ་རྗེ་རྒྱལ་མཚན་སྔོན་པོ་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ནུབ་ཏུ་རྡོ་རྗེ་བཞད་པ་དཀར་པོ་སོ་ཡི་ཕྲེང་བ་འཛིན་པའོ། །སྣང་བ་མཐའ་ཡས་ཀྱི་ཤར་དུ་རྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ་གཡོན་པདྨ་དང་གཡས་པས་དེའི་ཁ་འབྱེད་པར་མཛད་པ། ལྷོར་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། བྱང་དུ་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་གྱིས་འཛིན་པ། ནུབ་ཏུ་རྡོ་རྗེ་སྨྲ་བ་


CMR020_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་རྡོ་རྗེས་མཚན་པའི་ལྗགས་འཛིན་པའོ། །དོན་ཡོད་གྲུབ་པའི་ཤར་དུ་རྡོ་རྗེ་ལས་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། ལྷོར་རྡོ་རྗེ་སྲུང་བ་སེར་པོ་རྡོ་རྗེའི་ཁྲབ་འཛིན་པ། བྱང་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་རྡོ་རྗེའི་མཆེ་བ་ཞལ་གྱི་མཐའ་གཉིས་སུ་འཛིན་པ། ནུབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་དམ་ཚིག་གི་ཁུ་ཚུར་གྱི་བར་དུ་རྡོ་རྗེ་རྩེ་ལྔ་པ་འཚེར་བའོ། །དེ་ནས་དབང་ལྡན་དུ་སངས་རྒྱས་སྤྱན་མ་སེར་མོ་རིན་འབྱུང་ལྟ་བུ། མེར་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པ་ལྟ་བུ། བདེན་བྲལ་དུ་གོས་དཀར་མོ་དམར་མོ་འོད་དཔག་མེད་ལྟ་བུ། རླུང་དུ་སྒྲོལ་མ་ལྗང་གུ་དོན་ཡོད་གྲུབ་པ་ལྟ་བུར་ཞལ་ཕྱག་གསལ་བར་གྱུར། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དམར་སེར་ལྕགས་ཀྱུ་འཛིན་པ། གཡས་བརྐྱང་གིས་བཞུགས་པ། ལྷོར་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། གཡོན་བརྐྱང་གིས་བཞུགས་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། ས་གའི་སྟབས་ཀྱིས་བཞུགས་པ། བྱང་དུ་རྡོ་རྗེ་འབེབས་པ་ལྗང་ཁུ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། ཟླུམ་པའི་སྟབས་ཀྱིས་བཞུགས་པ་བཞི་ཀའང་ཞལ་


CMR020_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨ་ར་དམར་སེར་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་དུ་གཟུངས་ཀྱི་དཀྱིལ་འཁོར་ནི། དབང་ལྡན་ནས་མོས་པས་སྤྱོད་པའི་ས་མ་དམར་མོ་པདྨ་དམར་པོ་འཛིན་པ། རབ་ཏུ་དགའ་མོ་དམར་མོ་ཡིད་བཞིན་གྱི་ནོར་བུ་འཛིན་པ། དྲི་མ་མེད་པ་དཀར་མོ་པདྨ་དཀར་པོ་འཛིན་པ། འོད་བྱེད་མ་དམར་མོ་ཉི་མའི་དཀྱིལ་འཁོར་འཛིན་པ། འོད་འཕྲོ་མ་ལྗང་གུ་ཨུཏྤལ་སྔོན་པོ་འཛིན་པ། སྦྱང་དཀའ་མ་སེར་མོ་ནོར་བུ་ལྗང་གུ་འཛིན་པ། མངོན་དུ་གྱུར་པ་མ་སེར་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། རིང་དུ་སོང་བ་མ་སྔོ་བསངས་སྣ་ཚོགས་རྡོ་རྗེ་འཛིན་པ། མི་གཡོ་མ་དཀར་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་པདྨའི་ཡུ་བ་འཛིན་པ། ལེགས་པའི་བློ་གྲོས་མ་དཀར་མོ་ཨུཏྤལ་འཛིན་པ། ཆོས་ཀྱི་སྤྲིན་མ་སེར་མོ་ཤེར་ཕྱིན་གྱི་པོ་ཏི་འཛིན་པ། ཀུན་ཏུ་འོད་མ་དམར་མོ་སངས་རྒྱས་ཀྱི་སྐུ་གཟུགས་འཛིན་པ། དེ་ཐམས་ཅད་ཀྱང་གཡས་པས་རྡོ་རྗེ་དང་། གཡོན་པས་རང་རང་གི་ཕྱག་མཚན་འཛིན་པའོ། །ལྷོར་རིན་ཆེན་པདྨའི་ཕ་


CMR020_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་མ་དམར་མོ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་འབྲས་སོ་བའི་སྙེ་མ་འཛིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་མྱ་ངན་མེད་པའི་ཡལ་ག་དང་བཅས་པའི་མེ་ཏོག་གི་ཆུན་པོ་འཛིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་མ་སེར་མོ་པདྨ་དཀར་པོ་འཛིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྗང་གུ་ཨུཏྤལ་སྔོན་པོ་འཛིན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་སྔོ་བསངས་པདྨ་འཛིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡོན་འོག་མས་པདྨ་ལ་གནས་པའི་ཤེར་ཕྱིན་གྱི་པོ་ཏི་འཛིན་པ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྗང་ཁུ་པདྨ་སེར་པོ་ལ་གནས་པའི་རྡོ་རྗེ་འཛིན་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་སྔོན་མོ་རལ་གྲི་འཛིན་པ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་ཤེར་ཕྱིན་གྱི་པོ་ཏི་འཛིན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་འཛིན་པ། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སྔོན་མོ་སྣ་ཚོགས་རྡོ་རྗེ་འཛིན་པ། དེ་ཐམས་ཅད་ཀྱི་ཕྱག་གཡས་པས་རིན་པོ་ཆེ་འཛིན་ཅིང་། གཡོན་


CMR020_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་རང་གི་ཕྱག་མཚན་འཛིན་པའོ། །ནུབ་ཏུ་ཚེ་ལ་དབང་བ་མ་དཀར་ལ་ཅུང་ཟད་དམར་བ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་གཟུགས་འཛིན་པ། སེམས་ལ་དབང་བ་མ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་འཛིན་པ། ཡོ་བྱད་ལ་དབང་བ་མ་སེར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ། ལས་ལ་དབང་བ་མ་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ། སྐྱེ་བ་ལ་དབང་བ་མ་ལྗང་གུ་ཛཱ་ཏིའི་མེ་ཏོག་གི་ཡལ་འདབ་འཛིན་པ། རྫུ་འཕྲུལ་ལ་དབང་བ་མ་སྔོ་བསངས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འཛིན་པ། མོས་པ་ལ་དབང་བ་མ་དཀར་མོ་པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་འཛིན་པ། སྨོན་ལམ་ལ་དབང་བ་མ་སེར་མོ་ཨུཏྤལ་སྔོན་པོ་འཛིན་པ། ཡེ་ཤེས་ལ་དབང་བ་མ་སྔོན་མོ་རལ་གྲི་འཛིན་པ། ཆོས་ལ་དབང་བ་མ་དཀར་མོ་བུམ་པ་བཟང་པོ་འཛིན་པ། དེ་ཐམས་ཅད་ཀྱི་ཕྱག་གཡས་པ་རྣམས་ཀྱིས་ཨུཏྤལ་དམར་པོ་དང་། གཡོན་པ་རྣམས་ཀྱིས་རང་རང་གི་ཕྱག་མཚན་འཛིན་པ། དེ་བཞིན་ཉིད་མ་དཀར་མོ་གཡས་པས་པདྨ་དཀར་པོ་དང་། གཡོན་པས་རྡོ་རྗེ་རིན་པོ་ཆེའི་སྙེ་མ་འཛིན་པ། སངས་རྒྱས་ཀྱི་བྱང་ཆུབ་མ་སེར་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་། །


CMR020_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་འཁོར་ལོས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །བྱང་དུ་དབྱིག་གི་བློ་གྲོས་མ་སེར་མོ་འབྲས་ཀྱི་སྙེ་མ་འཛིན་པ། རིན་ཆེན་སྐར་མདའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ། གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ནོར་བུ་ཆུ་ཤེལ་གྱི་བུམ་པ་འཛིན་པ། འོད་ཟེར་ཅན་མ་དཀར་མོ་སྐུད་པ་དང་བཅས་པའི་ཁབ་འཛིན་པ། རི་ཁྲོད་ལོ་མ་ཅན་མ་ལྗང་གུ་རྨ་བྱའི་མཇུག་སྒྲོ་འཛིན་པ། དུག་སེལ་མ་དཀར་མོ་དུག་གི་མེ་ཏོག་གི་ཆུན་པོ་འཛིན་པ། སྒོ་མཐའ་ཡས་མ་ལྗང་གུ་པདྨ་དམར་པོ་ལ་གནས་པའི་གཏེར་ཆེན་པོའི་བུམ་པ་འཛིན་པ། ཙུན་ད་དཀར་མོ་བགྲང་ཕྲེང་འཕྱང་བའི་རིལ་བ་སྤྱི་བླུགས་འཛིན་པ། ཤེས་རབ་འཕེལ་བ་མ་དཀར་མོ་ཨུཏྤལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པ། ལས་དང་སྒྲིབ་པ་རྣམ་པར་སེལ་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་འཛིན་པ། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དམར་མོ་རིན་པོ་ཆེའི་ཟ་མ་ཏོག་འཛིན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་མ་སེར་མོ་པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་དཔེ་སྒྲོམ་འཛིན་པ། ཐམས་ཅད་ཀྱི་ཕྱག་གཡས་པ་རྣམས་ཀྱིས་སྣ་ཚོགས་


CMR020_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང། གཡོན་པ་རྣམས་སྙིམ་པ་དང་བཅས་པས་རང་རང་གི་ཕྱག་མཚན་འཛིན་པའོ། །ཤར་སྒོར་ཆོས་སོ་སོ་ཡང་དག་པར་རིག་པ་མ་སྐུ་མདོག་དཀར་དམར་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་དོན་སོ་སོ་ཡང་དག་པར་རིག་པ་མ་ལྗང་གུ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཞགས་པ་འཛིན་པ། ནུབ་སྒོར་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མ་དམར་མོ་ཕྱག་གཉིས་ཀྱིས་པདྨས་མཚན་པའི་ལྕགས་སྒྲོག་འཛིན་པ། བྱང་སྒོར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། མེར་སྒེག་མ་སེར་མོ་སྒེག་པ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་གཉིས་འཛིན་པ། བདེན་བྲལ་དུ་ཕྲེང་བ་མ་དམར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པ། རླུང་དུ་གླ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་འཛིན་པ། དབང་ལྡན་དུ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་གར་བྱེད་པའི་ཚུལ་གྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ མོས་པས་སྦྱང་བའི་ས་མ་ལ་སོགས་པའི་ལྷ་མོ་ལྔ་བཅུ་རྩ་དྲུག་པོ་ཐམས་ཅད་ནི། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། ཅུང་ཟད་འཛུམ་ཞིང་སྒེག་པའི་ཉམས་ 


CMR020_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། སྒོ་སྐྱོང་མ་རྣམས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའོ། །དཀྱིལ་འཁོར་གསུམ་པའི་ཤར་གྱི་སྣམ་བུ་ལ། ཀུན་ཏུ་བཟང་པོ་སེར་པོ་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་ལ་གནས་པའི་དྲིལ་བུ་འཛིན་པ། བློ་གྲོས་མི་ཟད་པ་སེར་པོ་གཡས་རལ་གྲི་དང་། གཡོན་མི་འཇིགས་པ་དང་པདྨ་འཛིན་པ། ས་ཡི་སྙིང་པོ་སེར་པོ་གཡས་པས་ས་གནོན་དང་། གཡོན་པས་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་འཛིན་པ། ནམ་མཁའི་སྙིང་པོ་ལྗང་གུ་གཡས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ་དང་། གཡོན་པས་ཡིད་བཞིན་གྱི་ནོར་བུ་འཛིན་པ། ལྷོ་ཕྱོགས་ཀྱི་སྣམ་བུ་ལ། ནམ་མཁའ་མཛོད་སེར་པོ་གཡས་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་། གཡོན་པས་བུམ་པ་བཟང་པོ་ལ་འཕྱར་བའི་དཔག་བསམ་གྱི་ཤིང་འཛིན་པ། ཕྱག་ན་རིན་པོ་ཆེ་ལྗང་གུ་གཡས་པས་རིན་པོ་ཆེ་དང་༔ གཡོན་པས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ། བློ་གྲོས་རྒྱ་མཚོ་དཀར་པོ་གཡས་པས་དུང་དང་། གཡོན་པས་རྡོ་རྗེས་མཚན་པའི་རལ་གྲི་འཛིན་པ།


CMR020_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོ་སྔོན་པོ་གཡས་པས་རྡོ་རྗེ་དང་། གཡོན་པས་མདོ་སྡེ་ས་བཅུ་པའི་པོ་ཏི་འཛིན་པ། ནུབ་ཀྱི་སྣམ་བུ་ལ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་པདྨ་དཀར་པོ་འཛིན་པ། མཐུ་ཆེན་ཐོབ་སེར་པོ་གཡས་རལ་གྲི་དང་། གཡོན་པདྨ་འཛིན་པ། ཟླ་འོད་དཀར་པོ་གཡས་རྡོ་རྗེས་མཚན་པའི་འཁོར་ལོ་དང་། གཡོན་པས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ། དྲྭ་བ་ཅན་གྱི་འོད་དཀར་དམར་གཡས་པས་རལ་གྲི་དང་། གཡོན་པས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ། བྱང་གི་སྣམ་བུ་ལ། འོད་དཔག་མེད་དཀར་པོ་གཡས་སྣ་ཚོགས་པདྨ་དང་། གཡོན་པདྨ་ལ་གནས་པའི་བུམ་པ་འཛིན་པ། སྤོབས་པ་བརྩེགས་པ་སེར་པོ་གཡས་སེ་གོལ་དང་། གཡོན་པདྨ་ལ་གནས་པའི་རལ་གྲི་འཛིན་པ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་སེར་པོ་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཨཿདང་། གཡོན་པས་ཤའི་འཛིན་པ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་གཡས་རལ་གྲི་དང་། གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན་འཛིན་པ། བཅུ་དྲུག་


CMR020_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པའོ། །ཤར་སྒོར་མ་ཧེ་ལ་གཤིན་རྗེ་མཐར་བྱེད་སྐུ་མདོག་དང་། ཞལ་ཐམས་ཅད་ནག་པོ་ཞལ་དྲུག་ཞབས་དྲུག་པ། ཕྱག་དྲུག་གི་གཡས་པ་རྣམས་ན། ལྕགས་ཀྱུ་དང་། རལ་གྲི་དང་། མདའ་འཛིན་ཅིང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དྲིལ་བུ་དང་། གཞུ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་རྣམས་ཀྱིས་ཞགས་པ་རྡོ་རྗེ་རལ་གྲི་དང་མདའ་རྣམས་འཛིན་པ། གཡོན་པ་རྣམས་ཀྱིས་སྙིང་ཁར་ལྕགས་ཀྱུ་དང་རྡོ་རྗེ་དྲིལ་བུ་དང་མདུང་དང་གཞུ་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་འཛིན་ཅིང་། གཡོན་ལྷག་མ་རྣམས་ཀྱིས་དྲིལ་བུ་འཛིན་པ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པ། གསུམ་ཀའང་རོལ་པའི་སྟབས་ཀྱིས་


CMR020_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་བསྣམས་པའི་ཚུལ་གྱིས་དྲིལ་བུ་འཛིན་པ། གཡས་ལྷག་མ་རྣམས་ན་རལ་གྲི་དང་། མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་དྲིལ་བུ་འཛིན་པ། །གཡོན་བརྐྱང་བའི་སྟབས་ཀྱིས་ཚོགས་བདག་མནན་པ། དབང་ལྡན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྔོན་པོ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་འཛིན་ཅིང་། གཡོན་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་གཞུ་འཛིན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས། དབང་ཕྱུག་དང་ཨུ་མ་མནན་པ། མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྔོན་པོ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་ཕ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རལ་གྲི་དང་མདའ་དང་འཁོར་ལོ་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་གཞུ་དང་ཁ་ཊཾ་ག་དང་འབྲེལ་བའི་བ་དན་འཛིན་


CMR020_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡས་བརྐྱང་བའི་སྟབས་ཀྱིས་ཆུང་མ་དང་བཅས་པའི་ཁྱབ་འཇུག་མནན་པ། བདེན་བྲལ་དུ་ཧེ་རུ་ཀ་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པ། དང་པོ་གཉིས་ཀྱིས་འཇིགས་བྱེད་ཀྱི་པགས་པ་རླུང་གི་གོས་འདྲ་བ་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་དང་མདའ་དང་། ཁྲག་གིས་གང་བའི་ཐོད་པ་འཛིན་ཅིང་། གཡོན་ལྷག་མ་རྣམས་ཀྱིས་སྙིང་ཁར་པདྨ་ཁ་ཕྱེ་བ་དང་། གཞུ་དང་དྲིལ་བུ་དང་བ་དན་དང་བཅས་པའི་ཁ་ཊཾ་ག་འཛིན་པ། གཡོན་བརྐྱང་གི་སྟབས་ཀྱིས་ཆུང་མ་དང་བཅས་པའི་ཚངས་པ་མནན་པ། རླུང་དུ་རྟ་མཆོག་ལྗང་གུ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ་བ་དོན་གསུམ་པ་དང་བཅས་པའི་ཕྱག་འཚལ་བའི་ཚུལ་བྱེད་པ། གཉིས་པས་བ་དན་གསུམ་པའི་ཚུལ་བྱས་པ། གཡས་ལྷག་མ་གཉིས་ཀྱིས་རལ་གྲི་དང་མདའ་འཛིན་པ། གཡོན་དང་པོས་ཕུབ་དང་བཅས་པའི་ཕྱག་གིས་སྣ་ཚོགས་པདྨ་འཛིན་ཅིང་། ལྷག་མ་གསུམ་གྱིས་ཤཀྟི་དང་དབྱུག་པ་དང་གཞུ་རྣམས་འཛིན་པ། ཞབས་མདུན་མ་གཉིས་གཡོན་བསྐུམ་ཞིང་གཡས་བརྐྱང་བ། དབང་པོ་དང་སྦྲང་རྩི་དང་བྱེད་པ་དང་། རྒྱས་པར་བྱེད་པ་དང་། དཔྱིད་ཀྱི་


CMR020_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་མནོན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞལ་བཞི་ཕྱག་བརྒྱད་ཀྱི།་གཡས་པ་རྣམས་ཀྱིས་འཁོར་ལོ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། མདའ་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་། ཞགས་པ་དང་། བགྲང་ཕྲེང་དང་། གཞུ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་པ། འོག་ཏུ་གནོད་མཛེས་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བརྒྱད་ཀྱི། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། མདའ་འཛིན་ཅིང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་རྡོ་རྗེ་རྩེ་གཅིག་པ་དང་གཞུ་རྣམས་འཛིན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱི་ཞལ་རྣམས་རང་རང་གི་ལུས་མདོག་དང་མཚུངས་ཤིང་། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། ཐོད་པའི་ཕྲེང་བའི་ཅོད་པ༔ པན་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །


CMR020_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་དེ་ཉིད་ཀྱི་ཟུར་ཐིག་བཞིའི་ཤར་ལྷོའི་གཡས་ལོགས་སུ་རིམ་པ་བཞིན་མེ་ཏོག་མ་སེར་མོ་མེ་ཏོག་གི་སྣོད་འཛིན་པ། བདུག་སྤོས་མ་སྔོན་མོ་སྤོས་ཕོར་འཛིན་པ། མར་མེ་མ་དམར་མོ་རིན་པོ་ཆེའི་སྒྲོན་མེའི་མཆོད་སྡོང་འཛིན་པ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་འཛིན་པ། །དེ་བཞིན་དུ་མཚམས་བཞིའི་གཡོན་ལོགས་སུ་རིམ་པ་བཞིན། གཟུགས་རྡོ་རྗེ་མ་སེར་མོ་མེ་ལོང་འཛིན་པ། སྒྲ་རྡོ་རྗེ་མ་ལྗང་གུ་པི་ཝང་འཛིན་པ། རོ་རྡོ་རྗེ་མ་དམར་མོ་རོའི་སྣོད་འཛིན་པ། རེག་བྱ་རྡོ་རྗེ་མ་ལྗང་གུ་དར་སྣ་ཚོགས་འཛིན་པ། ལྷ་མོ་བརྒྱད་པོ་འདི་དག་ཀྱང་ཞལ་གཅིག་ཕྱག་གཉིས་མ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ། གཡས་པས་རྡོ་རྗེ་དང་། གཡོན་པས་ལྷ་མོའི་ནུ་མ་འཛིན་པ། ལྷོར་གཤིན་རྗེ་སྔོན་མོ་མ་ཧེ་ལ་ཞོན་པ། རྡོ་རྗེ་རྩེ་གཅིག་པ་དང་དབྱུག་པ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྦྲུལ་ཞགས་དང་དུང་དཀར་


CMR020_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ་གནས་པ། ལྕགས་ཀྱུ་དང་དབྱུག་ཏོ་འཛིན་པ། དབང་ལྡན་དུ་དབང་ལྡན་དཀར་པོ་གླང་ལ་གནས་པ་རྩེ་གསུམ་པ་དང་ཐོད་པ་འཛིན་པ། ཐོད་པའི་ཕྲེང་བ་དང་རལ་པའི་ཐོར་ཅོག་དང་ཟླ་བ་ཕྱེད་པས་དབུ་བརྒྱན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པ། མགྲིན་པ་སྔོན་པོ་ཅན། མར་མེ་ལྷ་དམར་པོ་ར་སྐྱེས་ལ་གནས་པ་བླུག་གཟར་དང་སྤྱི་བླུགས་འཛིན་པ། བདེན་བྲལ་དུ་སྲིན་པོ་ནག་པོ་རོ་ལ་གནས་པ་རལ་གྲི་དང་ཕུབ་འཛིན་པ། རླུང་དུ་རླུང་ལྷ་སྔོན་པོ་རི་དྭགས་ལ་གནས་པ་རླུང་རལ་འཛིན་པ།་བརྒྱད་ཀའང་ཕྱག་བཞི་པ། གཡས་དང་པོས་རང་རང་ཕྱག་མཚན་དང་པོ་འཛིན་ཅིང་གཡོན་དང་པོས་ཕྱག་མཚན་གཉིས་པ་དང་བཅས་པས་རང་སྣང་གི་བཙུན་མོ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །དེའི་ཕྱི་རོལ་གྱི་དབང་ལྡན་ནས་རིམ་པ་བཞིན་དུ། ཚངས་པ་སེར་པོ་ངང་པ་ལ་གནས་པ་ཞལ་བཞི་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་བགྲང་ཕྲེང་དང་པདྨ་འཛིན་པ། འོག་མ་གཉིས་ཀྱིས་དབྱུག་པ་དང་སྤྱི་བླུགས་བཟུང་ནས་ཐལ་མོ་སྦྱར་


CMR020_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཁྱབ་འཇུག་ནག་པོ་ཁྱུང་ལ་ཞོན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དུང་འཛིན་པ། འོག་མ་གཉིས་ཀྱིས་མདུང་ཐུང་དང་ས་རམ་གའི་གཞུ་འཛིན་པ་དང་། བཅས་པས་སྤྱི་བོར་ཐལ་མོ་སྦྱར་བ། དབང་ཕྱུག་ཆེན་པོ་དཀར་པོ་གླང་ལ་ཞོན་པ་རལ་པའི་ཐོར་ཅོག་ཅན། ཕྱག་དང་པོ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་རྩེ་གསུམ་དང་ཐོད་པ་འཛིན་པ། གདོང་དྲུག་དམར་པོ་རྨ་བྱ་ལ་ཞོན་པ། ཕྱག་དྲུག་གི་གཡས་གཉིས་ན་ཤཀྟི་དང་རྡོ་རྗེ་དང་། གཡོན་གཉིས་ན་ཁྱིམ་བྱ་དང་དྲིལ་བུ་འཛིན་པ། །ལྷག་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། དབང་པོ་སེར་པོ་གླང་པོ་ཆེ་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། འོག་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་ཕྱག་འཚལ་བ། འདི་དག་ཀྱང་རང་སྣང་གི་བཙུན་མོ་ལ་འཁྱུད་པ། ཚངས་མ་དང་། ཁྱབ་འཇུག་མ་དང་། དྲག་མོ་དང་། གཞོན་ནུ་མ་དང་། དབང་མོ་རྣམས་ནི་རང་རང་གི་ཡབ་དང་མཚུངས་པའོ། །ཕག་མོ་ནག་མོ་འུག་པ་ལ་ཞོན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཉ་རོ་ཧི་ཏ་དང་ཐོད་པ་


CMR020_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། འོག་མ་གཉིས་ཀྱིས་ཐལ་མོ་སྦྱར་བ། ཙ་མུན་ཏྲ་དམར་མོ་ཡི་དྭགས་ལ་ཞོན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། །འོག་མ་གཉིས་ཀྱིས་ཐལ་མོ་སྦྱར་བ། འབྲིང་གི་མ་ནག་མོ་ཤིན་དུ་སྐེམ་པ། ཕྱག་དང་པོ་གཉིས་ཀྱིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ། འོག་མ་གཉིས་ཀྱིས་ཐལ་མོ་སྦྱར་བ། ཚོགས་བདག་དཀར་པོ་བྱི་བ་ལ་ཞོན་པ། གླང་པོ་ཆེའི་གདོང་པ་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་བྱས་པ། གཡས་གཉིས་ཀྱིས་རྩེ་གསུམ་དང་ལ་དུ། གཡོན་གཉིས་ཀྱིས་དགྲ་སྣ་དང་ལ་ཕུག་འཛིན་པ། ནག་པོ་ཆེན་པོ་ནག་པོ་རྩེ་གསུམ་དང་ཐོད་པ་འཛིན་པ། དགའ་བྱེད་དབང་ཕྱུག་ནག་པོ་རྫ་རྔ་ལ་ཞོན་པ། རྫ་རྔ་བརྡུང་བ་ལ་བརྩོན་པ། ཉི་མ་དམར་པོ་རྟ་བདུན་གྱིས་འདྲེན་པའི་ཤི་རྟ་ལ་ཞོན་པ། ཕྱག་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་འཛིན་པ། ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཕྱག་གཉིས་ཀྱིས་ཟླ་བའི་དཀྱིལ་འཁོར་འཛིན་པ། །མིག་དམར་དམར་པོ་ར་ལ་ཞོན་པ། གཡས་གྲི་གུག་དང་གཡོན་པས་མི་མགོ་ཟ་བའི་ཚུལ་གྱིས་འཛིན་པ། ལག་པ་སེར་པོ་པདྨ་ལ་གནས་པ་ལ་མདའ་དང་གཞུ་འཛིན་པ། ཕུར་


CMR020_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དཀར་པོ་སྤྲུལ་པ་ལ་ཞོན་པ། ཕྲེང་བ་དང་སྤྱི་བླུགས་འཛིན་པ། པ་ཝ་སངས་དཀར་པོ་པདྨ་ལ་གནས་པ་ཕྲེང་བ་དང་སྤྱི་བླུགས་འཛིན་པ། སྤེན་པ་ནག་པོ་རུས་སྦལ་ལ་གནས་པ་དབྱུག་པ་འཛིན་པ། སྒྲ་གཅན་དམར་ནག་ཕྱག་གཉིས་ཀྱིས་ཉི་མ་དང་ཟླ་བ་འཛིན་པ། མཇུག་རིང་ནག་པོ་རལ་གྲི་དང་སྦྲུལ་ཞགས་འཛིན་པ། སྟོབས་བཟང་དཀར་པོ་གླང་པོ་ཆེ་ལ་གནས་པ། རལ་གྲི་དང་གཤོལ་འཛིན་པ། རྒྱལ་བར་བྱེད་པ་ལྗང་གུ་བྱ་ཀོ་ཀ་ལའི་ཤིང་རྟ་ལ་ཞོན་པ། ཕྱག་བཞིའི་གཡས་པ་གཉིས་ན་མེ་ཏོག་གི་ཕྲེང་བ་དང་མདའ། །གཡོན་པ་གཉིས་ཀྱིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྦྲང་རྩི་བྱེད་པ་དཀར་པོ་ནེ་ཙོའི་ཤིང་རྟ་ལ་གནས་པ། ཕྱག་བཞིའི་གཡས་གཉིས་ན་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ། གཡོན་གཉིས་ན་བཏུང་བའི་སྣོད་དང་གཞུ་འཛིན་པ། དཔྱིད་ཀྱི་ལྷ་དཀར་པོ་སྤྲེའུ་ལ་གནས་པ་ཕྱག་བཞིའི་གཡས་གཉིས་ཀྱིས་མདའ་དང་རལ་གྲི། གཡོན་གཉིས་ཀྱིས་བཏུང་བའི་སྣོད་དང་གཞུ་འཛིན་པ། ཀླུ་མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། །


CMR020_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྡན་རྣམས་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་པ། ཐལ་མོ་སྦྱར་བ། ཐགས་བཟང་རིས་དང་། སྟོབས་ལྡན་དང་། ཚིམ་བྱེད་དང་། །རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་རྣམས། མདོག་ནག་པོ་གཡུལ་འགྱེད་པའི་གོ་ཆ་སྣ་ཚོགས་གྱོན་པ། རལ་གྲི་དང་ཕུབ་ལ་སོགས་པ་མཚོན་ཆ་སྣ་ཚོགས་འཛིན་པ། ནམ་མཁའ་ལྡིང་གི་དབང་པོ་གཤོག་པ་བརྐྱང་བ། པུས་མོའི་བར་དུ་དཀར་པོ། དེའི་སྟེང་ནས་ལྟེ་བའི་བར་དུ་སེར་པོ། དེའི་སྟེང་ནས་མགྲིན་པའི་བར་དུ་དམར་པོ། དེའི་སྟེང་ནས་མགོའི་བར་དུ་ནག་པོ། ཕྱག་གཉིས་ཐལ་མོ་སྦྱར་བ། མིའམ་ཅིའི་རྒྱལ་པོ་ལྗོན་པ་དམར་སེར། ཕྱག་གཉིས་ཀྱིས་པི་ཝཾ་གི་སྒྲ་སྒྲོགས་པ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སེར་པོ། ཕྱག་གཉིས་ཀྱིས་པི་ཝཾ་གི་སྒྲ་སྒྲོགས་པ། རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པ་དཀར་པོ། མེ་ཏོག་གི་ཕྲེང་བ་འཛིན་པ། གང་བ་བཟང་པོ་སྔོན་པོ། ནོར་བུ་བཟང་པོ་སེར་པོ། ནོར་སྦྱིན་དམར་པོ། རྣམ་ཐོས་བུ་སེར་པོ། པི་ཅི་ཀུཎྜ་ལི་དམར་པོ། ཀི་ལི་མི་ལི་ལྗང་ཁུ། སྒོའི་དབང་པོ་སེར་པོ། སྦྱོར་བའི་


CMR020_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་སེར་པོ་སྟེ། གནོད་སྦྱིན་འདི་དག་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྣམས་ཀྱིས་ཤིང་ཏོག་བི་ཛི་པཱུ་ར་ཀ་དང་། གཡོན་རྣམས་ཀྱིས་ནེའུ་ལེ་འཛིན་པ། འཕྲོག་མ་་སེར་མོ་ཕྱག་གཉིས་ཀྱིས་ཟན་ཀྱི་ཆངས་བུ་གཉིས་འཛིན་པ་བུ་དང་བཅས་པ། ཐ་སྐར་དཀར་པོ། བྲ་ཉེ་ལྗང་གུ། སྨིན་དྲུག་སྔོ་བསངས། སྣར་མ་དམར་སྐྱ། མགོ་ནག་པོ། །ལག་སེར་པོ། ནབས་སོ་སེར་པོ། རྒྱལ་སྔོ་བསངས། སྐག་དཀར་པོ། མཆུ་སེར་པོ། གྲེ་ལྗང་སེར། དབོ་ལྗང་ཁུ། མེ་བཞི་དཀར་པོ། ནག་པ་ལྗང་ཁུ། ས་རི་སེར་པོ། ས་ག་ནག་པོ། ལྷ་མཚམས་ལྗང་ཁུ། སྔོན་སེར་པོ། སྣུབས་སེར་པོ། ཆུ་སྟོད་ནག་པོ། ཆུ་སྨད་དཀར་པོ། གྲོ་ཞུན་དཀར་སེར། མོན་གྲེ་ནག་པོ། མོན་གྲུ་སེར་པོ། ཁྲུམས་སྟོད་ལྗང་གུ། ཁྲུམས་སྨད་སེར་པོ། ནམ་གྲུ་དཀར་སེར། བྱི་བཞིན་སྔོ་བསངས་ཏེ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་ལྷ་མོའི་གཟུགས་ཅན། །སྟོད་གཡོགས་དང་བཅས་པ་ཐལ་མོ་སྦྱར་བ། ལྷ་རྣམས་ནི་ཤིང་རྟ་ལ་གནས་པ། དབང་པོ་ལ་སོགས་པའི་ལྷ་དེ་རྣམས་ནི་པདྨ་ལ་གནས་པ། རེ་རེ་ལ་ཡང་འཁོར་དཔག་ཏུ་མེད་


CMR020_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐོར་བ། རིན་པོ་ཆེ་དང་གོས་སྣ་ཚོགས་པས་བརྒྱན་པ། དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་ཕྱོགས་ཐམས་ཅད་དུ་སྒྲོགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དམར་སེར་ལྕགས་ཀྱུ་འཛིན་པ། གཡས་བརྐྱངས་ཀྱི་སྟབས་ཀྱིས་བཞུགས་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། ས་གའི་སྟབས་ཀྱིས་བཞུགས་པ། བྱང་དུ་རྡོ་རྗེ་འབེབས་པ་ལྗང་གུ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། ཟླུམ་པོའི་སྟབས་ཀྱིས་བཞུགས་པ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། དབུ་སྐུ་དམར་སེར་གྱེན་དུ་བརྫེས་པ། སྨ་ར་དམར་སེར་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །རིགས་བདག་རྡོ་རྗེ་སེམས་དཔའ། སྙིང་པོ་ནི། ཨོཾ་ཨཱཿཿ སརྦ་ཏ་ཐཱ་ག་ཏ་ཧྲིད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧཱུྃ༔ བྷ་ག་ཝན། ཛྙཱ་ན་མུརྟི། ཝ་གཱི་ཤྭ་རི། མ་ཧཱ་པ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ། པ་རི་ཤུདྡྷ་དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿཿ


CMR020_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྔགས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་བིགྷ་ནཱན་ཏ་ཀ་ཧཱུྃ་ཕཊ། ས་བོན་ནི་ཧཱུྃ། ༈ བུམ་པ་གཉིས་ལ་བསང་ཆུ་གཏོར་ནས། ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། ཧཱུཾ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས། ལྟོ་བ་ཡངས་ཤིང་རྒྱ་ཆེ་བ། མགྲིན་པ་རིང་བ་མཆུ་འཕྱང་བ། ལྷ་རྫས་གོས་ཀྱིས་མགྲིན་པ་བཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྔ་ཕྲག་ལྔའི་རྫས་དང་། ཡན་ལག་བརྒྱད་ལྡན་ཆུ་ཡིས་སུམ་གཉིས་གང་བར་གྱུར། ཨོཾ་ཏཔེ་ཏཔེ་མ་ཧཱ་ཏཔེ་སྭཱ་ཧཱ། ལན་གསུམ་བརྗོད་པ་དང་། ལྷའི་ཆུ་བོ་གང་གཱ་ནས་ཆུ་རྒྱུན་བབས་པས། བུམ་པའི་ནང་གི་ཆུ་ལ་ཐིམ་པས་འདྲེས་པའི་དབུས་སུ། གཙོ་འཁོར་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་དང་། ཞི་བ་རྣམས་ལ་ཟླ་བ་དང་། ཁྲོ་བོ་རྣམས་ལ་ཉི་མའི་གདན་རྣམས་ཀྱི་སྟེང་དུ། སྐད་ཅིག་གིས་ཆེའི་ལྷ་ཚོགས་ཞལ་ཕྱག་རྒྱུན་ཆ་ལུགས་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་དང་། ལས་བུམ་དུ། བགེགས་མཐར་བྱེད་དང་བདུད་རྩི་འཁྱིལ་པ། ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་དང་ལྡན་པ་མངོན་སུམ་དུ་གསལ་བར་གྱུར། རང་གི་


CMR020_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེའི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་དཀྱིལ་འཁོར་ལས་ཐམས་ཅད་པའི་ལྷ་དང་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ར་ཧྲིཔྲ་ཝཱ་ཀ་ར་སཏྟ་ར། པཱརྱཾ༴ པྲཀཱ་ཎཱཾ༴ ཨརྒྷཾ༴ པུཥཱ་སོགས། པྲ་ཏིཙྪ་ཡེ་སྭཱ་ཧཱ། ནམ་མཁར་བཏེག་པའི་སྟ་གོན་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་རས་བྲིས་དམ་ཚིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སོ་སོ་ལ་དབྱེར་མེད་དུ་ཐིམ། ཛཿཧཱུྃ་བཾ་ཧོཿ ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲིཔྲ་ཝ་སོགས། གོང་ལྟར་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་སྐུར་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་


CMR020_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིགས་བདག་དང་། འཁོར་རྣམས་ལ་གཙོ་བོ་རང་ཉིད་ཀྱིས་དབུར་བརྒྱན། དེ་ནས་རང་གི་སྙིང་ཁར། ཞི་བ་ལ་ཟླ་བའི། ཁྲོ་བོ་ལ་ཉི་མའི། དཀྱིལ་འཁོར་གྱི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཕྱག་མཚན་ལ་ཟླ་བའི་སྟེང་དུ་ས་བོན་གྱིས་མཚན་པ། དེ་ལས་སྒྲོའི་ལྷ་ཚོགས་དང་། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། །བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས། སྐལ་པ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པ། གཞན་ལ་ཕན་པ་རྣམས་མཛད་དེ། བསོད་ནམས་ཀྱི་ཚོགས་ཐམས་ཅད་མཐར་ཕྱིན་པ་ལ་བཞག་ཅིང་། སླར་འདུས་ནས་བདག་ཉིད་ལ་ཐིམ། ཞེས་སྙིང་པོ་གང་ཡིན་ཅི་ནུས་བཟླས་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་


CMR020_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་སྙིང་པོ་བརྒྱ་རྩ་ལས་མི་ཉུང་བར་ཅི་ནུས་བཟླ། ལས་བུམ་ལ་དམིགས་ནས་ལས་སྔགས་ཅི་ནུས་བཟླས། ཨོཾབཛྲ་ཨུད་ད་ཀ་ཧཱུྃ། ཅི་འགྲུབ་བཟླས་ཤིང་། ཧཱུྃ་བདུན་སྔགས་པའི་མེ་ཏོག་བུམ་པ་གཉིས་སུ་བླུག །ཨོཾ་ཨཱཿཿཧཱུྃ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའམ། དཀྱིལ་འཁོར་གཅིག་ལས་མི་བསྐུར་བ་ཡིན་ན་གཙོ་བོ་རྐྱང་པའི་སྐུར་གྱུར་པ། དེ་ཉིད་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་ནས། མདུན་བུམ་ལ་མཆོད་བསྟོད་དང་། བདག་འཇུག་དང་གཞན་ལ་དབང་བྱེད་པ་རྣམས་གསལ་བར་གྱུར། འདིར་མཆོད་པ་ཁ་གསོ་དང་མཆོད་པ་བྱིན་རླབས་སྔར་ལྟར་གྲུབ་ན་ལེགས། དེ་ནས་མཆོད་ཡུལ་ཁྱད་པར་བ་རྣམས་སྤྱན་དྲངས་པའི་ཕྱིར། རང་གི་ཐུགས་ཀ་ནས་འོད་ཟེར་


CMR020_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས། རང་བཞིན་གྱི་གནས་ནས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ནམ་མཁར་མཆོད་པའི་ཡུལ་དུ་ཨོཾ་བཛྲ་ས་མཱ་ཛཿ སྤྲོ་ན། རབ་འབྱམས་རྒྱ་མཚོ་མ། ཁ་དོག་དབྱིབས་ལེགས་མ། །རྒྱལ་སྲིད་སྣ་བདུན། སྒེག་སོགས་བརྒྱད། ངོ་མཚར་མཆོད་པ་བཅོ་བརྒྱད་རྣམས་ཀུན་རིག་ལྟར་མཆོད། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་གསུངས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་བསྟོད། མཉམ་མེད་མི་གཡོ་མས་བསྟོད། བསྡུ་ན། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རང་། །རོལ་མོས་མདུན་བུམ་ལྷ་ཚོགས་རྣམས་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་འདིར་ལྷ་སོ་སོའི་མཚན་སྔགས་སྦྱར་གྲུབ་ན་ལེགས། ཨོཾ་ཧྲིཔྲ་ཝ་ར་སཏྟ་ར་པྲཀཱ་ཏྱཾ། པཱཧུཾ༴ ཨཧཱུྃ་པུལླེ་སོགས། པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བྷུདྡྷ་ཀྵེ་ཊ་པ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་ན་ཏ་སཾ་བྷ་ཝེ། བཛྲ་དྷརྨ་ཧྲི་དྷ་ཡ་སན་ཏོ་


CMR020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། རོལ་མོ་བྱ། བསྟོད་པ་ནི། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟེན་པའི་ས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །བསྟོད་པར་འོས་པ་སོགས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་སོགས། དུང་ཆོས་ཀྱི་ཆུ་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། ལས་བུམ་གྱི་ཆུ་ཀུ་ཤས་གཏོར་ཞིང་སྔགས་བརྗོད་དེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་བར། དེ་


CMR020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ནས་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཆ་གསུམ་བཤམས་ལ། ཆ་གསུམ་ཆོ་ག་རྒྱས་བསྡུས་གང་རུང་གིས་ཕུལ། ཉེ་རེག་བྱས། ཧཱུྃ་མཛད་ཀྱི་ཕྱག་རྒྱ་འདྲིལ་ཤིང་། ཨོཾ་བཛྲ་གྷ་ཏྲ་ས་མ་ཡེ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་སྒོ་ཕྱེས་པར་བསམ། རང་གི་ལག་ཏུ་མེ་ཏོག་ཐོགས་ལ། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ། སུ་ལ་ལི་ཏ། བི་ལཱ་སི་ན་མ་ཏི། ན་མ་ཏེ། ན་མཱ་མི་བྷ་ག་ཝ་ཝཱནྟཾ་ཛཿཧཱུྃ་བཾ་ཧོཿ ཧི་ཧི་ཧི་ཧི་ཧི། པྲ་ཏིཙྪ་ཀུ་སུ་མ་ཨཉྩ་ལི་ན་ཐ་ཧོ། མེ་ཏོག་དེ་སླར་བླངས་ནས་སྤྱི་བོར་དབང་བསྐུར་བར་བསམ། དེ་ནས་བདག་འཇུག་བླང་སྟེ། མཇུག་ཏུ་བདེན་སྟོབས་བརྗོད་མི་དགོས་སོ། །དེ་ནས་གཞན་ལ་དབང་བསྐུར་བ་ཚར་ནས། ༈ དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་རླབས། དཀྱིལ་འཁོར་སོ་སོའི་མཚན་སྔགས་སྔོན་དུ་འགྲོ་ནས། ཤདྡའི་བར། དྷརྨ་ར་ཎིའི་རོལ་ཆེན་དང་སོ་སོའི་བསྟོད་པ་ཤོ་ལོ་ཀ་དང་། བསྟོད་པར་འོས་པ་སོགས། ཐལ་མོ་སྦྱར་ཏེ་ཡིད་མ་ཡེངས་པར། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་


CMR020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཡང་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་དང་བྲལ་ཞིང་། ཚམཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་བརྒྱུད་པར་བཅས་པ་ཐམས་ཅད་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་རྒྱུད་ལ་ལྡན་པ་དང་ནམ་ཡང་མི་འབྲལ་ཞིང་། རིམ་པ་གཉིས་དང་མཚན་བཅས་དང་མཚན་མེད་རྣམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་བདག་ལ་འབྲེལ་ཐོགས་ཐམས་ཅད་ནམ་ཞིག་འདི་ནས་ཚེ་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས། ལུས་རྟེན་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་བྱིན་གྱིས་བརླབ་ཏུ་གསོལ། མ་འབྱོར་པ་དང་ཉམས་པ་སོགས། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཡིག་བརྒྱ་ཚར་གསུམ། ལྷ་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་རྟེན་འདི་རྣམས་ལ། ཇི་སྲིད་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། དེས་ན་རང་ཉིད་གཙོ་བོ་གང་ཡིན་གྱི་ཐུགས་ཀའི་ས་བོན་ལས་འོད་


CMR020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཕོག །སྲུང་བའི་འཁོར་ལོ་འོད་ཟེར་གྱི་རྣམ་པར་བྱས་ཏེ། གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ། དེ་ཡང་འོད་ཟེར་གྱི་རྣམ་པར་བྱས་ཏེ་འཁོར་གྱི་ལྷ་རྣམས་ལ་ཐིམ། དེ་ཡང་རིམ་གྱིས་འོད་ཟེར་གྱི་རྣམ་པར་བྱས་ཏེ། རང་དཀྱིལ་འཁོར་གཙོ་བོའི་རྣམ་པར་གནས་པ་ལ་ཐིམ་པས་དེ་དང་དེའི་སྐུར་གྱུར་པའི་མོས་པ་བྱའོ། །རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་སོགས། རྡོ་དྲིལ་འཛིན་ཅིང་མེ་ཏོག་འཐོར་ལ། ཕུན་སུམ་ཚོགས་པ་སོགས། བཀྲ་ཤིས་རྒྱས་པར་བརྗོད། དེ་ལྟར་རྣལ་འབྱོར་རྒྱུད་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ་འདི་ནི། བླ་མ་ཀརྨ་ཕྲིན་ལས་པས་ནན་གྱིས་བསྐུལ་བའི་ཕྱིར། ཤཱཀྱའི་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེ་པ་བྱས་ཏེ། རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ལ་འགའ་འཁྲུལ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས་ཤིང་། དགེ་བས་འབྲེལ་པ་ཐོགས་ཚད་ཚེ་དང་བསོད་ནམས་ཉམས་རྟོགས་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་


CMR020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞིག་འདི་ནས་ཚེ་འཕོས་མ་ཐག་ཏུ། བདེ་བ་ཅན་གྱི་ཞིང་ཁམས་སུ་མེ་ཏོག་པདྨ་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །གསུང་གི་གདམ་པ་ནོད་ཅིང་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་གྱུར་ཅིག །རང་དོན་མཐར་ཕྱིན་ནས་འབད་མེད་ལྷུན་གྲུབ་ཀྱིས་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་རྒྱ་ཆེན་པོ་རྒྱུན་མི་ཆད་པར་འབྱུང་བར་གྱུར་ཅིག། །། དགེའོ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR020_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་སྒྲུབ་ཁྱེར་བདེར་བཀོད་པ།next